ཀྲུང་གོའི་བོད་ལྗོངས་དྲ་བ།>སློབ་གསོ།

པཎ་ཆེན་ཨེར་ཏི་ནི་ཆོས་ཀྱི་རྒྱལ་མཚན་གྱིས་ཆབ་མདོ་ས་ཁུལ་དུ་གཟིགས་ཞིབ་གནང་སྐབས་ཀྱི་གསུང་བཤད་གནད་བསྡུས།

2015-03-17 པཎ་ཆེན་ཨེར་ཏི་ཆོས་ཀྱི་རྒྱལ་མཚན།
   རྩ་ཁྲིམས་ནང་མི་རིགས་ས་ཁུལ་དུ་ཡོངས་ཁྱབ་ཀྱི་རང་བཞིན་ལྡན་པའི་ཡི་གེ་དེ།   ཡི་གེ་ཨང་དང་པོར་བཞག་ནས་བེད་སྤྱོད་གཏོང་དགོས་པ་དང་།    ཡི་གེ་གཉིས་ཡོད་ན་གཉིས་ཀ་བེད་སྤྱོད་གཏོང་དགོས་ཞེས་གཏན་འབེབས་བྱས་ཡོད་པ་རེད།   བོད་ལ་རྒྱ་ཡིག་དེ་ཁྱབ་ཆེ་བ་ཡིན་ནམ།   བོད་ཡིག་དེ་ཁྱབ་ཆེ་བ་ཡིན།    ངས་སྐད་ཆ་དྲང་པོ་བཤད་ན།   ལས་བྱེད་པའི་ནང་ལ་རྒྱ་ཡིག་ཁྱབ་ཆེ།     བེད་སྤྱོད་བྱེད་ཀྱི་ཡོད་ཀྱང་མི་གྲངས་བརྒྱ་ཆ་དགུ་བཅུ་གོ་ལྔ་ཟིན་པའི་བོད་རིགས་མང་ཚོགས་ནང་ལ་བོད་ཡིག་རྒྱ་ཁྱབ་བེད་སྤྱོད་བྱེད་ཀྱི་ཡོད་པར་བརྟེན།    བོད་ལ་བོད་ཡིག་གཙོ་བོ་ཡིན་པ་ནི་དངོས་གསལ་སྨོས་མ་དགོས་པ་ཞིག་རེད།    ད་ལྟ་བོད་ལ་བོད་ཡིག་བེད་སྤྱོད་མི་གཏོང་བ་དེ་ཁྲིམས་དང་འགལ་བ་མ་རེད་དམ།   ཀྲུང་དབྱང་གི་ཡིག་ཨང་དྲུག་པའི་ནང་དུ་བོད་ཡིག་གཙོ་བོ་བྱེད་དགོས་པ་དེ་གསལ་བོ་གསུངས་ཡོད་པ་རེད།   ཡིག་ཆ་དེ་གཏན་འབེབས་བྱས་ནས་ལོ་གཉིས་ལྷག་ཙམ་སོང་ནས་གྲུབ་འབྲས་ཏོག་ཙམ་ཐོན་ཡོད་ཀྱང་རྩ་བའི་ཆ་ནས་འགྱུར་ལྡོག་བྱུང་མེད་པ་རེད།    ཀྲུང་དབྱང་ནས་ས་གནས་བར་དང་།    ས་གནས་ནས་མང་ཚོགས་བར་བཅས་ཚང་མས་བོད་ཡིག་བེད་སྤྱོད་གཏོང་དགོས་ཞེས་སྐད་ག་ཚད་བརྒྱབ་ཀྱང་དོན་ཐོག་ཏུ་འཁྱོལ་ཡོད་པ་མ་རེད།    ལས་ཁུངས་ཀྱིས་བོད་ཡིག་བེད་སྤྱོད་མི་གཏོང་བ་དང་ཚོགས་འདུ་འཚོགས་སྐབས་བོད་སྐད་ཤོད་ཀྱི་མེད་པ་རེད།    བོད་ཡིག་བེད་སྤྱོད་གཏོང་རྒྱུར་དཀར་ངལ་འདི་འདྲ་ཡོད་པ་ང་ནི་ཧ་ལས་བྱུང་།   ཐ་ན་མི་ཁ་ཤས་ཀྱིས་བོད་སྐད་རྒྱག་ན་ངོ་ཚ་བསམ་གྱི་ཡོད་པ་རེད།    ང་ས་ཁུལ་སློབ་འབྲིང་དུ་འགྲོ་སྐབས་ཁོ་ཚོར་སྐྱོན་བརྗོད་བྱས་པ་ཡིན།   དེའི་རྒྱུ་མཚན་ནི་ང་ཡར་འགྲོ་སྐབས་སློབ་ཕྲུག་ཚོས་གཡས་གཡོན་དུ་བང་སྒྲིག་ནས་དགའ་བསུ་ཞུ། དགའ་བཟུ་ཞུ་ཟེར་གྱི་འདུག   རྒྱ་སྐད་ཀྱི་ཐོག་ནས་དགའ་བསུ་ཞུ།   དགའ་བསུ་ཞུ་ཞེས་འབོད་དུས་སྐད་གདངས་མཐོན་པོ་འདུག་ཀྱང་བོད་སྐད་ཀྱིས་འབོད་སྐབས་སྐད་ཆུང་ངུ་ལས་མེད་པའི་ཁར། བོད་རིགས་སློབ་ཕྲུག་དེ་ཚོས་གད་མོ་ཤོར་བཞིན་ངོ་ཚ་ཡི་འདུག
    དེར་བརྟེན་ངས་སྐྱོན་བརྗོད་བྱས་པ་ཡིན།   ཁྱེད་རང་བོད་རིགས་ཤིག་སོང་ཙང་།    རང་ཉིད་མི་རིགས་ཀྱི་སྐད་རྒྱག་པར་ངོ་ཚ་དོན་ག་རེ་འདུག     སློབ་གྲྭ་དེའི་རྒྱ་རིགས་སློབ་གྲྭ་བའི་ནང་ལ་བོད་ཡིག་སྦྱོང་མཁན་ནི་གཅིག་ཀྱང་མི་འདུག་ལ་བོད་རིགས་སློབ་གྲྭ་བ་མང་ཆེ་བས་ཀྱང་བོད་ཡིག་སྦྱོང་གི་མེད་པ་རེད།    བོད་ལྗོངས་སློབ་གྲྭ་ཆེན་མོས་ད་ལོར་སློབ་གྲྭ་བ་བཅུག་སྐབས་བོད་ཀྱི་སྐད་ཡིག་ལ་མཐོང་ཆུང་བྱེད་པའི་གནས་ཚུལ་བྱུང་ཡོད་ཅེས་བཤད་ཚུལ་འདུག་པས་ང་ཚོས་དེ་དོན་རྩད་གཅོད་བྱེད་བཞིན་ཡོད།   གལ་སྲིད་དོན་དངོས་རེད་འདུག་ན་ངེས་པར་དུ་དེར་ཐག་གཅོད་བྱ་རྒྱུ་ཡིན།   ཨ་མེ་རི་ཀའི་སློབ་གྲྭ་མང་པོར་དེང་སྐབས་བོད་ཡིག་འཛིན་གྲྭ་བཙུགས་ནས་བོད་ཡིག་ལ་མཐོང་ཆེན་པོ་བྱེད་ཀྱི་འདུག    ང་ཚོས་ད་བོད་ཡིག་སློབ་མི་ཐུབ་པ་ཐབས་སྐྱོ་བོ་དེ་འདྲའི་མཚམས་ལ་སླེབས་ཡོད་པ་རེད།   ཕྱིན་ཆད་བོད་ལ་བོད་ཡིག་གཙོ་བོ་བྱེ་རྒྱུའི་ཐད་སྲིད་ཇུས་དང་ཐ་ན་ཁྲིམས་སྲོལ་འགའ་ཞིག་མ་བཙུགས་རང་འཛུགས་རེད།   དཔེར་ན་ངས་ཤིན་ཅང་གི་གནས་ཚུལ་ཞུས་ན།  ཤིན་ཅང་ནི་མི་རིགས་རང་སྐྱོང་གི་ས་ཁུལ་ཞིག་རེད།   ཁོ་ཚོ་རང་གིས་ཡར་སྙན་སེང་ཞུ་ཡས་ཀྱི་ཡི་གེ་རྣམས་ཨུད་ཡིག་དང་རྒྱ་ཡིག་གཉིས་དགོས་པའི་གཏན་འབེབས་བཟོས་པ་རེད།    ཡི་ལི་ནི་ཧ་སག་རང་སྐྱོང་ཁུལ་ཡིན།    དེར་ཨུད་ཡིག་དང་།   ཧ་སག་ཡི་གེ།    རྒྱ་ཡིག་བཅས་ཡིག་རིགས་གསུམ་བེད་སྤྱོད་གཏོང་གི་ཡོད་པ་རེད།    ཁོ་ཚོས་རྒྱ་སྐད་ཧ་གོ་ཡང་རྒྱུན་དུ་ཏོག་ཙམ་རྒྱག་པ་ལས་ཚོགས་འདུ་འཚོགས་པའི་དུས་དང་མངོན་སུམ་གྱི་དོན་དག་ཐོག་ཏུ་རང་ཉིད་མི་རིགས་ཀྱི་སྐད་ཁོ་ནར་བེད་སྤྱོད་གཏོང་གི་ཡོད་པ་རེད།    ནང་སོག་ལ་མཚོན་ན་སོག་པོ་རང་བརྒྱ་ཆ་བཅུ་ལྷག་ཙམ་ལས་ཟིན་གྱི་མེད་པ་དང་།  རྒྱ་རིགས་བརྒྱ་ཆ་བརྒྱད་ཅུ་ལྷག་ཙམ་ཟིན་ནའང་ཁོ་ཚོས་འདི་ནི་མི་རིགས་རང་སྐྱོང་ས་ཁུལ་ཡིན་པས་སོག་ཡིག་བེད་སྤྱོད་གཏོང་དགོས་ཀྱི་འདུག་ཟེར་ནས་ག་ས་གར་སོག་ཡིག་བེད་སྤྱོད་གཏོང་བ་མ་ཟད།    སོག་པོ་ཡོད་པའི་ས་ཆར་མི་བཏང་ནས་སོག་ཡིག་སློབ་ཁྲིད་བྱེད་པ།   དཔེར་ན་ཡུན་ནན་དུ་སོག་པོ་ཁག་གཅིག་གཏན་སྡོད་བྱས་ཡོད་པས་ཁོ་ཚོ་ཕལ་ཆེར་ལོ་མང་སོང་བའི་དབང་གིས་སོག་སྐད་ཐོར་ནས་ཁོ་ཚོའི་སྐད་ཀྱི་ནང་བརྒྱ་ཆ་ཉི་ཤུ་ཙམ་སོག་སྐད་ཡིན་པ་དང་།   བརྒྱ་ཆ་བརྒྱད་ཅུ་ཐམ་པ་རྒྱ་སྐད་དང་ཡུན་ནན་ཞིང་ཆེན་གྱི་དེ་མིན་མི་རིགས་ཀྱི་སྐད་རེད།  ནང་སོག་གིས་ས་གནས་དེར་ཆེད་མངགས་མི་བཏང་ནས་སོག་སྐད་བསླབ་པ་དང་།   སློབ་གྲྭ་བའི་སློབ་དེབ་ཀྱང་ནང་སོག་ནས་ཡོན་མེད་སྤྲད་པ་མ་ཟད།    དགེ་རྒན་གྱི་གླ་ཕོག་ཀྱང་ནང་སོག་ནས་རང་བསྐུར་བྱས་པ་རེད།    དེ་གའི་སོག་པོར་རང་ཉིད་མི་རིགས་ཀྱི་སྐད་སྦྱོང་བར་རོགས་རམ་བྱེད་རྒྱུ་དེ་ནི་རང་ཉིད་ཀྱི་འོས་འགན་ཡིན་ཟེར་གྱི་ཡོད་པ་རེད།    མི་རིགས་གཞན་དག་གིས་བྱེད་ཐུབ་པ་དེ་ང་ཚོས་བྱེད་མི་ཐུབ་པའི་རྒྱུ་མཚན་གང་ཡིན་ནམ།
   ངའི་གོ་ཐོས་ལ་ནག་ཆུའི་འབྲོག་པའི་ཁྱིམ་དུད་གཅིག་གི་བུ་མོ་གཅིག་རྒྱ་ནག་སློབ་གྲྭར་བཏང་སྟེ།   ལོ་ཁ་ཤས་སོང་རྗེས་བུ་མོ་དེ་ཡར་ཡོང་ནས་སྤགས་ཟ་ཡི་མེད་པ་དང་།    ཇ་འཇུང་གི་མེད་པས་ཨ་མ་དེ་འུ་ཐུག་ནས་ད་གུང་ཁྲན་ཏང་གིས་ངའི་བུ་མོ་དེ་སྐུ་དྲག་གི་བུ་མོ་ཞིག་གསོ་སྐྱོང་བྱས་འདུག་ཅེས་བརྗོད།    སྐུ་དྲག་གིས་ཀྱང་སྤགས་ཟ་ཡི་རེད།   དཔེར་ན་ང་རང་ནི་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་སྐབས་བོད་ཀྱི་གཙོ་བོ་ཨང་གཉིས་པ་དེ་ཡིན་ཡང་ངས་སྤགས་ཟ་ཡི་ཡོད།    ཇ་འཐུང་གི་ཡོད།   ཡང་ལུང་བ་གཅིག་གི་བུ་མོ་རྒྱ་ནག་ཏུ་སློབ་སྦྱོང་བྱེད་པར་ཕྱིན་ནས་ཡར་སླེབས་རྗེས།    ཁོ་མོས་རྒྱ་སྐད་ལ་སྐད་ཕུན་སུམ་ཚོགས་པོ་ཡོད་པ་དང་བོད་སྐད་ལ་སྐད་འདང་གི་མི་འདུག་ཟེར་ཏེ་རང་གི་ཕ་མ་ལ་རྒྱ་སྐད་ལས་བོད་སྐད་རྒྱག་གི་མེད་པ་རེད།   ཕ་མ་གཉིས་ཀྱི་སྐད་མི་ཤེས་པས་འུ་ཐུག་ནས་ཁོ་མོར་ཁོག་ཏིར་ལ་རྒྱ་སྐད་ག་རེ་ཟེར་འདྲི་བས་ཁོ་མོས་ཤོད་ཤེས་ཀྱི་མེད་པ་རེད།   མི་དེ་ཚོའི་གནས་ཚུལ་གྱིས་གུང་ཁྲན་ཏང་གི་ངོ་གདོང་ལ་ནག་པོ་བསྐུས་པ་རེད་དམ་དམར་པོ་བསྐུས་པ་རེད།    འཛམ་གླིང་ཐོག་གུང་ཁྲན་ཏང་གི་མཚན་སྙན་དེ་ཡར་བཀྱག་པ་རེད་དམ་མར་འཐེན་པ་རེད།    ལ་ལ་ཕར་ཕྱོགས་སུ་བསྡད་མཁན་ཚོར་མེ་སྒྱོགས་ཀྱི་མདེའུ་སྤྲད་རོགས་བྱས་པ་རེད་མ་རེད།   བྱ་བ་དེ་རྒྱལ་གཅེས་རེད་དམ་རྒྱལ་ཁབ་ལ་གནོད་པ་སྐྱེལ་བ་རེད།
   རྒྱ་རིགས་བློ་མཐུན་ཚོས་བོད་དུ་ལས་དོན་སྒྲུབ་བསམ་ན་བོད་ཡིག་ཏོག་ཙམ་སྦྱོང་ན་ཕན་པ་ཡོད།    སྔོན་ཆད་རླབས་ཆེན་གཙོ་འཛིན་མའོ་ཀྲུའུ་ཞི་དང་ཀྲའོ་ཙུང་ལི་ཡིས།   བོད་ལ་ཡོང་མཁན་གྱི་རྒྱ་རིགས་བློ་མཐུན་ཚང་མས་བོད་སྐད་ཡིན་གཅིག་མིན་གཅིག་སྦྱང་དགོས་ཀྱི་རེད་ཅེས་བཀའ་སློབ་གནང་བས་སྐབས་དེའི་ཧྲུའུ་ཅི་ཀྲང་ཅིང་འུ་དང་།   ཀྲང་གོ་ཧྭ།     དན་ཀོན་སན་ནས་དམག་མི་དཀྱུས་མ་དང་མི་ཆེན་བར་ཚང་མས་བོད་སྐད་སྦྱང་ཡོད་པ་རེད།    