ཀྲུང་གོའི་བོད་ལྗོངས་དྲ་བ།>སློབ་གསོ།

ད་ལྟའི་བོད་ཀྱི་མིང་མཛོད་ཀྱི་རྣམ་གྲངས་དང་སྒྲིག་སྟངས་ཀྱིས་ཀློག་པ་པོའི་རེ་འདོད་སྐོང་དཀའ།

2015-03-18 ཁྲག་འཐུང་།

   མིང་མཛོད་ཅེས་པ་ནི་མིང་གི་གྲངས་ཀ་ཚད་དུ་ལོང་བ་ཞིག་ཕྱོགས་གཅིག་ཏུ་བསྡུས་ཏེ་ཀློག་པ་པོར་ལྟ་ཀློག་གི་མཐུན་རྐྱེན་སྐྲུན་མཁན་ཞིག་སྟེ། མིང་མཛོད་རིག་པའི་ལོ་རྒྱུས་ལ་གཞིགས་ཚེ། སྐད་ཡིག་སོ་སོར་ཡུལ་དུས་ཀྱི་འཁོས་དང་བསྟུན་པའི་མིང་མཛོད་རེ་ཡོད་པར། ཕྱིས་སུ་དེང་རབས་མིང་མཛོད་རིག་པའི་རིག་ཚན་གསར་དུ་བྱུང་སྟེ་མིང་མཛོད་ཀྱི་ནང་དོན་དང་སྒྲིག་སྟངས་སོགས་ཚན་ལྡན་དུ་བཏང་ཡོད། བོད་ལའང་དག་ཡིག་དང་ཚིག་མཛོད། ཚིག་གཏེར་སོགས་མིང་དུ་བཏགས་པ་ཐ་དད་ཀྱང་དགྲོལ་བྱ་ཕལ་ཆེར་གཅིག་ཏུ་ཁེལ་བའི་མིང་མཛོད་མང་ཙམ་བྱུང་ཏེ་བབ་དང་མཐུན་པའི་དགོས་པ་ཅི་ལྕོགས་ཀྱིས་བསྐངས་ཀྱང་། ད་ལྟའི་སྐབས་འདིར་མིང་མཛོད་ཀྱི་རྣམ་གྲངས་དང་སྒྲིག་སྟངས་སོགས་སྔ་མའི་ལུགས་རྐྱང་དུ་བྱས་ན་ཀློག་པ་པོའི་རེ་འདོད་སྐོང་དཀའ་ཞིང་། རིག་གནས་དར་རྒྱས་སུ་གཏོང་བ་ལ་རྔོ་མི་ཐོགས་པས། དེང་རབས་མིང་མཛོད་རིག་པའི་ཐབས་ལམ་གཞི་རུ་བཞག་ཏེ་བོད་ཡིག་གི་མིང་མཛོད་གསར་དུ་སྒྲིག་པའི་དགོས་པ་ཤིན་ཏུ་ཆེ།  སྐབས་འདིའི་དམིགས་བྱའང་དེ་ག་ལས་མ་མཆིས་ཏེ། དེང་རབས་མིང་མཛོད་རིག་པའི་མཐོང་སྣེ་གསར་བ་ནས་བོད་ཡིག་གི་མིང་མཛོད་ལ་ཉེ་བར་མཁོ་བའི་འགག་དོན་རྣམས་མཐར་ཆགས་སུ་ངོ་སྤྲད་དོ། །
   དང་པོ། མིང་མཛོད་ཀྱི་མིང་གི་འདོགས་སྟངས།
