སྐད་རིགས་གང་ཡིན་ཀྱང་ཐ་སྙད་ཀྱི་ཆ་ན་ཁྱད་པར་གཏན་ནས་མེད་པ་མ་མཆིས་ཀྱང་ཁྱད་པར་ཡོད་པའི་ཚད་མི་འདྲ་སྟེ། གང་ཞིག་མི་རིགས་ནང་ཁུལ་གྱི་འབྲེལ་འདྲིས་ཟབ་པ་དེར་ཐ་སྙད་མི་འདྲ་བའི་ཁྱད་པར་ཅུང་ཆུང་བ་དང་། མི་རིགས་ནང་ཁུལ་གྱི་འབྲེལ་འདྲིས་དེ་འདྲ་ལེགས་པོ་མེད་པ་ལ། ཐ་སྙད་ཀྱི་ཁྱད་པར་ཅུང་ཟད་ཆེ་བས་རང་རེ་བོད་པ་རྣམས་ཕྱི་མར་གཏོགས་སོ།།
༡.ད་ལྟའི་གནས་ཚུལ།
ཨ་མདོའི་ཡུལ་སྐད་དུ་ད་དུང་ཡང་བརྡ་རྙིང་མང་པོ་སྤྱོད་ཀྱིན་ཡོད་པ་དེ་ནི་སྐད་གསར་བཅད་རིམ་པའི་གཏན་འབེབས་ལྟར་བརྡ་གསར་བར་བསྒྱུར་བ་གཞིར་བྱས་ཀྱི་སྟེང་། རྒྱུན་སྤྱོད་ཀྱི་འཚོ་བའི་ཐ་སྙད་མང་པོ་ཞིག་གཅིག་གྱུར་བྱ་དགོས་ཏེ། ད་ལྟའི་བོད་ཀྱི་ཡུལ་སྐད་སོ་སོའི་ཐ་སྙད་ཀྱི་ཐད་ལ་དཔྱད་ཚེ། ཆོས་སྲིད་རིག་གནས་ཀྱི་ཐ་སྙད་རྣམས་སྒྲའི་ཀློག་ཚུལ་མི་འདྲ་བ་ཙམ་ལས་ཡི་གེའི་གཟུགས་ལ་ཁྱད་པར་ཆེན་པོ་མེད་ཀྱང་། རྒྱུན་ལྡན་གྱི་འཚོ་བའི་ཐ་སྙད་ཀྱི་ཐད་ལ། མདོ་ཁམས་ཀྱི་ཡུལ་སྐད་དུ“ཟ་མ”ཞེས་པར་དབུས་གཙང་སྐད་དུ“ཁ་ལག”ཟེར་ཞིང་། ཐ་སྙད་དེ་མདོ་ཁམས་ཀྱི་སྐད་དུ་ཁ་དང་ལག་པའི་བསྡུས་མིང་དུ་བྱེད་པ་དང་། ཨ་མདོ་དང་ཁམས་ཁུལ་གྱི་སྐད་ལ“གྲིབ་མ”ཟེར་བ་ལ། གབུས་གཙང་སྐད་དུ“གྲིབ་སོ”ཟེར་བ་དང་། དབུས་གཙང་སྐད་དུ“ཁ་བསླུས་རྒྱག་པ”ཞེས་པར་ཡིག་སྐད་དང་མདོ་ཁམས་ཀྱི་སྐད་ལ“མགོ་སྐོར་བའམ”“མགོ་སྐོར་གཏོང་བ”ཟེར་བ་དང་། དབུས་གཙང་སྐད་ལ“ཐ་མག”ཞེས་པ་ལ། དབུས་གཙང་སྐད་ལ“ང་ར”དང་། ཁམས་སྐད་དུ“ང་ར”དང་། ཁམས་སྐད་དུ“ང་རུག”ཟེར་བ་ནི“ང་རང”གི་སྒྲ་ཟུར་ཉམས་པ་ཡིན་ལ། ཨ་མདོའི་འབྲོག་སྐད་དུ“ངར་དགེ”དང་། ཨ་མདོའི་རོང་སྐད་དུ“ཚག་ཤ”ཟེར་བ་ལ། ཨ་མདོའི་སྐད་དུ“སྐམ་ཤ”དང་“ཟོག་ཤ”ཟེར་བ་དང་། ཁམས་སྐད་དུ“རྫ་གུ”ཞེས་པ་ལ། ཨ་མདོའི་སྐད་དུ“རྫ་ཁོག་”གམ“ས་ཁོག”ཟེར་བ་དང་། ཁམས་འབའ་ཐང་སྐད་དུ“ཤེལ་མིག”དང་། “སྔས་མགོ”“བསིལ་གྲིབ”ཟེར་བ་ལ། ལྷ་སའི་སྐད་དུ་རིམ་བཞིན“མིག་ཤེལ”དང་། “མགོ་སྔས”“གྲིབ་བསིལ”ཟེར་བ་ལྟ་བུས་མཚོན་ཏེ། ཡུལ་སྐད་སོ་སོར་བརྗོད་དོན་གཅིག་ལ་མིང་ཐ་དད་པ་སྤྱོད་པ་ནི་ཐ་སྙད་མཐུན་པོ་མེད་པའི་ཕྱོགས་ཤིག་རེད།
དེ་ལས་གཞན་དུ་ན། དབུས་གཙང་སྐད་དང་ཡུལ་སྐད་གཞན་གྱི་ཐ་སྙད་ཐད་གཅིག་གྱུར་མེད་པའི་གནད་དོན་ཞིག་ནི། ཞེ་ཚིག་གི་སྤྱོད་གོ་དེ་ཡིན་ཏེ། དབུས་གཙང་སྐད་དུ། སྐུ་ར་དང་། སྐུ་རགས། སྐུ་ཤེད། སྙན་ཅོག སྙན་སྐོར། ཕྱག་སྐུད། ཕྱག་མདའ། ཕྱག་ལྡེ་ཞེས་ཞི་ས་སྦྱོར་བ་ལ། ཨ་མདོའི་སྐད་དུ། ཆང་དང་། སྐེ་རགས། ཤེད། རྣ་ཅོག རྣ་ལུང་། སྐུད་པ། མདའ། ལྡེ་མིག་ཅེས་པ་སོགས་ཐ་སྙད་སྤྱིར་བཏང་བ་ལས་ཞེ་ཚིག་སྦྱོར་སྲོལ་མེད་པས། ཨ་མདོ་པས་དབུས་གཙང་སྐད་ཀྱི་ཞེ་ཚིག་གི་ཧ་མ་གོ་བར་རྒོད་གཏམ་མང་པོ་བྱུང་བའི་གནས་ཚུལ་དེ་འདྲ་བྱུང་དང་འབྱུང་གིན་ཡོད་པ་རེད།
གཞན་ཡང་། མི་རིགས་གཞན་གྱི་ཐ་སྙད་གཡར་སྤྱོད་བྱེད་པའི་སྐབས་སུ། སྐད་རིགས་གང་ལ་བརྟེན་པའི་ཁྱད་པར་མི་འདྲ་བའི་དབང་གིས། ཐ་སྙད་མི་འདྲ་བ་བྱུང་བ་སྟེ། དབུས་གཙང་སྐད་དུ། ཀྲོ་མ་ཀྲུ། ཀྲོན། ཆི་པི་ཁ། ཏཱ་སེ། ཏར་ཁང་། པ་སེ། པ་ཏི། མོ་ཊ་ལྟ་བུ་རྒྱ་གར་དང་དབྱིན་ཇི། སོག་པོ་བཅས་ལ་ས་ཁུལ་གཞན་བས་འབྲེལ་འདྲིས་བྱེད་སྔ་བས། དེ་རིགས་ཀྱི་སྐད་ལས་ཕྱུང་བའི་ཐ་སྙད་ཅུང་མང་བ་དང་། ཁམས་ཀྱི་ཡུལ་ནི་རྒྱ་ནག་དང་འདབས་འབྲེལ་ཞིང་རྒྱ་རིགས་དང་འགྲོ་འོང་ཟབ་པས། ཁམས་སྐད་དུ་སྤྱོད་པའི་རྒྱ་སྐད་ཀྱི་ཐ་སྙད་དབུས་གཙང་སྐད་ལས་ཅུང་མང་སྟེ། ཞམ་ཚལ། ཏན་སྤྱིན། དུར་ཧུར། ཞལ་ཙེ། མོག་མོག ཞམ་ཏུར། ཇར་ཇར། ཀྲིན་རླུང་ལྟ་བུས་མཚོན་ཏེ། དངོས་པོ་གང་ཞིག་ཐོག་མར་གསར་དུ་དར་ཚེ། བོད་སྐད་རང་གི་ཐ་སྙད་རྣལ་མ་དེ་མ་བྱུང་བའི་སྔོན་དུ་སྐད་རིགས་གང་ལ་ཁུངས་བརྟེན་ཚུལ་མི་འདྲ་བའི་དབང་གིས་ཐ་སྙད་མ་འདྲ་བ་བྱུང་བ་ནི། བོད་སྐད་ཀྱི་ཐ་སྙད་གཅིག་གྱུར་མི་ཡོང་བའི་ཕྱོགས་གཞན་ཞིག་རེད་འདོད་དོ།།
