ཀྲུང་གོའི་བོད་ལྗོངས་དྲ་བ།>སློབ་གསོ།

མིང་མཛོད་ཅིག་ཐེངས་གཅིག་ལ་དཔར་རྗེས་རྩོམ་སྒྲིག་པའི་འགན་འཁུར་ཡོངས་སུ་རྫོགས་པ་མིན།

2015-03-18 ཁྲག་འཐུང་།
  མིང་མཛོད་ནི་གང་ཟག་གང་ཡང་རུང་བ་ཞིག་གིས་ཅི་འདོད་དུ་སྒྲིག་ཆོག་པ་ཞིག་མ་ཡིན་པར་མིང་མཛོད་རིག་པའི་གཞུང་ལུགས་ལ་བསྟུན་དགོས་ལ། གཞུང་ལུགས་དེར་ཁུངས་བཅོལ་ན་མིང་མཛོད་ཅིག་སྒྲིག་པ་ལ་སྤྱིའི་རྩ་དོན་གསུམ་སྟེ། ཤེས་བྱའི་རང་བཞིན་དང་ཚན་རིག་རང་བཞིན། བཀོལ་སྤྱོད་རང་བཞིན་ནོ། []།ཤེས་བྱའི་རང་བཞིན་ཞེས་པ་ནི་མིང་མཛོད་ཀྱིས་ཤེས་བྱ་ངེས་ཅན་ཞིག་མཁོ་འདོན་བྱས་ཏེ་ཀློག་པ་པོའི་ལྟ་ཀློག་གི་དཀའ་གནད་ཐག་གཅོད་དགོས་པར་གོ་སྟེ། མིང་མཛོད་ཀྱི་དམིགས་བྱ་གཙོ་བོའང་འདི་ཡིན་པས་རྩ་དོན་འདི་དང་མ་འགལ་བ་བྱ་རྒྱུ་ནི་ཤིན་ཏུ་གལ་ཆེ། ཀློག་པ་པོའི་ངོས་ནས་མིང་མཛོད་ནི་ཤེས་བྱའི་བང་མཛོད་ཅིག་སྟེ། འཁྲུལ་མེད་དུ་ངོས་འཛིན་པས་མིང་མཛོད་ཀྱི་ནང་དོན་ངེས་པར་ཡང་དག་དགོས་ལ། ཚུལ་འདི་ལས་མི་གཡོལ་བ་བྱ་རྒྱུ་ནི་རྩ་དོན་གཉིས་པ་ཚན་རིག་རང་བཞིན་ཡིན། མིང་མཛོད་གཅིག་ཏུ་སྐད་ཡིག་གཅིག་གམ་རིག་ཚན་གཅིག་གི་ཐ་སྙད་ཡོད་དོ་ཅོག་བསྡུ་མི་ནུས་པས། དམིགས་བྱའི་ཀློག་པ་པོར་བལྟས་ནས་དེ་དག་ལ་ཉེ་བར་མཁོ་བའི་མིང་རྣམས་གདམ་དགོས་སྟེ། འདི་ནི་རྩ་དོན་གསུམ་པ་བཀོལ་སྤྱོད་རང་བཞིན་ཡིན། སློབ་ཆུང་སློབ་མར་ཁ་གཏད་པའི་སྐད་ཡིག་མིང་མཛོད་ཅིག་ཏུ་ཆེད་ལས་ཀྱི་བརྡ་ཆད་ཁོ་ན་བསྡུས་ཚེ་མིང་མཛོད་དེར་བཀོལ་སྤྱོད་ཀྱི་རིན་ཐང་མེད་ལ་རྩ་དོན་གསུམ་པ་ལས་ལོགས་སུ་སོང་ངོ་། །
  མིང་མཛོད་རིགས་གང་ལ་མཚོན་ནའང་གོང་སྨྲས་ཀྱི་རྩ་དོན་དེ་དག་ངེས་པར་སྲུང་དགོས་ཤིང་། དེ་དག་གཞིར་བཞག་གིས་སྒྲིག་སྟངས་བྱེ་བྲག་པར་གཞུག་དགོས་ཏེ། འདིར་མིང་མཛོད་ཀྱི་སྒྲིག་སྟངས་ལ་མིང་འདེམས་སྟངས་དང་། འགྲེལ་རྒྱག་ལུགས། ཁ་སྐོང་གི་ཆ་འཕྲིན་བཅས་ཕྱོགས་གསུམ་ནས་ངོ་སྤྲད་དོ། །