འོན་ཀྱང་༡༩༥༩ལོ་ནས་བཟུང་སྟེ་བོད་སྐད་སྦྱོང་མེད་པའི་དབང་གིས་བློ་མཐུན་ཁ་ཤས་བོད་ལ་ལས་དོན་ལོ་སུམ་ཅུ་ཙམ་ལ་སྒྲུབ་ཡོད་ནའང་བོད་སྐད་ཚིག་གཅིག་ཀྱང་རྒྱག་ཤེས་ཀྱི་མེད་པ་རེད།   ཀྲུང་དབྱང་གི་ཡིག་ཨང་དྲུག་པའི་ནང་བོད་དུ་ལས་དོན་སྒྲུབ་མཁན་གྱི་རྒྱ་རིགས་བློ་མཐུན་ཚོས་བོད་སྐད་སྦྱང་དགོས་ཀྱི་རེད་ཅེས་མཛུབ་སྟོན་གནང་ཡོད།    ཚང་མས་བོད་སྐད་ཏོག་ཙམ་སྦྱང་གནང་ན་ལས་ཀ་བྱེད་དུས་སྟབས་བདེ་བོ་ཞེ་དྲག་ཡོད་པ་རེད།
   ངས་རྒྱ་ཡིག་སྦྱོང་དགོས་ཀྱི་མ་རེད་ཟེར་བ་མིན།   བོད་རིགས་གཅིག་ཡིན་ཕྱིན་སྔོན་ལ་བོད་ཡིག་ཡག་པོ་སྦྱངས་ནས་དེ་རྗེས་རྒྱ་ཡིག་སྦྱོང་དགོས་ཀྱི་རེད།   བོད་རིགས་གཅིག་ཡིན་ཕྱིན་བོད་ཡིག་མ་ཤེས་ན་ངོ་ཚ་ཡི་རེད།    ངའི་དགོན་པ་བཀྲིས་ལྷུན་པོར་བོད་ཡིག་སྦྱོང་པའི་རྨང་གཞིའི་ཐོག་རྒྱ་ཡིག་སྦྱོང་གི་ཡོད།   སྐད་ཡིག་ནི་མི་རིགས་དབྱེ་བ་ཕྱེ་སའི་མཚན་རྟགས་གཙོ་བོ་ཞིག་ཡིན་པས་སི་ཏ་ལིང་གིས་གསུང་བའི་མི་རིགས་ཀྱི་རྒྱུ་རྐྱེན་གཙོ་བོའི་ནང་སྐད་ཡིག་དེ་ཚུད་ཡོད་པ་རེད།
   སློབ་གསོའི་ཐད་བཅིངས་གྲོལ་བཏང་ནས་ལོ་ངོ་སུམ་ཅུའི་རིང་བོད་ཀྱི་སློབ་གསོའི་ལས་དོན་ལ་གྲུབ་འབྲས་ཧ་ཅང་ཆེན་པོ་ཐོབ་ཡོད་པ་དང་།    སློབ་གསོའི་ལས་དོན་པས་དཀའ་སྤྱད་འབད་བརྩོན་བྱས་ཏེ་ཤེས་ལྡན་མི་སྣ་འབོར་ཆེན་གསོ་སྐྱོང་བྱས་པས་བྱས་རྗེས་ཆེན་པོ་བཞག་ཡོད་པ་རེད།    རྒྱལ་ཁབ་ཀྱིས་སློབ་གསོའི་ལས་དོན་པར་རེ་བ་ཧ་ཅང་ཆེན་པོ་བྱེད་ཀྱི་ཡོད་པ་རེད།    སླད་ཕྱིན་ཆད་ཀྱི་ལས་འགན་དེ་བས་ལྗིད་པོ་རེད།   སྔོན་ཆད་ང་ཚོར་གྲུབ་འབྲས་ཆེན་པོ་ཐོབ་ཡོད་ཀྱང་ད་དུང་བོད་ཀྱི་འཛུགས་སྐྲུན་དང་གསར་བརྗེའི་བྱ་བཞག་འཕེལ་རྒྱས་འགྲོ་བ་དང་འཚམས་ཀྱི་མེད་པ་མ་ཟད།   བོད་མི་རིགས་འདི་ཉིད་སྔོན་ཐོན་མི་རིགས་ཀྱི་གྲས་སུ་སླེབས་པའི་མཁོ་དགོས་དང་བསྡུར་ན་ད་དུང་རྒྱང་ཐག་ཧ་ཅང་ཆེན་པོ་ཡོད་པ་རེད།     དེའི་རྒྱུ་རྐྱེན་གཙོ་བོ་ནི་རྒྱལ་ཡོངས་ཀྱི་འཐབ་ཕྱོགས་ཁག་ཚང་མ་དང་འདྲ་བར་གཡོན་གྱི་ལམ་ཕྱོགས་ཀྱི་གཏོར་སྐྱོན་འཚབ་ཆེན་ཐེབས་པ་དང་།    ལྷག་པར་དུ་རིག་གནས་གསར་བརྗེ་ཆེན་པོས་སློབ་གསོའི་ཐད་གཏོར་སྐྱོན་འཚབ་ཆེན་བཏང་བའི་རྐྱེན་གྱི་རེད།  དམར་སྲུང་དམག་དེ་ཚོས་རང་དགར་དགེ་རྒན་རྣམས་ལ་དམའ་འབེབས་དང་།   འཐབ་རྩོད།    བརྡུང་རྡེག་བཅས་བཏང་བ་དང་།   སློབ་སྦྱོང་ལ་འབད་བརྩོན་བྱེད་པ་དང་།  ཡོད་ཏན་ཡོད་པའི་མི་དེ་ཚོ་དཀར་མཁས་འགྲོ་ལམ་དུ་འགྲོ་མཁན་རེད་ཟེར་བ་དང་།   