ཀྲུང་གོའི་བོད་ལྗོངས་དྲ་བ།>སློབ་གསོ།

བྱིས་པ་ལོ་གཉིས་ཅན་གྱི་སེམས་གང་ལ་འཁོར་གྱི་ཡོད་པ་ཧ་གོ་མཁན་ཕ་མ་ཨེ་ཡོད།

2015-03-20 Tovah Klein

   བྱིས་པ་དག་ལོ་གཉིས་ལྷག་ལ་སོན་དུས་སྐད་ཆ་ཅུང་ཡག་པོ་ཞིག་འཆད་ཐུབ་ཀྱི་ཡོད་ནའང་།   ལས་སླ་མོས་ངང་རང་གིས་གང་ལ་བསམ་བློ་གཏོང་བ་དེ་གནད་ལ་ཁེལ་བའི་ངང་ཤོད་ཐུབ་ཀྱི་མེད།    ཁོ་ཚོ་ཅི་ཞིག་ལ་བསམ་བློ་འཁོར་གྱི་ཡོད་པ་རེད།   ང་ཚོས་ག་འདྲ་བྱས་ནས་ཁོ་ཚོ་དང་འབྲེལ་བ་བྱ་དགོས་པ་རེད།   བྱིས་པ་གསུམ་གྱི་ཨ་མར་གྱུར་པའི་པརྣ་དི་སློབ་གླིང་གི་བྱིས་སྐྱོང་ལྟེ་གནས་ཀྱི་འགོ་འཛིན་ཏེ་འབུམ་རམས་པTovah Kleinལགས་ཀྱིས་ལོ་ངོ་ཉི་ཤུ་ལྷག་གི་རིང་ལ་བྱིས་པའི་སྤྱོད་པ་ལ་ཡང་ཡང་བརྟག་པ་དང་།   ཉེ་བའི་ཆར“བྱིས་པ་ཇི་ལྟར་ནར་སོན་པ་སྟེ་ཕ་མ་དག་གིས་བྱིས་པ་ལོ་གཉིས་ནས་ལྔ་ཅན་ལ་ཚེ་གང་པོར་སྨན་པའི་ལས་ཀ་ཅི་ཞིག་བསྒྲུབ་དགོས་ཚུལ”ཞེས་པའི་འཇུག་ཡུལ་ལ་ཉམས་ཞིབ་མཛད་ཡོད་པ་རེད།   གལ་སྲིད་ཁྱེད་རང་བྱིས་པ་ལོ་གཉིས་ནས་ལྔ་ཅན་གྱི་ཕ་མ་ཡིན་ཚེ་གཤམ་གྱི་བྱིས་སྐྱོང་གདམས་ངག་ཚན་པ་ལྔ་ལ་ཅིས་ཀྱང་གཟིགས་པར་འཚལ་ལོ། །
རྩོམ་འདིའི་བརྗོད་དོན་ཉུང་ངུར་བསྡུས་ནས་བསྒྱུར་བའོ། །
 
རི་མོ།
  ཁོ་ཚོའི་དུས་ཀྱི་འདུ་ཤེས་སྐོར་གྱི་ཀླད་པའི་གྲུབ་ཆ་ཁག་ད་ལྟ་ཆགས་བཞིན་པའི་སྒང་ཡིན་པས་དེའི་སྐོར་གྱི་ལྟ་བ་མེད།