བརྒྱ་ལ་འབྱུང་ཁུངས་མཐུན་ཡང་སྒྲའི་ཀློག་ཚུལ་གྱི་དབང་གིས་ཡི་གེར་འབྲི་ལུགས་མི་འདྲ་བ་བྱུང་བ། 主任ལ་ཀྲུའུ་རིན་དང་། ཀྲུའུ་རེན། 乡ལ་ཞང་དང་ཤང་། 局ལ་ཅུས་དང་ཅུ། ཅུའུ་ཞེས་པ་སོགས་ཀྱང་སྒྲའི་སྟེང་ནས་ཐ་སྙད་གཅིག་གྱུར་མི་ཡོང་བའི་རྐྱེན་གཅིག་རེད། ཡུལ་སྐད་གཅིག་ཡིན་ཡང་ཐ་སྙད་གཅིག་མཐུན་ཡིན་པའི་ངེས་པ་མེད་དེ། གཞིས་ཀ་རྩེའི་སྐད་ལ“གསིང་མ”ཞེས་པར། ལྷ་སའི་སྐད་དུ“སྤང”དང་། གཞིས་ཀ་རྩེས“སྐྱེམ”ཞེས་པ་ལ་ལྷ་སས“འཇར་མ”ཟེར་བ་དང་། གཞིས་ཀ་རྩེས“གནམ་ནག”ཅེས་པ་ལ། ལྷ་སའི་སྐད་དུ“ས་རུབ”ཟེར་བ་བཞིན་དུ། ཁམས་སྡེ་དགེའི་སྐད་ལ“གྲུ་བཞི”ཞེས་པར། འབའ་ཐང་སྐད་ལ“ཨ་ཀག”ཟེར་བ་དང་། སྡེ་དགེས“ཅ་ཁ”ཟེར་བ་ལ། འབའ་ཐང་གིས“སེ་ར”ཟེར་བ་དང་། སྡེ་དགེའི་སྐད་ལ“བརྒྱབ”ཅེས་པར། འབའ་ཐང་སྐད་ལ“བླུགས”ཟེར་བ་དང་། ཨ་མདོའི་དཔའ་ལུང་སྐད་ལ“ཨ་བོ”ཟེར་བ་ལ། བསང་ཆུའི་ཕྱོགས་སུ“ཨ་དགའ”ཟེར་བ་དང་། མགོ་ལོག་སྐད་དུ“ཁོ་རེ”དང་། “མོ་རེ”ཟེར་བ་ལ། མཚོ་སྔོན་པོའི་ཡུལ་དུ“ཁོར་ག”དང་“མོར་ག”ཞེས་པ་ལྟ་བུས་མཚོན་པ་ལྟར། བོད་ཀྱི་ཡུལ་སྐད་སོ་སོའི་ཐ་སྙད་གཅིག་གྱུར་མ་ཡོང་བ་གནད་དྲིལ་ན། ཡུལ་སྐད་རང་སྟེང་གི་ཐ་སྙད་སྤྱོད་ཆེ་བས་ཕན་ཚུན་གོ་བརྡ་འཕྲོད་དཀའ་བ་དང་། བརྡ་གསར་རྙིང་གི་སྤྱོད་ལུགས་གཅིག་གྱུར་མ་བྱུང་བས་གཅིག་མཐུན་མ་བྱུང་བ། ཞེ་ཚིག་གི་སྤྱོད་སྒོ་མི་འདྲ་བས་ཐ་སྙད་དེ་རིགས་ཀྱི་གྲུབ་ལུགས་དང་སྦྱོར་ཚུལ་མི་མཚུངས་པ། གསར་དུ་བྱུང་བའི་དངོས་པོ་དག་ལ་མིང་རེ་སྦྱོར་སྐབས་ཐ་སྙད་གཡར་སྤྱོད་བྱེད་པའི་ཁུངས་མི་འདྲ་བཅས་བཞིར་འདུ་སྟབས