གཅིག མིང་འདེམས་སྟངས།
  མིང་འདེམས་ཐབས་ལ་སྐད་གཅིག་སྐད་ཡིག་མིང་མཛོད་དང་སྐད་གཉིས་ཤན་སྦྱར་སྐད་ཡིག་མིང་མཛོད་ལ་ཁྱད་པར་འགའ་ཤས་ཡོད་པ་ལས་གཞན་རྣམས་འདི་གཉིས་ཀྱི་ཁོངས་སུ་འདུ་ཞིང་། ཤེས་བྱའི་མིང་མཛོད་ཀྱི་མིང་འདེམས་ཐབས་ཀྱང་སྐད་གཅིག་སྐད་ཡིག་མིང་མཛོད་ཀྱི་ལུགས་བཞིན་བྱ་རུང་པས། འདིར་ཁག་གཉིས་སུ་བགོས་ནས་དཔྱད་པར་བྱའོ། །
  1 སྐད་གཅིག་སྐད་ཡིག་མིང་མཛོད་ཀྱི་མིང་འདེམས་སྟངས།
  མིང་མཛོད་ཅིག་ལ་མཚོན་ན་མིང་གི་འཚོལ་སྡུད་ནི་བྱ་རིམ་གལ་ཆེན་ཞིག་ཡིན་ལ། མིང་མཛོད་ཀྱི་ཤེས་བྱའི་རང་བཞིན་དང་བཀོལ་སྤྱོད་རང་བཞིན་ཚད་དང་ལྡན་མིན་གྱི་འགག་རྩར་གྱུར་ཡོད། གླང་རབ་དབྱིན་ཡིག(Oxford English Dictionary)མིང་མཛོད་ནི་ལོ་ངོ་ཉེར་གསུམ་རིང་ལ་མིང་འཚོལ་སྡུད་བྱས་ནས་གྲུབ་ཅིང་། དེང་རབས་རྒྱ་ཡིག་མིང་མཛོད་ལ་མིང་ས་ཡ་གཅིག་བསྡུས་པ་ལས་མིང་མཁོ་ཤོས་ཁྲི་ལྔ་བདམས་པར་བཤད། [] མིང་གི་འཚོལ་སྡུད་རྩལ་དུ་འདོན་པའང་གཙོ་བོ་མིང་མཛོད་ཀྱི་སྤུས་ཚད་མཐོར་འདེགས་པར་དམིགས་པས། མིང་འདེམས་པ་ལ་རྩོམ་སྒྲིག་པས་རང་གི་འདོད་མོས་སུ་བྱ་མི་རུང་པར་མིང་མཛོད་རིག་པའི་རྩ་དོན་ལ་བསྟུན་དགོས་ཤིང་རྩོམ་སྒྲིག་པའང་རིག་གནས་སྤྱི་ལ་བྱང་དགོས།
  དེང་རབས་མིང་མཛོད་རིག་པར་ཐ་སྙད་འདེམས་པ་ལ་རྩ་དོན་གསུམ་ཡོད་དེ། རིན་ཐང་གི་རྩ་དོན་དང་ཚན་རིག་དང་མཐུན་པའི་རྩ་དོན། གཅིག་གྱུར་གྱི་རྩ་དོན་བཅས་སོ།[] ། རྩོམ་སྒྲིག་པས་མིང་མཛོད་ཀྱི་ངོ་བོ་དང་ཁ་གཏད་སའི་ཀློག་པ་པོར་དམིགས་ནས་མིང་གདམ་དགོས་པ་ནི་རྩ་དོན་དང་པོ་སྟེ། སྐད་ཡིག་མིང་མཛོད་ཀྱིས་སྐད་རིགས་གཅིག་གི་ཉེར་མཁོའི་ཐ་སྙད་རྣམས་བསྡུ་དགོས་ཤིང་། ཤེས་བྱའི་མིང་མཛོད་ཀྱིས་རིག་ཚན་ངེས་ཅན་ཞིག་གི་འབྲེལ་ཡོད་ཤེས་བྱ་དག་ངོ་སྤྲོད་དགོས། རྩ་དོན་གཉིས་པ་ནི་གདམ་བྱའི་མིང་ལ་ངོ་བོ་ཆ་ནས་དབྱེ་བ་དགར་དགོས་ཏེ། མིང་གི་ངོ་བོ་དང་བརྡ་གསར་རྙིང་གི་ཁྱད་པར་སོགས་ཇི་བཞིན་དུ་དགོད་དགོས། རྩ་དོན་གསུམ་པ་ནི་མིང་མཛོད་དུ་བསྡུས་པའི་མིང་ཡོངས་ངེས་པར་ཚད་ལྡན་ཡིན་དགོས་ཏེ། རྣམ་གཞག་དང་རྣམ་བཞག་ཅེས་པའི་འབྲི་ལུགས་གཉིས་ཡོད་པར་རྩོམ་སྒྲིག་པས་སྤྱོད་སྒོ་ཆེ་ཤོས་ཀྱི་འབྲི་ལུགས་དེ་བདམས་ནས་གཏན་ལ་དབབ་དགོས་པ་ལྟ་བུའོ། །    
  གདམ་བྱའི་མིང་རྣམས་གང་མོས་ཀྱིས་ཡིག་ཆ་དང་འབོལ་རྩོམ་རེ་གཉིས་ནས་གདམ་རུང་བ་མ་ཡིན་པར་སྔར་བྱུང་གི་གསུང་རབ་སོ་སོ་ནས་གདམ་དགོས་ཤིང་། འབྲི་ལུགས་མེད་པའམ་གཅིག་གྱུར་མིན་པའི་ཡུལ་སྐད་གྱི་ཐ་སྙད་རྣམས་དམངས་ཁྲོད་རྩོམ་རིག་གཞིར་བཞག་སྟེ་གཏན་ལ་དབབ་དགོས་ལ། སྔར་ཡོད་ཀྱི་མིང་མཛོད་ལས་མིང་ལེགས་ཤོས་རྣམས་བསྡུས་ཏེ་འཁྲུལ་བ་རྣམས་དག་པར་བཅོ་དགོས། ཐབས་ལམ་འདི་དག་ནས་མིང་འདང་ངེས་པ་ཞིག་བཙལ་རྗེས་གོང་སྨྲས་ཀྱི་རྩ་དོན་གསུམ་ལ་བརྟེན་ནས་མིང་མཛོད་དུ་བསྡུ་བྱའི་མིང་དངོས་སུ་གདམ་དགོས་སོ། །
  2 སྐད་གཉིས་ཤན་སྦྱར་སྐད་ཡིག་མིང་མཛོད་ཀྱི་མིང་གི་འདེམས་སྟངས།
  སྤྱིར་སྐད་གཉིས་ཤན་སྦྱར་སྐད་ཡིག་མིང་མཛོད་ལའང་གོང་སྨྲས་ཇི་བཞིན་མིང་འདེམས་ཆོག་ཀྱང་། མིང་མཛོད་འདི་རིགས་ཀྱི་ཁ་གཏད་སར་མི་རིགས་གཞན་ཡང་འདུ་བས། དེ་ཉིད་ལ་རང་གི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཤིག་ཡོད་པ་ནི་དམིགས་བྱའི་ཀློག་པ་པོ་རྒྱུས་མངའ་ཆེ་བའི་རིག་གནས་རྨང་ལ་གཞག་དགོས་ཏེ། རྒྱ་བོད་མིང་མཛོད་ལྟ་བུར་རྒྱ་མི་རིགས་ཀྱི་ལོ་རྒྱུས་དང་གོམས་གཤིས་མཚོན་པའི་རྒྱུན་སྤྱོད་ཀྱི་མིང་གདམ་ཚེ་བོད་ཡིག་གསར་དུ་སློབ་བཞིན་པའི་རྒྱ་རིགས་ཀློག་པ་པོས་སློབ་བདེ་ཞིང་གོ་སླ་ལ། བོད་རིགས་ཀློག་པ་པོས་ཀྱང་མིང་མཛོད་འདི་ཉིད་ལས་མི་རིགས་གཞན་གྱི་རིག་གནས་ལ་རྒྱུས་ལོན་བྱ་ཐུབ།  