  ཁྱིམ་བདག་ཕལ་མོ་ཆེ་ནི་བྱིས་པ་དག་གིས“ཁྱོད་ད་ལྟ་ལམ་སེང་ཐོན་ཅིག”ལྟ་བུའི་རེ་བ་ལ་ཡ་མི་བྱེད་པའི་ཚུལ་ལ་ཚིག་པ་ཟོས་ཏེ་བྱིས་པ་ཚོར་དུས་ཀྱི་འདུ་ཤེས་མི་འདུག་སྙམ་གྱི་ཡོད་ནའང་།   དོན་ལ་ནི་བྱིས་པ་དག་གི་དུས་ཀྱི་འདུ་ཤེས་སྐོར་གྱི་ཀླད་པའི་གྲུབ་ཆ་ཁག་ད་ལྟ་ཆགས་བཞིན་པའི་སྒང་ཡིན་པས་སོ། །འབུམ་རམས་པTovah Kleinལགས་ཀྱི་གཞུང་བཞིན།   “བྱིས་པ་དག་གི་དུས་ཀྱི་འདུ་ཤེས་སྐོར་གྱི་ཀླད་པའི་གྲུབ་ཆ་ཁག་ད་ལྟ་ཆགས་བཞིན་པའི་སྒང་ཡིན་པས།   སྐྱེ་བོ་དར་མ་དག་དང་འདྲ་བར་དུས་ལ་གོ་སྒྲིག་པ་དང་།   དགའ་སྐྱོ་ཆགས་སྡང་ལ་ཚོད་འཛིན་པ།    ཅི་དྲན་རེ་བ་འདོན་པ།    ཞིབ་འདང་བརྒྱབ་ནས་ལས་ཀ་བྱེད་པ།   སེམས་ཀྱི་གནོན་པ་དག་སེལ་ཐུབ་པ་སོགས་བྱེད་ཐུབ་ཀྱི་མེད།”    བྱིས་པ་དག་ནི་ད་ལྟ་བའི་གནས་སྐབས་དེ་ཉིད་དུ་འཚོ་བས།     གལ་སྲིད་ཁྱོད་ཀྱིས“ང་ཚོ་སྐར་མ་ལྔའི་རྗེས་ནས་ཐོན་འགྲོ”ཞེས་ལབ་ཚེ།    ཁོ་ཚོས་ད་ལྟ་ཉིད་ལ་འགྲོ་མི་དགོས་པ་ཚོར་གྱི་ཡོད།    བྱིས་པ་དག་ལ་དུས་ཀྱི་འདུ་ཤེས་ཆགས་སུ་འཇུག་པར།    ཉིན་གཅིག་གི་ལས་རིམ་གང་དེ་དུས་རྟག་ཏུ་བཟློས་ནས་སྤྱོད་པ་དང་།    གོ་རིམ་སྟོན་པའི་ཚིག་གང་སྟེ“ཐོག་མར”དང་།    “བར་དུ”།     “རྗེས་སུ”ལ་སོགས་པ་དག་སྤྱད་ན་ལེགས་པར་མཐོང་།