   སྔ་རབས་པའི་ལུགས་སུ། ཐ་སྙད་ཀྱི་ཕུང་བོ་ཕྱོགས་གཅིག་ཏུ་སྤུང་སྟེ་གསལ་པོར་འགྲེལ་བའི་བདག་ཉིད་ཅན་ལ་དག་ཡིག་དང་ཚིག་མཛོད། ཚིག་གཏེར་སོགས་ཀྱི་མིང་བཏགས་ལ། སྐབས་དེ་དག་ཏུ་མིང་མཛོད་ཀྱི་དགྲོལ་བྱ་དང་འགྲེལ་བྱེད་ཕན་ཚུན་མཐུན་པར་སྦྱར་ཏེ་དོན་ལེགས་པར་བསྟན་ཡང་།  དེང་ཆར་རིག་གནས་སྣ་མང་དུ་རྒྱས་ཏེ་དགྲོལ་བྱ་ཇེ་ཞིབ་ཏུ་སོང་ཞིང་མིང་མཛོད་ཀྱི་རྣམ་གྲངས་མང་དུ་བྱུང་ཙ་ན། སྔ་མའི་ལུགས་ལྟར་ཚིག་མཛོད་དང་ཚིག་གཏེར་ཞེས་སྤྱི་ལ་ཁྱབ་པའི་མིང་ཙམ་བཏགས་པ་ཡིས་བྱེ་བྲག་གི་དགྲོལ་བྱ་སོ་སོར་འགྲེལ་དུ་མི་བཏུབ་ཅིང་།  ད་ལྟའི་སྐབས་བསྟུན་གྱིས་ཚོགས་གསུམ་ལ་དབྱེ་བ་ཞིབ་ཏུ་མ་ཕྱེས་ཚེ་སྐད་ཆའི་སྦྱོར་བ་ཡང་དག་པར་བློ་ངོར་མི་ཤོང་བས་ཞིབ་ཏུ་རིགས་དགར་དགོས་སོ། །
   བོད་སྐད་དུ་མིང་མཛོད་ལ་མིང་གི་འདོགས་སྟངས་མི་འདྲ་བ་བྱུང་དོན་ནི་ཚོགས་གསུམ་ལ་ངོས་འཛིན་ལུགས་མ་འདྲ་བས་ཡིན་། བཞེད་ཚུལ་གྲགས་ཆེ་བ་འགའ་འདྲེན་པར་བྱ་སྟེ། མཁས་འཇུག་ཏུ། “དངོས་སུ་བརྗོད་འདོད་མི་སྟོན་ཅིང་། །བརྗོད་པ་ཀུན་གྱི་གཞིར་གྱུར་པ། །དེ་ནི་ཡི་གེ་ལ་གོ་ཞིང་། ཡི་གེ་འདུས་པའི་བདག་ཉིད་ཅན། །དོན་གྱི་ངོ་བོ་བརྡ་སྤྲོད་པ། །དེ་ནི་མིང་ཡིན་ཞེས་པ་དང་། དེའི་ཁྱད་པར་དག །སྟོན་པ་ཚིག་ཅེས་རབ་ཏུ་བཤད། །དེ་དག་ཕན་ཚུན་སྦྱར་བ་ལས། །བརྗོད་འདོད་གསལ་བར་སྟོན་ཏེ་ངག །”[i] ཅེས་ཡི་གེ་དང་མིང་། ཚིག ངག་བཅས་བསྟན་ཞིང་། མུ་ཏིག་ཕྲེང་མཛེས་སུ། “གང་ཞིག་ཡི་གེ་གཉིས་སམ་མང་པོ་འདུས་པའང་རུང་དོན་གྱི་ངོ་བོ་ཙམ་སྟོན་པའི་སྒྲ་ནི་མིང་ཡིན་ཞིང་། མིང་དེ་ཉིད་རྣམ་དབྱེའམ་ཕྲད་གང་རུང་དང་ལྡན་པས་དོན་གྱི་ཁྱད་པར་སྟོན་པར་བྱེད་པ་རྣམས་ནི་ཚིག་དང་། ཚིག་མང་པོ་སྦྲེལ་ནས་དོན་དང་ལྡན་པའི་ངག་གི་ཕྲེང་བར་གྲུབ་པ་ནི་བརྗོད་པ་ཞེས་བྱའོ་”[ii]ཞེས་ཡི་གེ་དང་མིང་། ཚིག