དེ་བཞིན་དུ་བོད་རྒྱ་མིང་མཛོད་ལྟ་བུར་བོད་ཀྱི་རིག་གནས་མཚོན་པའི་རྒྱུན་སྤྱོད་ཀྱི་མིང་གདམ་ཚེ་ཀློག་པ་པོ་རིགས་གཉིས་ཀར་ཕན་དུ་འགྲོ་བས་མིང་མཛོད་འདི་རིགས་ལ་མིང་འདེམས་པར་ཀློག་པ་པོའི་བབ་དང་བསྟུན་དགོས་སོ། །

གཉིས། མིང་གི་འགྲེལ་སྟངས།
  མིང་མཛོད་ཀྱི་ཁ་ཕྱོགས་སའི་ཀློག་པ་པོ་མ་འདྲ་བས་མིང་ལ་འགྲེལ་ལུགས་གཉིས་ཏེ། སྐད་གཅིག་སྐད་ཡིག་མིང་མཛོད་དང་སྐད་གཉིས་ཤན་སྦྱར་སྐད་ཡིག་མིང་མཛོད་ལ་སྦྱར་ནས་གསལ་བཏབ་ཚེ་དོན་བདེ་བླག་ཏུ་རྟོགས་ཐུབ།
  1 སྐད་གཅིག་སྐད་ཡིག་མིང་མཛོད་ཀྱི་མིང་གི་འགྲེལ་སྟངས།
  མིང་ལ་འགྲེལ་འདེབས་དུས་མིང་གི་གོ་དོན་མ་ནོར་བར་ཚིག་བསྡུས་ཤིང་ཁ་གསལ་པོར་འགྲེལ་དགོས་ཏེ། སྤྱིར་བཏང་གི་འགྲེལ་ལུགས་ལ་འགྲེལ་རྒྱག་པ་དང་གོ་དོན་འཇོག་པ་གཉིས་སོ།[]།
  (1)འགྲེལ་རྒྱག་པ་ནི་མིང་ལ་གོ་དོན་འཇོག་པ་མ་ཡིན་པར་ཐབས་མང་པོ་ནས་མིང་གི་དོན་སྟོན་པ་ཞིག་སྟེ། དེ་ལའང་ནང་གསེས་སུ་དབྱེ་བ་འགའ་ཤས་ཡོད།[]
དོན་མཚུངས་མིང་གིས་འགྲེལ་བ་སྟེ། ཟླ་བའི་འགྲེལ་བར་ཟླ་བ་ནི་རི་བོང་ཅན་ནོ་ཞེས་བ་ལྟ་བུའོ། །
ལྡོག་མིང་གིས་འགྲེལ་བ་སྟེ། རིང་བོ་ལ་རིང་བོ་ནི་ཐུང་བའི་ལྡོག་ཟླའོ་ཞེས་བ་ལྟ་བུའོ། །
རིགས་གཅིག་གིས་འགྲེལ་བ་སྟེ། རྒྱ་སེའི་འགྲེལ་བར་རྒྱ་སེ་དང་པད་མ་གཉིས་ཀ་མེ་ཏོག་གོ་ཞེས་བ་ལྟ་བུའོ། །
མིང་གཅིག་དོན་མང་གིས་འགྲེལ་བ་སྟེ། སྒོར་མོའི་འགྲེལ་བར་སྒོར་མོ་ནི་དངུལ་དང་སྒོར་སྒོར་གཉིས་ཀར་འཇུག་ཅེས་བ་ལྟ་བུའོ། །