། ཡི་གེའི་བཀླག་གདངས་མ་མཐུན་པས་ཐ་སྙད་གཅིག་གི་སྒྲའི་ཀློག་ཚུལ་མི་འདྲ་བ་དང་། ཐ་སྙད་མི་འདྲ་བས་ཚིག་གི་སྦྱོར་བ་གྲུབ་ལུགས་མི་མཐུན་ཞིང་། དེའི་དབང་གིས་བོད་མི་ནང་ཁུལ་དུ་ཕན་ཚུན་རབ་གོ་བརྡ་སྤྲོད་དཀའ་བའི་གནས་ཚུལ་འདི་འདྲ་བྱུང་ཕྱིར། ཡི་གེའི་ཀློག་ཚུལ་གཏན་འབེབས་བྱས་པའི་རྨང་གཞིའི་སྟེང་། སྔོན་བཀས་བཅད་ཀྱི་སྲོལ་ག་ལྟར་ཐ་སྙད་གཏན་འབེབས་གཅིག་གྱུར་བྱེད་པ་ནི། བོད་ཀྱི་སྤྱི་སྐད་ཅིག་ཆགས་པའི་རྨང་གཞིའི་ལས་ཀ་གལ་ཆེན་ཞིག་རེད།
༢.བོད་སྤྱིས་སྤྱོད་པའི་ཐ་སྙད་གཅིག་གྱུར་བཟོ་ཚུལ།
ཚིག་གི་སྦྱོར་བ་འགྲུབ་བྱེད་ཀྱི་མིང་ངམ་ཐ་སྙད་རྣམས་གཅིག་གྱུར་མ་བྱུང་ན། ཚིག་གི་སྦྱོར་བ་ཐ་དད་དུ་འགྱུར་ཞིང་། དེ་ལྟར་གྱུར་ཚེ་མི་ཕན་ཚུན་བར་གོ་བརྡ་འཕྲོད་དཀའ་བར་འགྱུར་ཕྱིར། ཡུལ་སྐད་སོ་སོའི་རྒྱུན་སྤྱོད་ཀྱི་ཐ་སྙད་རྣམས་གཅིག་གྱུར་བཟོ་དགོས་ཤིང་། དེ་ལྟར་བྱེད་པ་ལ་ཐབས་གཙོ་བོ་འདི་དག་སྤྱད་དགོས་ཏེ།
(༡)རྒྱུན་སྤྱོད་ཀྱི་ཐ་སྙད་རྒྱུགས་ཆེ་བ་རྣམས་གཅིག་གྱུར་བྱེད་པ།
དེ་ལ་དུང་དཀར་རིན་པོ་ཆེས། དེང་སང་ཁ་ཐོག་ནས་བཤད་རྒྱུན་ཡོད་པའི་སྐད་ལ་ཁ་སྐད་ཟེར་བ་དང་། ཁོ་ཐོག་གི་བཤད་རྒྱུན་དང་མི་འདྲ་བར་ཡིག་ཐོག་ཏུ་བྲིས་པའི་སྐད་ཆ་དེ་ལ་ཡིག་སྐད་ཟེར་ཞིང་། དེ་ཡང་ས་གནས་འགའ་ཞིག་གི་ཡུལ་སྐད་དེ་ས་གནས་གཞན་ཞིག་ལ་ཡིག་སྐད་ཡིན་པ་དང་། ས་གནས་འགའ་ཞིག་གི་ཡིག་སྐད་དེ་ས་གནས་གཞན་ཞིག་ལ་ཡུལ་སྐད་ཡིན་པ་དེ་འདྲ་རེད་ཅེས་བསྟན་པ་ལྟར། ཡུལ་སྐད་དུ་བྱུང་བའི་ཐ་སྙད་གང་ཡིན་ཡང་གནའ་ནས་ཡིག་ཐོག་ཏུ་བྱུང་ཞིང་ཀུན་གྱིས་དེ་ལྟར་གོ་ན་ཐ་སྙད་དེ་རང་བེད་སྤྱོད་བྱེད་པ་དང་། ཡུལ་སྐད་དུ་མ་ཟད་ཡིག་ཐོག་ཏུ་འབྱུང་གིན་མེད་པའི་ཐ་སྙད་རྣམས་ནི་གང་ཁྱབ་ཆེ་ཞིང་། དོན་གྱི་གོལ་ས་མི་འབྱུང་བ་དེ་སྤྱོད་པར་བྱེད་