བྱིས་པའི་མིག་ཏུ“དབང་ཆ”དང“བདག་འཛིན”གྱིས་ཁེངས་ཡོད་པས་ཁོ་ཚོར་གདམ་ག་བྱེད་པའི་རང་དབང་ཅུང་ཙམ་སྟེར་རོགས།
  ཁྱེད་ཀྱིས་རང་ཉིད་ཞོ་འཐུང་བྱིས་པ་ཡིན་དུས་ཀྱི་ཁོར་ཡུག་ཇི་འདྲ་ཞིག་ཡིན་པར་བསམ་བློ་ཞིག་ཐོངས་དང་།    བྱིས་པ་དག་གིས་སྒྲུབ་བྱའི་ལས་དང་།   བཟའ་བྱའི་ཟས།    འགྲོ་སའི་གནས་གང་ཡང་རང་གིས་ཐག་གཅད་མི་ཐུབ་པར།    ཐམས་ཅད་ཕ་མ་དག་གིས་བདག་བྱེད་ཀྱི་ཡོད།   དེས་ན་བྱིས་པ་དག་གིས་ཅི་ཞིག་བདག་གིར་བྱ་ཐུབ་བམ་ཞེ་ན།     གོན་བྱའི་གོས་དང་།    ཁ་ལ་འཇོག་རྒྱུའི་ཟས།   གསང་ཆབ་དོར་དགོས་མིན།    གཉིད་ཉལ་བའི་དུས།    ད་དུང་སྐད་ཆ་ད་མ་ཏིག་གིས་བཤད་སྙམ་པ་དེ་དག་གོ །འདི་དག་ནི་ཏག་ཏག་ཁྱིམ་བདག་མང་པོ་མགོ་ན་བར་བྱེད་པའི་རྒྱུ་རེད།    འབུམ་རམས་པTovah Kleinལགས་ཀྱིས་གསུངས་པ།    འདི་ནི་བྱིས་པ་དག་གིས་རང་གིས་ཐག་གཅད་རྒྱུ་སྦྱོང་བའི་སྐབས་ཡིན་པས་ཕ་མ་དག་གིས་ཁོ་ཚོར་རང་དབང་ཅུང་ཙམ་སྟེར་འོས།   གལ་ཏེ་བྱིས་པ་དག་གིས་གོས་གོན་པར་མི་བྱེད་ན།    སྔོན་ལ་རྐང་པ་གཡས་པ་གོན་ནམ་གཡོན་པ་གོན་ཞེས་འདྲི་བར་བྱ།    གལ་ཏེ་བཟའ་བྱ་གདམ་པར་བྱེད་ན།     བྱིས་པའི་སྡེར་མ་རུ་ཁོ་བཟའ་རྒྱུར་མོས་པའི་བཟའ་བཅའ་རིགས་གཅིག་གཞག་པར་བྱ།    ཚད་ཡོད་པའི་ངང་བྱིས་པར་གདམ་ག་བྱིན་པ་དེས་ཁོ་ཚོར་རང་ཉིད་ལ་དབང་ཆ་ཡོད་པའི་འདུ་ཤེས་སྐྱེ་རུ་འཇུག    “གལ་སྲིད་ཉིད་ཀྱིས་ཕ་མར་འགྱུར་བ་ནི་དབང་ཆའི་རྩེད་མོ་ཞིག་ཡིན་པར་དགོངས་ནས་བྱིས་པའི་ཐམས་ཅད་བདག་གིར་བྱེད་འདོད་ཚེ།    སྡུག་ཐང་ནས་བླངས་ཏེ་རུམ་ལ་བཅུག་པ་ཉིད་ལས་མ་འདས་ཏེ།    བྱིས་པ་ཅི་ཙམ་ནར་སོན་པ་དེ་ཙམ་གྱིས་འགལ་བ་དང་བཟློག་པའི་ལམ་དུ་ཞུགས་ནས།   རང་རྐྱ་འཕེར་བའི་མི་ཞིག་ཡིན་པར་བསྒྲུབ་ངེས་པ་ཏན་ཏན་ལགས་སོ། །”

དགོད་ཁ་སློང་བས་བྱིས་པ་དག་ཞེ་ནས་དགའ་རུ་འཇུག་མི་ཐུབ་པས།   ཁོ་ཚོར་དེ་བས་ཀྱང་སེམས་ཞིབ་མོའི་ཉན་པ་པོ་ཞིག་དང་སྙིང་རྗེ་སྐྱེ་མཁན་ཞིག་མཁོ་སྲིད།
  བྱིས་པ་དག་གིས་རང་ལ་ཉེན་ཁ་མེད་པའི་དུས་ནི་ཆེས་སྐྱིད་པའི་དུས་ཡིན་པར་འདོད་པ་ནི་མངོན་གསལ་དོད་པོ་རེད།    “བདག་གཞན་མཉམ་བརྗེ་དང་ཤེས་པ་ཅུང་ཟད་ཙམ་གྱིས་ཀྱང་བྱིས་པ་དག་གིས་ཚོར་བ་མི་འདྲ་བ་རྟོགས་ཤིང་ངོས་ཟིན་པ་ལ་རོགས་ཆེན་པོ་བྱ་ཐུབ།”   གལ་སྲིད་བྱིས་པ་དག་གིས་ཀ་ར་མངར་མོ་ཟོས་ཚར་དུས།    ཁྱེད་རང་ནི་ཧ་ལམ་ལམ་སེང་ཉོ་རུ་འགྲོ་སྲིད་མོད།   གལ་ཏེ་ཁྱེད་ཀྱིས་ཀ་ར་མངར་མོ་ཟོས་ཚར་བར་ཕངས་སེམས་དང་སྙིང་རྗེ་སྐྱེ་བའི་བློ་བསྟན་ཚེ།   བྱིས་པ་དག་གིས་ཁྱེད་ལས་ཀ་ར་མངར་མོ་མེད་ཀྱང་སྔར་བཞིན་འཚོ་ཐུབ་པའི་གནས་ལུགས་ཤེས་ཐུབ།    ཁྱིམ་བདག་དག་གིས་བྱིས་པ་དག་ཕམ་ཁ་ལས་རྣམ་པར་རྒྱལ་ཐུབ་པར་སྨྲས་ནས་དཀའ་བ་ལས་རྒྱལ་རྒྱུར་རོགས་བྱས་ཚེ།  ཁོ་ཚོར་ཞུམ་པ་མེད་པའི་སེམས་ཤུགས་ཀྱང་སློབ་ཐུབ།