རྒྱུགས་ཤོག་སྟོངས་བ་ཡར་སྤྲོད་མཁན་དེ་ཚོ་དཔའ་བོ་རེད་ཟེར་ནས་བསྟོད་བསྔགས་བྱས་རྐྱེན་འཛམ་གླིང་ཐོག་སྔར་བྱུང་མ་མྱོང་བའི་བྱ་བ་ཁྱད་མཚར་དེ་འདྲ་བྱུང་ནས་སློབ་གསོའི་སྲོལ་བཟང་ལ་གཏོར་སྐྱོན་དང་།   སློབ་གྲྭ་བས་དགེ་རྒན་ལ་བརྩི་འཇོག་མ་བྱས་པས་དགེ་རྒན་གྱི་སེམས་ཁམས་ལ་རྨས་སྐྱོན་ཚབ་ཆེན་ཐེབས་པ་རེད།    བོད་ལ་རྒྱལ་ཡོངས་རང་བཞིན་ལྡན་པའི་གནད་དོན་དེ་དག་བྱུང་བ་ཕུད་ད་དུང་བོད་མི་རིགས་ཀྱི་སྐད་ཡིག་ལ་མཐོང་ཆུང་བྱེད་པའི་གནད་དོན་གནས་རྐྱེན་སློབ་གྲྭ་ནས་བོད་ཡིག་སློབ་ཁྲིད་མི་བྱེད་པ་དང་།  སློབ་ཕྲུག་གིས་བོད་ཡིག་མི་སྦྱོང་བ།ཐ་ན་བོད་ཡོག་ཕན་ཐོགས་མི་འདུག་བསམ་གྱི་ཡོད་པ་རེད།  བཟོ་བར་བཅུག་རྒྱུ་དང་སློབ་རིམ་སྤར་བའི་རྒྱུགས་ལེན་བྱེད་སྐབས་རྒྱ་ཡོག་ཁོ་ནས་རྒྱུགས་ལེན་པ་ལས་བོད་ཡིག་ཆུ་ཚད་ཀ་ཚད་ཡོད་ཀྱང་ཕན་ཐོགས་ཀྱི་མེད་པ་དེར་བོད་མི་དམངས་རྣམས་ནས་བསམ་འཆར་ཆེན་པོ་ཡོད་པ་རེད།   ཀྲུང་དབྱང་གིས་ཀྱང་ནོར་འཁྲུལ་གྱི་བྱེད་སྟངས་དེ་ཚོར་སྐྱོན་བརྗོད་གནང་ཡོད་ནའང་ད་བར་མཐིལ་ཕྱིན་པའི་ཐག་གཅོད་བྱུང་མེད་པ་རེད།
   ང་ཚོས་རིག་གནས་གསར་བརྗེ་ཆེན་པོའི་ནང་གི་ནོར་འཁྲུལ་གྱི་བྱེད་སྟངས་དེ་ཚོ་ཡོ་བསྲང་བྱས་ཏེ་སློབ་གྲྭ་བས་དགེ་རྒན་ལ་བརྩི་བཀུར་དང་།    དགེ་རྒན་གྱིས་སློབ་གྲྭ་བར་གཅེས་སྐྱོང་བྱེད་དགོས་ཀྱི་རེད།    དང་ཐོག་སློབ་གྲྭ་བས་བོད་ཡིག་ཡག་པོ་སྦྱོང་བའི་རྨང་གཞིའི་ཐོག་རྒྱ་ཡིག་དང་ཕྱི་རྒྱལ་གྱི་ཡི་གེ་ཡང་ཡག་པོ་སྦྱོང་བ་དང་ཆབས་གཅིག    རྩིས་རིག་དང་དངོས་ཁམས་རིག་པ།   རྫས་འགྱུར་རིག་པ་སོགས་ཡག་པོ་སྦྱངས་ཏེ་འཛམ་གླིང་ཐོག་གི་སྔོན་ཐོན་ཤེས་བྱ་ཁོང་དུ་ཆུད་པ་བྱེད་དགོས།སློབ་གྲྭ་བར་ཀུན་སྤྱོད་ཀྱི་སློབ་གསོ་བརྒྱབ་སྟེ་འབྱོར་ལྡན་གྲལ་རིམ་གྱི་རུལ་སུངས་བསམ་པ་དང་འཚོ་བ་སྐྱེལ་སྟངས་ཀྱི་བསླད་སྐྱོན་ཁྱད་བསད་ཀྱིས་དགེ་རྒན་ལ་བརྩི་བཀུར།   རྒན་རབས་ལ་བརྩི་བཀུར།   ཡོན་ཏན་ཅན་ལ་བརྩི་བཀུར་བཅས་བྱེད་རྒྱུའི་སློབ་གསོ་རྒྱག་རྒྱུར་དགེ་རྒན་ལ་འོས་འགན་ཆེན་པོ་ཡོད།ངའི་གོ་ཐོས་ལ་སློབ་གྲྭ་བར་ད་ལོ་དབྱར་ཀའི་གུང་གསེང་བཏང་སྐབས་ཆབ་མདོ་སློབ་འབྲིང་གི་སློབ་གྲྭ་བ་བུ་དང་བུ་མོ་དྲུག་བདུན་ཙམ།    ཡང་ན་བཅུ་ལྷག་ཙམ་གྱིས་ཁྱིམ་ཚང་ལ་མ་བཤད་པར་རི་ལ་ཟ་ལས་བྱེད་པར་ཕྱིན་ནས་བྱ་བ་ཛ་རེ་ཛོ་རེ་ཁ་ཤས་བྱེད་ཀྱི་ཡོད་པ་རེད།   ཕ་མས་ཁོ་ཚོ་རྙེད་ཀྱི་ཡོད་པ་མ་རེད།    