  (2)གོ་དོན་འཇོག་པ་ནི་མིང་གཅིག་ལ་ཚན་རིག་དང་མཐུན་པའི་མཚན་ཉིད་འཇོག་པར་གོ་སྟེ། འདི་ལ་མཚན་ཉིད་རིག་པས་མཚན་ཉིད་འཇོག་པ་དང་གསལ་བཤད་ཀྱིས་ཞིབ་འབྲི་བྱེད་པ་གཉིས་ཡོད། སྒྲ་ནི་མཉན་བྱའོ་ཞེས་པ་ནི་གོང་མ་དང་བཤད་ནི་ཁ་ནས་སྐད་ཆ་སྨྲས་པའོ་ཞེས་པ་ནི་འོག་མའི་དཔེའོ། ། 
  མིང་གཅིག་དོན་མང་ལ་འཇུག་ཚེ་དོན་རེ་རེ་རིམ་པར་གསལ་པོར་བཤད་དགོས་ཤིང་། དོན་མཚུངས་བའི་མིང་ཕན་ཚུན་བར་ཁྱད་པར་ཕྲན་བུ་རེ་ཡོད་ནའང་ཇི་བཞིན་དུ་དགོད་དགོས་ལ། བོད་སྐད་ལ་བྱ་ཚིག་གི་འགྱུར་བ་དང་བྱ་བྱེད་ཐ་དད་མིན་སོགས་ཀྱི་ཁྱད་པར་ཡོད་པས་དེ་དག་ཀྱང་མ་ནོར་བར་འབྲི་དགོས་སོ། །མིང་གཅིག་གསལ་བོར་རྟོགས་པར་དེ་ཉིད་ཀྱི་ནང་དོན་བཤད་པ་ཙམ་གྱིས་མི་ཆོག་པར་དོན་དང་མཐུན་པའི་དཔེ་བརྗོད་ཀྱང་འཇོག་དགོས་ལ། དེ་ལྟར་བྱས་ཚེ་མིང་གཅིག་གི་དོན་དང་སྤྱོད་སྒོ་གཉིས་ཀ་བདེ་བླག་ཏུ་རྟོགས་ནུས། དཔེར་བརྗོད་ཀྱང་ཅི་འདོད་དུ་འཇོག་རུང་བ་ཞིག་མ་ཡིན་པར་མིང་མཛོད་ཀྱི་ངོ་བོ་དང་ཁ་གཏད་སའི་ཀློག་པ་པོའི་རིག་གནས་ཀྱི་ཆུ་ཚད་ལ་བལྟ་དགོས། མཐོ་རིམ་སྐད་ཡིག་མིང་མཛོད་དང་ཤེས་བྱའི་མིང་མཛོད་ལ་བསྟན་བཅོས་སོགས་ནས་དཔེ་དྲངས་རུང་བ་དང་། ཡུལ་སྐད་མིང་མཛོད་ལ་ཁ་སྐད་དུ་སྤྱོད་སྒོ་ཆེ་བ་རྣམས་གཞག་དགོས་ཤིང་། ཆུང་འབྲིང་སློབ་མ་ལྟ་བུའི་རིག་གནས་ཆུ་ཚད་ཅུང་དམའ་བའི་རིགས་ལ་རྩོམ་སྒྲིག་པ་རང་ནས་འོས་འཚམ་གྱི་དཔེ་བརྗོད་གསར་དུ་བཞག་ཀྱང་ཆོག  ཡང་གོ་བདེ་བའི་ཕྱིར་ཟེར་ནས་དཔེ་བརྗོད་ཅི་མང་མང་དུ་བཞག་ནའང་མི་ཆོག་པར་མིང་མཛོད་ཀྱི་ཆེ་ཆུང་ལ་བལྟས་ནས་དཔེ་བརྗོད་ཀྱི་ཁ་གྲངས་ལ་ཚོད་གཟུང་དགོས།
  2  སྐད་གཉིས་ཤན་སྦྱར་སྐད་ཡིག་མིང་མཛོད་ཀྱི་མིང་གི་འགྲེལ་སྟངས།