ནར་སོན་པའི་སྐབས་སུ་དཀའ་ཁག་མང་ཙམ་མྱངས་ན་ལེགས།
  ཁྱིམ་བདག་དག་གིས་ནི་བྱིས་པ་དག་དཀའ་ཁག་དང་ཕམ་ཁ་ལ་ཡོངས་སུ་བྲལ་བར་འདོད་ནའང་།    དཀའ་ཁག་གིས་བྱིས་པ་ནར་སོན་དུ་འཇུག་ཐུབ།    ཕམ་ཁ་ཡིས་བྱིས་པ་དག་ཕམ་ཁ་ལས་རྣམ་པར་རྒྱལ་ཞིང་།    བློ་རྒྱ་ཆེན་པོ་དང་།   སེམས་རྩ་འཁོལ་པོ་ཞིག་ཡོང་དུ་འཇུག་ཐུབ།    འབུམ་རམས་པTovah Kleinལགས་ཀྱིས་དེབ་ཏུ་གསུངས་པ།    “ནར་སོན་པ་ནི་སྐྱོན་ལས་པའི་གོ་རིམ་ཞིག་ཡིན་སྟབས།   ཚོད་ལྟ་དང་ཕམ་ཁ་གང་མང་མང་ཞིག་ནི་མ་བརྒྱུད་ཐབས་མེད་ཡིན།    འཚོ་བ་རང་ནི་རྣམ་པ་ཀུན་ཏུ་ཉེན་པའི་ལམ་ཁ་ཞིག་ཡིན་པས།    ཕམ་ཁ་མྱངས་རྒྱུའི་སྤོབས་པའང་མེད་ཚེ་དེ་དག་ལས་ཇི་ལྟ་བུར་རྣམ་པར་རྒྱལ་ལམ།”

བྱིས་པའི་ད་ལྟའི་གཤིས་ཀ་ནི་ཕྱིས་སུ་ཉིད་ཀྱིས་སྐྱོང་འདོད་པ་དེའོ། །
  ཕ་མ་དག་ནི་བྱིས་པའི་རང་གིས་བདག་ཅིང་།    ཡ་མཚར་ཆེ་བ།   བརྩེ་བ་ཁོལ་བ།   ངང་རྒྱུད་རིང་བ།   ཐ་ན་མགོ་མཁྲེགས་པོའི་ངང་ཚུལ་དེའི་དབང་དུ་གྱུར་ཏེ།    ཁྱེད་རང་དུས་ཆད་ལ་འཕྱི་པོ་ཆགས་པར་བྱེད་པའམ།    བྱིས་པས་ཁྱེད་ཀྱི་ཁ་ལ་མི་ཉན་པའི་ཚོར་བ་སྟེར་གྱི་ཡོད།    ཡིན་ནའང་འབུམ་རམས་པTovah Kleinལགས་ཀྱིས།     གཤིས་ཀ་འདི་དག་གིས་བྱིས་པ་དག་ལུས་པོ་ནར་སོན་ཞིང་རིག་པ་རྒྱས་པར་བྱེད་ཅིང་།     དེ་དག་ནི་ཏན་ཏན་ཕ་མ་ཁྱེད་ཅག་གིས་བྱིས་པ་སྐྱོང་འདོད་པ་དེ་ལགས་སོ་ཞེས་གསུངས་སོ། །(རྩོམ་འགན་པ། རྟ་མགྲིན)
འབྲེལ་ཡོད་རྩོམ་ཡིག