ཁོ་ཚོ་མར་ཡོང་རྗེས་ཕ་མས་སྐྱོན་བརྗོད་བྱས་པ་དེའི་ནང་བུ་མོ་གཅིག་ཁྱིམ་ཚང་ནས་བྲོས་བྱོལ་ཕྱིན་པ་རེད། སློང་གྲྭའི་དགེ་རྒན་ཁ་ཤས་ཀྱིས་སློབ་ཚན་འཚོགས་སྐབས་སློབ་གྲྭ་བར་སྦག་རྒྱག་རྒྱུ་བསླབ་པ་རེད།   རྒྱལ་ཁབ་ནས་ཁྱོད་ལ་ནག་ཆང་ཤོ་སྦག་དེ་བསླབ་ཟེར་ནས་ཕོག་སྤྲད་པ་རེད་དམ།   སློབ་གྲྭ་བར་བོད་ཡིག་མ་བསླབས་པ་དང་།    སློབ་སྲོལ་སྡུག་པ།    ཀུན་སྤྱོད་ཡག་པོ་མེད་པ་དེ་དག་ལ་མང་ཚོགས་ཀྱིས་བཟོད་སྒོམ་བྱེད་ཐབས་བྲལ་བའི་གནས་སུ་གྱུར།     མང་ཚོགས་ཀྱིས་རང་ཉིད་ཀྱི་ཕྲུག་གུ་ཚོ་དགོན་པར་སྐྱེལ་བ་ལས་སློབ་གྲྭར་སྐྱེལ་འདོད་མེད་པའི་རྒྱུ་རྐྱེན་ནི་དགོན་པར་སྐྱེལ་ན་ཡི་གེ་དང་དཔེ་ཆ་སྦྱོང་ཤེས་པར་མ་ཟད།  རེ་བའང་ནན་མོ་བྱེད་ཀྱི་ཡོད་པ་རེད།   སློབ་གྲྭར་སྦྱོང་དགོས་ཡས་ཀྱི་ཡོན་ཏན་དེ་སྦྱང་མ་ཐུབ་པར་སྦག་རྒྱག་རྒྱུ་དང་།   ཆང་འཐུང་རྒྱུ།    བརྙན་འཕྲིན་ཚ་རེ་ཛོ་རེ་དེ་ཚོ་ལྟ་ཡི་ཡོད་པ་རེད།   སློབ་གྲྭ་ནི་རྒྱུད་འཛིན་པ་གསོ་སྐྱོང་བྱེད་ས་ཞིག་ཡིན་པས་དེ་འདྲ་བྱས་ན་རྒྱུད་འཛིན་པ་ག་འདྲ་བྱེད་ཐུབ་བམ།
    སློབ་གྲྭ་བའི་ད་ལྟའི་བསམ་བློ་དང་།   སྤྱོད་ཚུལ།    ཀུན་སྤྱོད།    བསམ་འདུན་ནི་བོད་ཀྱི་འབྱུང་འགྱུར་གྱི་ཚབ་ཡིན་པས་ད་ལྟ་ནས་བཟུང་ཁོ་ཚོར་གསོ་སྐྱོང་ཡག་པོ་བྱས་ན་མ་གཏོགས་བོད་ལ་རེ་བ་ཡོད་པ་མ་རེད།     སློབ་གསོ་བས་མི་རིགས་ལ་འགན་ཁུར་བའི་སྙིང་སྟོབས་འཁྱེར་ནས་ལས་དོན་བྱས་ཏེ་མེས་རྒྱལ་ལ་འགན་ཁུར་དང་བོད་ལ་འགན་ཁུར་བྱེད་དགོས་འཕྲོད་སྟེན་ཐོག་བོད་ཀྱི་གསོ་རིག་འཕེལ་རྒྱས་གཏོང་རྒྱུར་དོ་སྣང་བྱེད་དགོས།   མེས་རྒྱལ་ནང་ཁུལ་དུ་ཕྱི་ལུགས་གསོ་རོག་ལ་མཐོང་ཆེན་བྱེད་པ་དང་།    ཀྲུང་ལུགས་གསོ་རིག་ལ་མཐོང་ཆུང་བྱེད་པའི་གནད་དོན་གནས་ཡོད་པ་དང་།   རང་རེའི་བོད་ལ་ཕྱི་ལུགས་གསོ་རིག་གིས་ཀྲུང་ལུགས་གསོ་རིག་ལ་མཐོང་ཆུང་བྱེད་པ་དང་།   ཀྲུང་ལུགས་གསོ་རིག་གིས་བོད་ལུགས་གསོ་རིག་ལ་མཐོང་ཆུང་བྱེད་པའི་གནད་དོན་གནས་ཡོད་པས་དེ་ཚོ་ཐག་གཅོད་བྱེད་དགོས་ཀྱི་རེད།བོད་རིགས་ཀྱི་རྩོམ་རིག་སྒྱུ་རྩལ་འཕེལ་རྒྱས་གཏོང་རྒྱུའི་སྐོར་ལ་ང་ཚོ་བོད་དུ་སྔོན་མ་ནས་འོད་སྟོང་འབར་བའི་རིག་གནས་གསར་སྐྲུན་བྱས་ཡོད་པས།   ཀྲུང་དབྱང་གི་ཡིག་ཨང་དྲུག་པའི་ནང་རྒྱ་རིགས་ཀྱི་རྩོམ་རིག་སྒྱུ་རྩལ་གྱིས་བོད་རིགས་ཀྱི་རྩོམ་རིགས་སྒྱུ་རྩལ་གྱི་ཚབ་བྱེད་རྒྱུ་མེད་ཅེས་བཀོད་ཡོད་པར་བརྟེན།    མི་རིགས་ཀྱི་རིག་གནས་དང་སྒྱུ་རྩལ་གཅེས་སྐྱོང་དང་འཕེལ་རྒྱས་བཏང་ན་མ་གཏོགས།   མི་རིགས་ཀྱི་སྲིད་ཇུས་ལག་བསྟར་དང་མེས་རྒྱལ་གོང་བུ་གཅིག་གྱུར་སྲུང་སྐྱོབ་བྱེད་རྒྱུར་གནོད་སྐྱོན་ཡོང་གི་རེད།
   ད་ལྟ་ཆབ་མདོར་རྟིང་ཁ་མཐོ་བའི་འཇུར་རྟ་དང་།    ལྭ་པ།   ཉུ་རྩེ་གོ་འཐུང་གོན་མཁན་མང་བོ་འདུག་ཀྱང་ཁོ་ཚོའི་རིག་གནས་ཆུ་ཚད་ག་འདྲ་ཡོད་པ་མི་ཤེས།   ང་ཚོ་པེ་ཅིན་ནས་སོང་པ་ཡིན།    པེ་ཅིན་དུ་ཏེ་སི་ཁོའི་ཞབས་བྲོ་རྒྱག་མཁན་ཡོད་ཀྱང་ཁྲོམ་ལམ་དུ་རྒྱག་མཁན་ཡོད་པ་མ་རེད།    ད་རེས་ང་ཚོ་དཀར་མཛེས་སུ་སླེབས་རྗེས་དེ་གའི་བུ་མོ་ཞབས་ཞུ་བ་འགའ་ཞིག་གིས་ལག་པར་སྡེར་མ་འཁྱེར་བཞིན་པར་ཏེ་སི་ཁོ་ཁྲབ་པས་ང་ནི་ཧ་ལས་བྱུང་། ང་ཕྱི་རྒྱལ་དུའང་འགྲོ་མྱོང་།   ཕྱི་རྒྱལ་དུ་ཆེད་མངགས་ཞབས་བྲོ་རྒྱག་པའི་ས་གནས་ཡོད་པ་དེར་མཚན་འཁྱམ་ཁང་ཟེར།    ཁྲོམ་ལམ་དུ་ཏེ་སི་ཁོ་འཁྲབ་མཁན་མཐོང་མ་བྱུང་།   ང་ཚོས་ཕྱི་རྒྱལ་གྱི་སྔོན་ཐོན་ཚན་རིག་ལག་རྩལ་སློབ་སྦྱོང་བྱེད་དགོས་པ་ལས་བྱེད་སྟངས་མི་ཡག་པ་དེ་ཚོ་སློབ་སྦྱོང་བྱེད་རྒྱུ་མེད།   བོད་ཆས་གྱོན་རྒྱུའི་ཐད།   ན་ནིང་བོད་རང་སྐྱོང་ལྗོངས་བཙུགས་ནས་ལོ་ཉི་ཤུ་འཁོར་བར་རྟེན་འབྲེལ་ཞུ་བའི་སྐབས་བློ་མཐུན་ཧི་ཇི་ལི་དང་།   དན་ཅིང་ཡུན་རྣམ་གཉིས་ཀྱིས་མི་རིགས་ལས་བྱེད་པས་བོད་ཆས་གྱོན་ན་ཡག་པོ་ཡོད་གསུངས།   བློ་མཐུན་ཝུ་ཅིན་ཧཱ་ཡིས་བོད་ཆས་གོན་གནང་ཡོད་པ་རེད།   ང་ཚོའི་བློ་མཐུན་མང་བོ་ཞིག་གིས་གོན་མེད་པ་རེད།    མཐར་རིམ་པ་བཞིན་སློབ་གསོ་བརྒྱབ་ཐོག་བཀའ་ཕབ་རྗེས་གོན་ཀྱང་མི་འགའ་ཞིག་གིས་དེ་རིང་ངས་ཀྲུང་དབྱང་དབུ་ཁྲིད་ཀྱི་བཀའ་སློབ་ལ་བརྟེན་ནས་གོན་པ་ཡིན་ཟེར།   བོད་ཆས་གོན་རྒྱུ་དཀའ་ངལ་འདི་འདྲ་ཡོད་པ་རེད།  ཟླ་བ་དགུ་བའི་ཚེས་གཅིག་ཉིན་ནི་བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་ཉི་ཤུ་འཁོར་བའི་ཉིན་མོ་རེད།    དེ་ཉིན་ཁྲོམ་སྐོར་ལ་སོགས་པའི་བྱེད་སྒོ་སྤེལ།   ཕྱི་དྲོ་བློ་མཐུན་དན་ཅིང་ཡུན་ནས་ང་ལ་མང་ཚོགས་ཀྱི་བཤད་ཚུལ་ག་འདྲ་འདུག་ཅེས་བཀའ་འདྲི་གནང་།   ང་མི་འདི་ཁ་གངས་པོ་ཡིན་ཙམ་ཞུ་དོན་མང་ཚོགས་ཀྱི་བཤད་ཚུལ་ལ་དེ་རིང་བྱེད་སྒོ་མ་གཉི་ཧ་ཅང་ཡག་པོ་འདུག   འོན་ཀྱང་སྐྱོན་ཆ་གཉིས་འདུག    གཅིག་ནི་ཁྲོམ་སྐོར་གྱི་བང་གྲུ་བཞི་མའི་ནང་ཞིང་བ་དང་།    འབྲོག་པ་མདུན་ལ་དར་ཆ་འཁྱེར་མཁན་ཚང་མས་བོད་ཆས་གོན་པ་ཕུད་སྨན་པ་དང་།    ས་ཞིབ་མི་སྣ།   བཟོ་པའི་བང་གྲུ་བཞི་མའི་ནང་བོད་རིགས་མང་བོ་ཡོད་ཀྱང་འགའ་ཞིག་གིས་རྒྱ་ཆས་དང་འགའ་ཞིག་གིས་ཕྱི་གླིང་བའི་གྱོན་ཆས་གོན་འདུག   