པ་དང་། ཡུལ་སྐད་སོ་སོར་ཐ་དད་འབྱུང་ཞིང་བཀོལ་ཁྱབ་འདྲ་བའི་ཐ་སྙད་དག་གང་ཞིག་གོ་བདེ་ཞིང་བརྡ་སྤྲོད་ཀྱི་སྦྱོར་ལུགས་དང་མཐུན་པ་དེ་བེད་སྤྱད་དེ། རྒྱུན་སྤྱོད་ཀྱི་ཐ་སྙད་རྣམས་གཅིག་གྱུར་བྱེད་པ་ནི། ཐ་སྙད་གཅིག་གྱུར་བྱེད་པའི་ཐོག་མའི་བྱ་བ་ཞིག་རེད་སྙམ་མོ། །
(༢)གསར་དུ་བྱུང་བའི་ཐ་སྙད་རྣམས་གཅིག་གྱུར་བྱེད་པ།
ད་ལྟའི་དུས་འདི་ནི་དངོས་པོ་གར་བ་ཆར་ཤུལ་གྱི་ཤ་མོ་བཞིན་བརྡོལ་ཞིང་། བརྡ་འཕྲིན་བླ་ལྷག་གིས་འཕེལ་བའི་སྐབས་ཤིག་ཡིན་པས། ཇི་སྐད་དུ་རྣམ་བཤད་རིགས་པར། མི་དུ་གདགས་པར་མ་མཛད་ན། འཇིག་རྟེན་ཐམས་ཅད་རྨོངས་པར་འགྱུར། །དེ་ཕྱིར་རྨོངས་པ་སེལ་བའི་ཕྱིར། །མགོན་པོས་མིང་དུ་གདགས་པར་མཛད། །ཅེས་པ་ལྟར་དངོས་པོ་རེ་ལ་མིང་རེ་སྦྱར་དགོས་པ་སྨོས་མ་དགོས་ཀྱང་། གསར་དུ་བྱུང་བའི་ཐ་སྙད་རྣམས་གཅིག་གྱུར་མ་བྱུང་ན། ཉོག་དྲ་གསར་བ་བསྐྱར་དུ་བཟླ་བར་འགྱུར་ཕྱིར། “བོད་ཡིག་གི་གསར་བྱུང་ཐ་སྙད་གཅིག་གྱུར་གཏན་འབེབས་བྱེད་རྒྱུ་ནི། བོད་ཀྱི་སྤྱི་སྐད་ཚད་ལྡན་མ་འོངས་དར་རྒྱས་ཀྱི་འགག་རྩ་ཡིན་པར”བསམ་སྟེ། བོད་ཆོལ་ཁ་གསུམ་གྱི་མཁས་པ་མཉམ་འདུས་ཀྱིས་ཐ་སྙད་གསར་བ་གཅིག་གྱུར་གཏན་འབེབས་བྱེད་པའི་ལས་ཁུངས་གཟུགས་ཤིང་། དེས་གཏན་འབེབས་བྱས་ཟིན་རྗེས་སྐད་ཡིག་བཀོལ་སྤྱོད་བྱེད་པའི་སློབ་གྲྭ་དང་། རླུང་འཕྲིན་ཁང་། བརྙན་འཕྲིན་ཁང་། ཚགས་པར་ཁང་། དཔེ་སྐྲུན་ཁང་སོགས་ཀྱིས་མི་རིགས་གཅིག་གྱུར་གྱི་རྩ་བའི་འདུག་མར་དམིགས་ཏེ། ཐ་སྙད་དེ་ལས་གཞན་གང་བྱུང་དུ་མི་སྤྱོད་པ་ནི་སྐད་ཆ་གཅིག་གྱུར་ཡོང་བའི་གནད་དོན་གལ་ཆེན་ཞིག་རེད།
(༣)ཡིག་ཐོག་གི་ཐ་སྙད་རྣམས་བཀོལ་སྤྱོད་ཡག་པོ་བྱེད་པ།