  སྤྱིར་སྐད་གཉིས་ཤན་སྦྱར་སྐད་ཡིག་མིང་མཛོད་ཀྱི་མིང་ལའང་གོང་སྨྲས་བཞིན་འགྲེལ་བས་ཆོག་སྟེ། གནད་དུ་ཁེལ་ཞིང་བློ་ངོར་ཤོང་བདེ་ལ། ཚན་རིག་དང་མཐུན་པའི་རྩ་དོན་དང་མ་འགལ་བས་འགྲིག  ཡིན་ནའང་ཕ་སྐད་མི་འདྲ་བའི་ཀློག་པ་པོས་གོ་བདེ་ཞིང་རྟོགས་སླ་བའི་ཆེད་དུ་དམིགས་བསལ་གྱི་འགྲེལ་སྟངས་གཉིས་ཡོད་དེ།[]
  (1)དོན་གཅིག་མིང་གིས་འགྲེལ་བ།
  སྐད་རིགས་གཅིག་གི་མིང་ལ་དེ་དང་དོན་མཚུངས་བའི་སྐད་རིགས་ཅིག་ཤོས་ཀྱིས་འགྲེལ་བ་སྟེ། Enfantཞེས་བར་བྱིས་པ་དང་རྗེས་རབས་པ། རྒྱུད་འཛིན་པ་ཞེས་དབྱིན་སྐད་ཀྱི་མིང་དེར་བོད་སྐད་ཀྱི་མིང་དུ་མས་འགྲེལ་བ་ལྟ་བུའོ། །
  (2)ཞིབ་འབྲི་བྱེད་པ།
  མིང་གི་དོན་ཞིབ་འབྲི་བྱེད་པ་སྟེ། 学生ཞེས་པར་སློབ་གྲྭ་ནས་ཡི་གེ་སློབ་མཁན་ཞེས་འགྲེལ་བ་ལྟ་བུའོ། །
མིང་མཛོད་འདི་རིགས་ཀྱི་མིང་ལའང་བབ་དང་མཐུན་པའི་དཔེ་བརྗོད་གཞག་དགོས་ཏེ། གོ་སླ་བའི་ཆེད་དུ་རྩོམ་སྒྲིག་པ་རང་ནས་བཞག་ཀྱང་རུང་། ཡིན་ནའང་མི་རིགས་གཞན་གྱི་སྤྱི་ཚོགས་ལམ་ལུགས་དང་དད་མོས་སྐོར་གྱི་མིང་ལ་འགྲེལ་འདེབས་དུས་རྩོམ་སྒྲིག་པའི་བསམ་ཚུལ་བཞིན་དུ་བྱ་མི་རུང་ལ། དཔྱད་བརྗོད་དེ་བས་ཀྱང་སྤེལ་ཆོག་སྟེ། Nigger ཞེས་པར་རིགས་རུས་ཞན་པའི་མི་རྒྱུད་ནག་པོར་འཕྱ་སྨོད་བྱེད་པའི་མིང་ཞེས་འགྲེལ་མི་རུང་བ་བཞིན་དུ་རིགས་བསྒྲེའོ། །

གསུམ། ཁ་སྐོང་གི་ཆ་འཕྲིན།
  དེང་རབས་མིང་མཛོད་རིག་པར་མིང་མཛོད་ཀྱི་སྒྲིག་སྟངས་ལ་གོང་སྨྲས་ཀྱི་གནད་དེ་དག་ལས་ད་དུང་བྱ་ར་དང་། ཟུར་བཀོད། ཆད་གསབ་བཅས་ཀྱང་མིང་མཛོད་དུ་གཞག་དགོས་ཏེ། བྱ་ར་འཇོག་པ་ནི་ཀློག་པ་པོས་མིང་བཙལ་བདེ་བའི་ཆེད་ཡིན་ཏེ། མིང་མཛོད་ཀྱི་སྔོན་དུ་བརྡ་འབྲུ་རྣམས་གུང་གཅིག་ཏུ་བསྒྲིགས་ནས་གཞག་དགོས། དག་ཡིག་གསར་བསྒྲིགས་ལྟ་བུར་སྒྲ་ཚིགས་ཀྱི་བྱ་ར་ཡོད་པས་མིང་མཛོད་སྔ་མ་དག་ལས་མིང་བཙལ་བདེའོ། །ཟུར་བཀོད་