བརྗོད་པ་བཞིར་དགར་ཞིང་། ཚོགས་གསུམ་གསལ་བར། “ཡི་གེ་གཉིས་སམ་གསུམ་འདུས་པའི། །དོན་གྱི་ངོ་བོ་རྗོད་བྱེད་པ། །མིང་ཡིན་དོན་ལ་གཞོལ་ཕྱིར། །ཞེས་དང་། མིང་གཉིས་སམ་ནི་མང་པོ་ཡིས། །དོན་གྱི་ཁྱད་པར་བརྗོད་བྱེད་པ། །དམ་ཆོས་མངོན་པར་གསུངས་པ་ཡི། །ཚིག་ཡིན་ཡི་གེ་འདུས་པ་ཉིད། །”[iii] ཅེས་ཡི་གེ་དང་མིང་། ཚིག་གསུམ་བསྟན་ཡོད་པ་བཅས་ནི་སྔར་གྱི་བསྟན་བཅོས་རྣམས་ལས་བཞེད་ཚུལ་མི་འདྲ་བ་འགངས་ཆེན་གསུམ་སྟེ། ཕྱིས་ཀྱི་མཁས་པ་ཕལ་མོ་ཆེ་ལུགས་འདི་གསུམ་གྱི་རྗེས་སུ་འབྲངས་ནས་ཚོགས་གསུམ་ལ་འགྲེལ་བཏབ་ཡོད་ཅིང་། འགྲེལ་ཚུལ་ཐ་དད་དུ་བྱས་པ་ལས་ཚོགས་གསུམ་གྱི་རྩ་སྒྲོམ་ལ་འགྱུར་བ་ཆེར་བཏང་མེད། ཡིན་ནའང་སྐད་ཀྱི་འགྱུར་བ་དང་བརྡ་སྤྲོད་ཀྱི་གཞུང་འཐུས་ཚང་དུ་སོང་བ་དང་སྦྲགས། གོང་གི་བཞེད་ཚུལ་རྣམས་དང་ཐ་དད་པའི་ངོས་འཛིན་ལུགས་ཤིག་བྱུང་བ་ནི་བོད་ཀྱི་བརྡ་སྤྲོད་སྤྱི་རྣམ་རིག་འཕྲུལ་སྣང་མཛོད་དུ་མིང་དང་མིང་ཚོགས། ཚིག ཚིག་ཚོགས་[iv]བཅས་སྡེ་ཚན་བཞི་རུ་ཕྱེས་ནས་སྐད་ཆའི་སྦྱོར་བ་ཞིབ་ཏུ་བསེད་པ་ཉིད་དོ། །
   སྔ་མའི་བཞེད་ཚུལ་གཙོ་གྲས་དག་གཤིབ་བསྡུར་བྱས་ཚེ། མིང་ཚིག་གི་མཚན་ཉིད་དང་མཚན་གཞི་འཇོག་ལུགས་ལ་བྱེ་བྲག་གི་ཁྱད་པར་ཡོད་ཀྱང་དེ་དག་ཡོངས་ཀྱིས་དོན་གྱི་ངོ་བོ་དང་ཁྱད་པར་སྟོན་མིན་རྩ་བར་བཟུང་ཏེ་མཚན་ཉིད་རིག་པའི་འགྲེལ་ལུགས་ནས་ཚོགས་གསུམ་ལ་རིགས་ཕྱེས་པ་ལས་སྐད་ཆའི་སྦྱོར་བའི་བརྡ་སྤྲོད་ཀྱི་གྲུབ་ཚུལ་ལ་དམིགས་ཆེར་གཏད་མི་འདུག ད་ལྟའི་བོད་སྐད་ཀྱི་སྦྱོར་བར་མིང་ཡིན་ན་དོན་གྱི་ངོ་བོ་ཙམ་སྟོན་པས་མི་ཁྱབ་ལ། ཁྱད་པར་མི་སྟོན་པས་ཀྱང་མ་ཁྱབ། དོན་གྱི་ཁྱད་པར་བསྟན་པ་ཙམ་གྱིས་ཚིག་ཏུ་མི་འགྱུར་ཞིང་། རྣམ་དབྱེ་སྦྱོར་མིན་དང་ཡིག་འབྲུའི་མང་ཉུང་ལ་བལྟས་པ་ཙམ་གྱིས་དེ་བས་ཀྱང་སོ་སོར་དབྱེ་དཀའ་ལ། སྒོས་སུ་སྐད་ཆའི་སྦྱོར་བ་ཚོགས་གསུམ་ཙམ་དུ་ཕྱེས་བས་བརྡ་སྤྲོད་ཀྱི་གྲུབ་ཚུལ་དང་ཐ་སྙད་ཀྱི་སྦྱོར་བ་ཞིབ་ཏུ་འགྲེལ་མི་ནུས་པས། བོད་ཀྱི་བརྡ་སྤྲོད་སྤྱི་རྣམ་རིག་འཕྲུལ་སྣང་མཛོད་ཀྱི་དགར་སྟངས་ལྟར་གསར་དུ་འགྲེལ་ཚེ་དེང་རབས་སྐད་བརྡ་རིག་པའི་འགྲེལ་ཚུལ་ལ་མཐུན་ཁར།  