བོད་བཙན་པོའི་དུས་སྐབས་སུ་བོད་ཀྱི་ཡུལ་ཁམས་སོ་སོར་ཡུལ་སྐད་ཀྱི་ཁྱད་པར་ཆེན་པོ་མེད་པར་མ་ཟད། སྔ་ཕྱིར་བྱེ་བྲག་རྟོགས་བྱེད་ཆེན་མོ་དང་། སྒྲ་སྦྱོར་བམ་པོ་གཉིས་པ་སོགས་ཡི་གེའི་དག་སྡེབ་དང་བརྡ་བཀྲོལ་མིང་མཛོད་མང་པོ་བཞེངས་པའི་དང་གིས། བོད་མི་རྣམས་མིང་གི་སྦྱོར་བ་གྱ་ནོམ་ཞིང་སྦྱོར་ཚུལ་ཀུན་ནས་མཐུན་པའི་སྐད་ཆ་དང་རིག་གནས་ཀྱི་ཕང་བར་འཚོ་ཞིང་། དེའི་དབང་གིས་ཡུལ་སྐད་ལ་ཧེ་བག་ཆེ་ཡང་ཡིག་ཐོག་ཏུ་ཁྱད་པར་མེད་ཅིང་ཀུན་གྱིས་གོ་བའི་སྣང་ཚུལ་འདི་བྱུང་འདུག་ཕྱིར། ཡུལ་སྐད་དག་རིམ་བཞིན་ཡིག་སྐད་དང་ཉེ་བར་ཕྱོགས་ཏེ། ཡིག་སྐད་ཀྱི་ཐ་སྙད་རྣམས་རྒྱུན་ལྡན་གྱི་སྤྱི་ཚོགས་འཚོ་བའི་ནང་དུ་སྤྱོད་ཅིང་། བོད་ཀྱི་ཡིག་སྐད་དང་དེ་ལས་བྱུང་བའི་ཐ་སྙད་རྣམས་བོད་ཀྱི་སྤྱི་སྐད་ལེགས་པོ་ཞིག་ཆགས་པའི་རྨང་གཞི་ཉིད་དུ་བལྟ་བར་བྱའོ།།
དེ་དང་དུས་མཚུངས་སུ་ཡུལ་སྐད་ཀྱི་བསླད་མ་ཞུགས་ཤིང་ཕྱོགས་རིས་ཀྱི་དྲི་མས་མ་གོས་པའི་མིང་མཛོད་དང་དག་ཡིག་སོགས་བརྩམས་པའི་རྨང་གཞིའི་སྟེང་། བོད་མི་སུ་ཡིན་ཡང་ཀུན་གྱིས་གོ་བའི་ཐ་སྙད་དེ་སྤྱོད་ཅིང་ཕལ་ཆེ་བ་དང་བསྟུན་པར་བྱེད་པ་དང་། བསླབ་དེབ་དང་ཚགས་པར། བརྙན་འཕྲིན་དང་རྩོམ་རིག རླུང་འཕྲིན་དང་ཆ་འཕྲིན་སོགས་གང་གིས་ཀྱང་བོད་སྤྱི་ལ་ཕྱོགས་ཤིང་། གཅིག་གྱུར་གྱི་ཐ་སྙད་བཀོལ་སྤྱོད་བྱས་ན། ད་གཟོད་བོད་སྐད་འདི་སྔར་གྱི་དུས་བཞིན་གཅིག་མཐུན་དུ་ཡོང་ངེས་པ་གནོད་མི་ཟའོ། །
༣.དེ་ལྟར་འདོད་པའི་སྒྲུབ་བྱེད།
སྐད་ཆ་ནི་མི་རིགས་ཤིག་གི་བསམ་པ་མཉམ་དུ་སྦྲེལ་བྱེད་ཀྱི་འཁྲི་ཐག་ལྟ་བུ་ཡིན་པར་བརྟེན། སྐད་ཆ་ཇི་ལྟར་མཐུན་ན་འབྲེལ་འདྲིས་འདྲིས་དེ་ལྟར་སླ་ཞིང་།འབྲེལ་བ་གང་ལྟར་ཟབ་ན་བསམ་པ་དེ་ལྟར་མཐུན་ཕྱིར། སྐད་ཆ་གཅིག་གྱུར་ཡོང་བ་ནི་མི་རིགས་ནང་ཁུལ་དུ་མཐུན་པོ་ཡོང་བའི་འགག་དོན་དུ་བལྟ་དགོས། དེ་བས་ཐ་སྙད་གཅིག་གྱུར་བཟོ་བ་སྐད་ཆ་གཅིག་མཐུན་ཡོང་བའི་རྨང་གཞི་