ལ་མིང་མཛོད་ཀྱི་གསེང་དུ་ཡིག་འགྲེལ་གྱིས་དོན་བདེ་བླག་ཏུ་སྟོན་མི་ཐུབ་པའི་མིང་ལ་རིས་འགྲེལ་འཇོག་པའི་རིགས་དང་། མིང་མཛོད་ཀྱི་མཇུག་ཏུ་རྒྱལ་རབས་རིམ་བྱོན་གྱི་མཚན་དང་རྒྱལ་སྤྱིའི་སྒྲ་རྟགས་སོགས་འཇོག་པ་ནི་རིགས་གཉིས་སུ་བགྲངས་ཀྱང་སྐབས་བསྟུན་གྱིས་སྦྱར་དགོས་སོ། །མིང་མཛོད་ཅིག་ཐེངས་གཅིག་ལ་དཔར་རྗེས་རྩོམ་སྒྲིག་པའི་འགན་འཁུར་ཡོངས་སུ་རྫོགས་པ་མ་ཡིན་པར། ལོ་འགའ་རེའི་རྗེས་ནས་གསར་དུ་བྱུང་བའི་མིང་རྣམས་ཆད་གསབ་དུ་བཞག་སྟེ་མིང་མཛོད་དུ་བསྒྲིག་དགོས་ལ། དེ་ལྟར་བྱས་ཚེ་མིང་མཛོད་དེ་ཉིད་དུས་ཀྱི་འགྲོས་དང་བསྟུན་ནས་གོང་ནས་གོང་དུ་འཕེལ་ལོ། །
  མདོར་ན་དེང་རབས་མིང་མཛོད་རིག་པའི་མཐོང་སྣེ་གསར་བ་ནས་བོད་ཡིག་གི་མིང་མཛོད་ལ་བརྟག་ཞིབ་བྱས་ཚེ་དེ་ཉིད་ལ་ཁ་གསབ་དགོས་པ་མང་དུ་མཆིས་ཏེ། རང་ཅག་གིས་ཀྱང་གཞུང་ཁུངས་བཙུན་པ་འདི་དག་གཞིར་བཞག་གིས་བོད་ཡིག་གི་མིང་མཛོད་གསར་དུ་སྒྲིག་ཚེ་ནམ་ཞིག་བོད་ལའང་བོད་ཡིག་གི་མིང་མཛོད་སྒྲིག་སྟངས་འཐུས་ཚང་བ་ཞིག་འབྱུང་ངེས་ལ། དེ་ལྟ་བུ་ནི་རིག་གནས་དར་རྒྱས་ལ་ཕན་ཞིང་ཀློག་པ་པོ་ཡོངས་ཀྱི་འདོད་བློ་ཡང་ཇི་བཞིན་དུ་སྐོང་ནུས་སོ། །

མཆན།
[①] 胡明杨 谢自立等编著。词典学概论。北京:中国人民出版社, 1982年1月第1版, 4页
[②] 胡明杨 谢自立等编著。词典学概论。北京:中国人民出版社,1982年1月第1版 ,74页
[③] 胡明杨 谢自立等编著。词典学概论。北京:中国人民出版社,1982年1月第1版 ,96页
[④] 胡明杨 谢自立等编著。词典学概论。北京:中国人民出版社,1982年1月第1版 ,122-124页
[⑤] B.T.Sue Atkins and Michael Rundell, The Oxford Guide to Practical Lexicography, Published in the United States by Oxford University Press, 2008, P133-P139
[⑥] 胡明杨 谢自立等编著。词典学概论。北京:中国人民出版社,1982年1月第1版 ,168-1169页
འབྲེལ་ཡོད་རྩོམ་ཡིག