སྐད་ཆའི་སྦྱོར་བའི་རིགས་ཞིབ་ཅིང་མཚན་ཉིད་ཀྱི་ཁྱད་པར་གསལ་ལ། ཐུན་མོང་གི་གྲགས་སྲོལ་ལའང་མཐུན་ནོ། །[v]ཚུལ་འདིའི་གབ་པ་མངོན་པར་ཕྱུང་ཚེ་བོད་སྐད་ལ་མིང་མཛོད་དང་ཚིག་མཛོད་ཀྱི་དབྱེ་བ་དགར་འོས་པའང་རྟོགས་ཏེ། སྔར་གྱི་ཚིག་མཛོད་དང་ཚིག་གཏེར་དུ་གྲགས་པ་ཕལ་མོ་ཆེ་དོན་ལ་མིང་མཛོད་ལས་མ་འདས་ལ། དེ་དག་གི་དགྲོལ་བྱ་ནི་མིང་ཁོ་ན་ལས་ཚིག་མ་ཡིན། གལ་སྲིད་དགྲོལ་བྱ་མིང་དང་ཚིག་གཉིས་ཀ་ལ་ཚིག་མཛོད་ཅེས་བཏགས་ཚེ། མིང་དང་ཚིག་གི་རྣམ་གཞག་ལ་འཁྲུལ་ཆ་འབྱུང་ཞིང་དགྲོལ་བྱ་མངོན་པར་མི་གསལ་བའི་སྐྱོན་འབྱུང་ངོ་། །རྒྱ་སྐད་ལ་མིང་མཛོད་ཀྱི་དབྱེ་བ་ཤིན་ཏུ་གསལ་སྟེ། དགྲོལ་བྱ་ཡི་གེ་དང་མིང་། ཚིག་བཅས་ལ字典དང་། 词典 句典ཞེས་ཁ་གཏད་ཀྱི་མིང་རེ་ཡོད་ཅིང་། དབྱིན་ཡིག་དུ་Dictionaryཞེས་པ་དགྲོལ་བྱ་ཡོངས་ལ་ཁྱབ་སྟེ། ཐ་སྙད་དེའི་ངོ་བོར་མིང་དང་ཚིག་སོགས་ཀྱི་དགྲོལ་བྱའི་ཁྱད་པར་མ་གྲུབ་པས་ཀུན་དོན་གཅིག་ཆོད་དུ་སྤྱད་ཀྱང་སྐྱོན་དུ་མི་འགྱུར། ཡིན་ནའང་བོད་སྐད་ལ་ཚིག་མཛོད་དང་ཚིག་གཏེར་སོགས་ཀྱིས་དགྲོལ་བྱ་ཡོངས་ལ་འཇུག་པར་བྱས་ཚེ་དོན་ལ་འཁྲུལ་ནོར་ཆེ་ཞིང་དམིགས་སུ་མ་བཟུང་བས། དགྲོལ་བྱ་མིང་དང་མིང་གི་ཚོགས་པ་བྱས་པ་ལ་མིང་མཛོད་དང་།[vi] དཔེ་ཆོས་དང་གཏམ་དཔེ་ལྟ་བུའི་ཚིག་གི་མཛོད་ལ་ཚིག་མཛོད་དང་ཚིག་གཏེར་དུ་བཏགས་ན་གསལ་ཆ་དོད་ཅིང་གནད་དུ་ཁེལ་ལོ། །
   གཉིས་པ། མིང་མཛོད་ཀྱི་དབྱེ་བ།