གནས་ཚུལ་དེའི་ཐོག་ནས་ང་ཚོ་བོད་རིགས་ནི་དུས་ནམ་ཡང་འབྲོག་ལས་དང་།   ཞིང་ལས་བྱེད་ཤེས་པ་ལས་ལག་རྩལ་གྱི་ལས་ཀ་བྱེད་མི་ཤེས་པའི་རྟགས་བསྟན།    གཉིས་ནི་རླངས་འཁོར་ཁ་ལོ་བའི་བང་གྲུ་བཞི་མའི་ནང་དགེ་རྒན་ཚང་མ་རྒྱ་རིགས་བྱས་རྒྱ་ཆས་གོན།དགེ་གཞོན་ཚང་མ་བོད་རིགས་བྱས་བོད་ཆས་གོན་འདུག     དེའི་ཐོག་ནས་ང་ཚོ་ནམ་ཡང་དགེ་གཞོན་ཡིན་པའི་རྟགས་བསྟན་འདུག    མིག་སྔའི་གནས་ཚུལ་ལ་བལྟས་ན་ང་ཚོས་རྒྱ་རིགས་ནས་གནད་དོན་མང་བོ་སློབ་སྦྱོང་བྱེད་དགོས་ཀྱི་རེད།  དེ་ནི་དོན་དངོས་རེད།    འོན་ཀྱང་གནད་དོན་འགའ་ཞིག་ཐད་ང་ཚོས་ཀྱང་དགེ་རྒན་བྱེད་ཆོག་གི་རེད།    ཅེས་ཞུས།    བློ་མཐུན་ཧུ་ཇི་ལི་ཡིས་སྐད་ཆ་དེ་དངོས་གནས་འགྲིག་འདུག    སླད་ཕྱིན་དུས་ཆེན་སྐབས་ལ་ལས་ཁུངས་ཀྱི་བོད་རྒྱ་མི་རིགས་ཚང་མས་བོད་ཆས་གོན་དགོས་པའི་གཏན་འབེབས་བཟོ་དགོས་གསུངས།   ངས་རྒྱ་རིགས་བློ་མཐུན་ཚོས་བོད་ཆས་གོན་པར་རེ་བ་བྱེད་ཀྱི་མེད།   བོད་རིགས་ཀྱི་བོད་ཆས་གོན་ན་ང་ཡིད་ཚིམ་སོང་ཞེས་ཞུས།    བོད་ཆས་གོན་རྒྱུར་ཀྲུང་དབྱང་ནས་དོ་སྣང་ཆེན་པོ་གནང་གི་འདུག     བློ་མཐུན་ཧུ་ཇི་ལི་ཡིས་ཐེངས་གཅིག་ངར་ད་ལྟ་ག་རེ་བྱས་པ་རེད་དམ།   བོད་རིགས་ཀྱིས་བོད་ཆས་གོན་གྱི་མིན་འདུག  དེའི་ཐད་ཕྱི་རྒྱལ་གྱི་མི་མི་ཉུང་བ་ཞིག་གི་བཤད་ཚུལ་འདུག་ཅེས་གསུངས།    ད་ལྟ་ཁྲོམ་རྭར་བཙོང་ཡས་མ་རྒྱ་ཆས་རེད།   ང་ཚོས་བདོ་ཆས་བཟོས་ནས་བཙོང་ན་ཚང་མར་གོན་རྒྱུ་ཡོད་པ་མ་རེད་དམ།
   རྗེ་སྐུ་འབུམ་རྒྱ་རྒྱུད་ཀྱི་བོད་རིགས་ཀྱིས་བོད་སྐད་རྒྱབ་མི་ཤེས་པ་དང་།   རྒྱ་ཆས་གྱོན་གྱི་ཡོད།   ཁོ་ཚོ་རང་ཉིད་ཀྱི་བསམ་པའི་ནང་རང་ཉིད་བོད་རིགས་ཡིན་བསམ་པ་མ་གཏོགས་བོད་རིགས་ཀྱི་ཁྱད་ཆོས་རྩ་བ་ནས་ཡོད་པ་མ་རེད།   དོན་དེ་ལོ་ལྔ་བཅུ་དྲུག་ཅུ་སྔོན་གོ་མིན་ཏང་གི་སྐབས་འགོ་ཚུགས་པ་དང་།   ཀྲུང་གོ་གསར་བའི་སྐབས་མཐིལ་ཕྱིན་པ་དོན་འཁྱོལ་བྱུང་བ་རེད།   དར་རྩེ་མོད་ཡང་རྗེ་སྐུ་འབུམ་རྒྱ་རྒྱུད་ཀྱི་བོད་རིགས་དང་ཁྱད་པར་ཞེ་དྲག་མི་འདུག   ལོ་ལྔ་བཅུ་དྲུག་ཅུ་རྗེས་བོད་ཀྱང་དེ་འདྲར་གྱུར་ན་བོད་རིགས་ཡར་རྒྱས་བྱུང་འདུག་ཅེས་ཤོད་ཐུབ་བམ།    དོན་དེ་མེས་རྒྱལ་ཁ་བྲལ་གཏོང་མཁན་ལ་ལམ་ཞུ་བཏོན་པ་རེད་དམ་མ་རེད།   ཏང་གཤིས་ཡོད་མཁན་ཏང་ཡོན་རྣམས་ཀྱིས་ཀྱང་དགོངས་བཞེས་ཡག་པོ་གནང་རོགས།(རྩོམ་འགན་པ། རྟ་མགྲིན)
འབྲེལ་ཡོད་རྩོམ་ཡིག