ཉིད་དུ་བལྟས་ཏེ། ཡི་གེའི་གདངས་ལ་བལྟོས་བས་ཀྱང་ཐ་སྙད་གཅིག་མཐུན་ཡོང་བ་གནད་དམ་པར་འཛིན་དགོས། དེའི་རྒྱུ་མཚན་ནི་ཡི་གེའི་གདངས་མི་མཐུན་ཡང་ཡི་གེའི་གཟུགས་མཚུངས་ན་ཡིག་ཐོག་ཏུ་བརྡ་སྟོན་པར་མི་གནོད་ཀྱང་། ཐ་སྙད་མ་མཐུན་ན་ངག་ཐོག་དང་ཡིག་ཐོག་གཉིས་ཀར་བརྡ་སྤྲོད་ཐབས་བྲལ་བས། སློབ་དཔོན་ཆེན་པོ་ཀླུ་སྒྲུབ་ཞབས་ཀྱིས། ཐ་སྙད་ལ་ནི་མ་བརྟེན་པར། །དམ་པའི་དོན་ནི་བསྟན་མི་ནུས། །དམ་པའི་དོན་ནི་མ་རྟོགས་པར། །མྱ་ངན་འདས་པ་ཐོབ་མི་འགྱུར། །ཞེས་དང་། སློབ་དཔོན་ཐོན་མིས་ཀྱང་། མིང་ཚིག་གསལ་བ་མེད་ན་ནི། །དོན་རྣམས་བརྗོད་པར་མི་འགྱུར་རོ། ། ཞེས་སོགས་གསུངས་པ་ལྟར། ཡ་ཧུ་དཱ་པ་རིགས་ཀྱིས་ཡོངས་སུ་ཉམས་ནས་བགྲང་བྱ་སྟོང་ཕྲག་གཉིས་ལྷག་བརྒལ་པའི་རང་ཉིད་ཀྱི་ཕ་སྐད་དེ་སླར་གསོ་བྱེད་ཐུབ་པའང་མིང་བརྡ་མང་པོ་ཕྱོགས་གཅིག་ཏུ་བསྡེབས་པའི་མིང་མཛོད་པོད་བཅུ་ཕྲག་ལྷག་བརྩམས་པའི་འཕྲིན་ལས་ལ་བརྟེན་པའི་དོན་དངོས་ཀྱིས་དངོས་ར་སྤྲོད་ཐུབ་ཅིང་། གཞུང་ལུགས་གང་འཁྲིད་ཀྱང་ཐོག་མར་བརྡ་ཆད་ནས་མགོ་ཚུགས་ཏེ་ད་གཟོད་སྐབས་དོན་དངོས་ལ་འཇུག་པའི་སྲོལ་ལུགས་ལྟར། སྔར་གཅིག་མཐུན་དུ་སྤྱོད་པའི་ཐ་སྙད་རྣམས་གང་ཐུབ་ཅི་ཐུབ་ཀྱིས་བེད་སྤྱོད་བྱེད་པ་དང་། ད་ལྟའི་ཐ་སྙད་མི་མཐུན་པ་རྣམས་གང་རྒྱུགས་ཆེ་བ་དེ་དང་བསྟུན་ཏེ་གཅིག་གྱུར་དང་། མ་འོངས་འབྱུང་འགྱུར་གྱི་ཐ་སྙད་གསར་བ་རྣམས་ཐོག་མ་ཉིད་ནས་གཅིག་གྱུར་གཏན་འབེབས་བཟོས་ཏེ་མིང་མཛོད་དུ་བསྒྲིགས་ཤིང་བོད་མི་ཀུན་གྱིས་མིང་མཛོད་དང་བསྟུན། མིང་མཛོད་བོད་ཀྱི་སྐད་ཆའི་སྦྱོར་ལུགས་ལྟར་འགྲིགས། སྐད་ཆའི་སྦྱོར་བ་སུམ་རྟགས་ཀྱི་དགོངས་པ་ལྟར་སྦྱར་བ་ཡིན་ན། བོད་ཀྱི་སྤྱི་སྐད་ཟེར་བ་དུས་ཡུན་ཐུང་ངུ་ཞིག་གི་ནང་དུ་ཆགས་པར་འགྱུར་རོ།།(རྩོམ་འགན་པ། རྟ་མགྲིན)