   དེང་རབས་མིང་མཛོད་རིག་པའི་ལུགས་སུ་མིང་མཛོད་ལ་སྐད་ཡིག་མིང་མཛོད(语言词典)དང་ཤེས་བྱའི་མིང་མཛོད(百科词典)ཅེས་རྩ་བའི་རིགས་གཉིས་ཡོད་དེ།[vii] སྐད་ཡིག་མིང་མཛོད་ཀྱིས་རྒྱུན་སྤྱོད་མིང་གི་གོ་དོན་དང་བཀོལ་སྟངས་གསལ་བོར་སྟོན་ཞིང་། ཤེས་བྱའི་མིང་མཛོད་ནི་རིག་ཚན་སོ་སོའི་ཆེད་སྤྱོད་ཀྱི་མིང་ལ་གཞུང་ལུགས་ཀྱིས་ཚད་ལྡན་དུ་འགྲེལ་བ་ཞིག་གོ །དབྱེ་སྟངས་མ་འདྲ་བས་རྩ་བའི་རིགས་ཆེན་པོ་འདི་གཉིས་ལའང་བྱེ་བྲག་གི་དབྱེ་བ་འགའ་ཤས་ཡོད་ཀྱང་།[viii] སྐབས་འདིར་གླེང་བྱར་དམིགས་ནས་རྣམ་གྲངས་རྒྱུག་ཆེ་བ་འགའ་ལས་དྲང་བར་མི་བྱའོ། །
   གཅིག  སྐད་ཡིག་མིང་མཛོད་ཀྱི་བྱེ་བྲག་གི་རིགས་དགར་བ་ལ་སྤྱད་བྱའི་སྐད་ཡིག་དང་དགྲོལ་བྱའི་མིང་གི་དཀའ་སླའི་ཁྱད་པར་གཞིར་བཟུང་ན་གོ་སླ་སྟེ།  སྤྱད་བྱའི་སྐད་ཡིག་ལ་གཞིགས་ཚེ་སྐད་ཡིག་མིང་མཛོད་ལ་སྐད་གཅིག་དང་སྐད་གཉིས་ཤན་སྦྱར། སྐད་མང་ཤན་སྦྱར་བཅས་རིགས་གསུམ་དུ་དབྱེ་ཞིང་། ཁ་གཏད་སའི་ཀློག་པ་པོའི་རིག་གནས་ཀྱི་ཆུ་ཚད་ལ་དམིགས་ནས་མཐོ་རིམ་དང་འབྲིང་རིམ། དམའ་རིམ་བཅས་རིམ་པ་གསུམ་དུ་དབྱེ་ཆོག་སྟེ་རིམ་པར་གཞུག་པར་བྱའོ། །
   1 སྐད་གཅིག་སྐད་ཡིག་མིང་མཛོད་ནི་གཙོ་བོ་མི་རིགས་རང་ལ་དམིགས་ཤིང་། མིང་མཛོད་ཀུན་ལས་རྒྱུགས་ཆེ་ཤོས་ཀྱང་ཡིན། དེང་རབས་མིང་མཛོད་གྲགས་ཆེ་ཤོས་ཕལ་མོ་ཆེ་སྐད་གཅིག་སྐད་ཡིག་མིང་མཛོད་དུ་གཏོགས་ལ། དེ་གའི་རྩོམ་སྒྲིག་གི་ཆུ་ཚད་ལས་མི་རིགས་ཤིག་གི་མིང་མཛོད་སྒྲིག་པའི་ཆུ་ཚད་ཀྱང་མངོན་ཐུབ། སྐད་གཅིག་སྐད་ཡིག་མིང་མཛོད་ལ་ནང་དོན་གྱི་ཆ་ནས་མིང་ཁུངས་མིང་མཛོད་དང་གཡར་མིང་མིང་མཛོད། ཡུལ་སྐད་མིང་མཛོད། ཚིག་ཕྲད་མིང་མཛོད། མིང་གསར་མིང་མཛོད། བསྡུས་མིང་མིང་མཛོད་སོགས་སུ་དབྱེ་ཆོག་ལ། ད་ལྟའི་བོད་སྐད་ཡིག་གི་གནས་བབ་ལ་དེ་དག་ལས་མཁོ་ཆེ་ཤོས་ནི་ཡུལ་སྐད་མིང་མཛོད་དང་མིང་གསར་མིང་མཛོད་ཡིན་ཏེ། ཡུལ་སྐད་སོ་སོའི་ཐ་སྙད་རྣམས་འབྲི་ལུགས་གཅིག་ཏུ་ཕབ་ནས་ཕྱོགས་གཅིག་ཏུ་བསྒྲིག་ཚེ་སྤྱི་སྐད་ཆགས་པར་ཕན་ཞིང་། དེང་རབས་ཀྱི་བྱ་དངོས་གསར་བའི་མིང་གསར་རྣམས་གཅིག་གྱུར་གྱིས་དེབ་དུ་བསྡུས་ཚེ་སྐད་ཡིག་གོང་དུ་འཕེལ་བར་ཤིན་ཏུ་ཕན་ནོ། །
   2 སྐད་གཉིས་ཤན་སྦྱར་ནི་མི་རིགས་མི་འདྲ་བ་སོ་སོས་ཕན་ཚུན་ལ་རྒྱུས་ལེན་པར་མེད་དུ་མི་རུང་བའི་ལག་ཆ་ཞིག་སྟེ། མི་རིགས་འཛམ་གླིང་ཅན་དུ་འགྱུར་གྱིན་པའི་དེང་གི་ཆར་མི་རིགས་ཕན་ཚུན་བར་རིག་གནས་དང་ཚོང་ལས་ཀྱི་འབྲེལ་བ་ཟབ་པས་མིང་མཛོད་འདི་རིགས་ཀྱང་ཤིན་ཏུ་དར་སྲོལ་ཆེའོ། །མིང་མཛོད་ཀྱི་དམིགས་བྱའི་ཀློག་པ་པོ་མ་འདྲ་བས་སྐད་གཉིས་ཤན་སྦྱར་ལའང་བྱེ་བྲག་གི་དབྱེ་བ་གཉིས་ཡོད་དེ། མི་རིགས་རང་གི་ཀློག་པ་པོར་ཁ་ཕྱོགས་ཚེ། མིང་གི་སྒྲིག་ལུགས་ནིA-Bལྟར་ཡིན་དགོས་ཏེ། ཕ་སྐདAལ་བརྟེན་ནས་སྐད་གཉིས་པBཤེས་ཐུབ་པ་དང་། དེ་ལས་ལྡོག་སྟེ་མིང་གི་སྒྲིག་ལུགསB-Aལྟར་བྱས་ཚེ་མི་རིགས་གཞན་གྱི་ཀློག་པ་པོར་དམིགས་པ་ཡིན་ལ། མི་རིགས་དེའི་ཕ་སྐདBལ་བརྟེན་ནས་གསར་དུ་སློབ་བཞིན་པའི་སྐད་རིགསAཤེས་ཐུབ་བོ། །
   3 སྐད་མང་ཤན་སྦྱར་སྐད་ཡིག་མིང་མཛོད་ནི་སྐད་རིགས་དུ་མའི་མིང་རེ་རེ་ལྷན་དུ་བསྡུ་བའི་རིགས་ཏེ། འགྲེལ་བཤད་དང་དཔེ་བརྗོད་སོགས་མེད་པར་མིང་རྐྱང་བར་འཇོག་ལ། རིག་གནས་ཆུ་ཚད་མཐོ་བའི་ལོ་ཙཱ་བ་སོགས་ལ་དམིགས་གཏད་པ་ཤས་ཆེ་བས་སོ། །
   གཉིས། ཤེས་བྱའི་མིང་མཛོད་ནི་རིག་ཚན་སོ་སོའི་ཆེད་སྤྱོད་ཀྱི་མིང་རྣམས་ཕྱོགས་གཅིག་ཏུ་བསྒྲིགས་ཏེ་རིག་ཚན་དེའི་གཞུང་ལུགས་རྨང་ལ་བཞག་ནས་ཚན་ལྡན་དུ་འགྲེལ་བ་ཞིག་སྟེ། ཤེས་བྱའི་མིང་མཛོད་ཀྱི་ཁ་ཕྱོགས་ས་གཙོ་བོ་ནི་མི་རིགས་རང་གི་ཀློག་པ་པོ་ཡིན་པས། སྐད་རིགས་གཅིག་གིས་གྲུབ་པ་ཤས་ཆེ་ཞིང་། ཀློག་པ་པོའི་རིག་གནས་ཀྱི་ཆུ་ཚད་ལ་བལྟས་ཏེ་མཐོ་དམའ་བར་གསུམ་དུ་དབྱེ་རུང་ངོ་། །མིང་མཛོད་འདིའི་རིགས་ལ་རྩོམ་པ་པོའི་ཤེས་བྱའི་མིང་མཛོད་དང་སྐད་ཆ་རིག་པའི་ཤེས་བྱའི་མིང་མཛོད། གསོ་བ་རིག་པའི་ཤེས་བྱའི་མིང་མཛོད་སོགས་རིག་ཚན་རེ་ལ་ཤེས་བྱའི་མིང་མཛོད་རེ་ཡོད་རུང་བས་རྣམ་གྲངས་ཤིན་ཏུ་མང་ངོ་། །
   རྒྱ་ཡིག་གི་མིང་མཛོད་རིག་པར་མིང་མཛོད་ལ་མཐོ་དམའ་བར་གསུམ་དུ་དབྱེ་བར་གདམ་བྱའི་མིང་གི་དཀའ་སླའི་ཁྱད་པར་ལ་བརྟེན་དགོས་པ་ལས། མིང་མཛོད་ཀྱི་ཤོག་གྲངས་དང་མིང་གི་མང་ཉུང་ལའང་ཟུར་ལྟ་བྱ་དགོས་པར་བཤད་ནས་ཚད་གཞི་འདི་ལྟར་བཞག་ཡོད་དེ།[ix]
 མིང་མཛོད་ཀྱི་རིགས།  བམ་པོའི་ཁ་གྲངས།  ཤོག་གྲངས།  མིང་གི་གྲངས།
 མཐོ་རིམ།  བམ་པོ ༢ ཡན།  ༢༠༠༠ཡན།  འབུམ ༡ ཡན།
 འབྲིང་རིམ།  བམ་པོ ༡ ནས ༢  ༡༠༠༠ཡན།  ཁྲི ༤ ནས་འབུམ༡
 དམའ་རིམ།  བམ་པོ ༡  ༡༠༠༠མན།  ཁྲི ༤ མན

གོང་སྨྲས་ཇི་བཞིན་མིང་མཛོད་ལ་རྣམ་གྲངས་ཤིན་ཏུ་མང་བས་སྐབས་བབ་ཀྱི་ཀློག་པ་པོའི་དགོས་དབང་སོགས་ལ་དམིགས་ནས་མིང་མཛོད་འཚམ་ཤོས་དེ་གདམ་དགོས་སོ། །

མཆན།
[i] ཀུན་དགའ་རྒྱལ་མཚན། མཁས་པ་རྣམས་འཇུག་པའི་སྒོ། མི་རིགས་དཔེ་སྐྲུན་ཁང་། པེ་ཅིན། 1981ལོའི་ཟླ6པར་ཐེངས་དང་པོ་པར་བཏབ། P11-P12
[ii] ཀརྨ་སི་ཏུ། ཀརྨ་སི་ཏུའི་སུམ་རྟགས་འགྲེལ་ཆེན། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ཟི་ལིང་། 2004ལོའིཟླ6པར་ཐེངས་གསུམ་པ་པར་བཏབ། P272
[iii]  དཔང་ལོ་ཙཱ་བ་བློ་གྲོས་བརྟན་པ། ཚོགས་གསུམ་གསལ་བ། དག་ཡིག་ཕྱོགས་བསྒྲིགས། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ཟི་ལིང་།  2012ལོའི་ཟླ3པར་ཐེངས་ལྔ་བ་པར་བཏབ། P15-P18
[iv] ལྕགས་ཐར་རྒྱལ། བོད་ཀྱི་བརྡ་སྤྲོད་སྤྱི་རྣམ་རིག་འཕྲུལ་སྣང་མཛོད། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། ལན་གྲུ། 2000ལོའི་ཟླ9པར་ཐེངས་དང་པོ་པར་བཏབ། P87 P241  
[v] ལར་སྔ་མའི་འགྲེལ་ཚུལ་གྱི་ཤན་ཤུགས་ཏེ་མིང་ཚིག་གི་ངོས་འཛིན་ལུགས་ཐ་དད་དུ་བྱུང་བ་ཡོད་དེ། གསར་བྱུང་གི་བརྡ་སྤྲོད་པའི་གཞུང་ཁ་ཤས་སུ་མིང་ལ་ཚིག་དང་། ཚིག་ལ་ཚིག་སྒྲུབ་དང་བརྗོད་པ་སོགས་ཀྱི་མིང་བཏགས་ཤིང་སྐབས་བསྟུན་གྱི་མཚན་ཉིད་བཞག་ཀྱང་། སྔ་མའི་འགྲེལ་ཚུལ་དག་གཤིབ་བསྡུར་དང་། སྒོས་སུ་སྐད་བརྡ་རིག་པའི་གཞུང་གི་འགྲེལ་ལུགས་ལྟར་བྱས་ཚེ་མིང་དང་མིང་ཚོགས། ཚིག ཚིག་ཚོགས་ཀྱི་སྡེ་ཚན་དུ་ཕྱེས་ན་བསྟན་བྱ་བློ་ངོར་ཤོང་སྟེ། ཚིག་གྲུབ་དང་ཚིག་སྒྲུབ་ཅེས་པ་སྔར་གྱི་བསྟན་བཅོས་གྲགས་ཅན་དག་ཏུ་མ་བྱུང་ཞིང་དེ་གའི་དོན་ལ་བརྟགས་པས་ཀྱང་གཞུག་བྱ་གང་དེར་མི་འཇུག་ཅིང་། བརྗོད་པ་ཞེས་པ་མཚན་ཉིད་ལ་བལྟས་པས་ཚིག་ཚོགས་ཀྱི་དོད་དུ་འགྲོའོ། །
[vi] མིང་མཛོད་དང་སྐད་མཛོད(语料库,text corpus)ལ་ཁྱད་པར་ཆེན་པོ་ཡོད་དེ། མིང་མཛོད་ནི་མིང་དུ་མ་ཕྱོགས་གཅིག་ཏུ་བསྡུས་ནས་དེ་དག་གི་གོ་དོན་དང་སྤྱོད་ཚུལ་ལ་ཚད་ལྡན་དུ་སྟོན་པ་་ཞིག་དང་། སྐད་མཛོད་ནི་སྐད་བརྡ་རིག་པའི་ཞིབ་འཇུག་ལ་ཉེ་བར་མཁོ་བའི་སྐད་ཆའི་རྒྱུ་ཆ་སྟེ། སྐབས་བབ་ཀྱི་དགོས་དབང་ལ་དམིགས་ནས་མིང་དང་ཚིག་སོགས་གང་རུང་ཕྱོགས་བསྡུས་བྱས་པར་འཇུག་གོ །
[vii] 拉迪斯夫兹古斯塔主编。词典学概论。北京:商务印书馆,  1983年第一次印刷,  273页
[viii] 胡明杨 谢自立等编著。 词典学概论。北京:中国人民出版社, 1982年1月第1版 , 10-15页
[ix] 胡明杨 谢自立等编著。 词典学概论。 北京:中国人民出版社, 1982年1月第1版,15页
འབྲེལ་ཡོད་རྩོམ་ཡིག