ཤིན་ཧྭ་གསར་ཁང་པེ་ཅིང་ནས་ཟླ ༣ ཚེས ༡༨ ཉིན་གློག་འཕྲིན་འབྱོར་གསལ། ཉེ་ཆར་སློབ་གསོ་པུས《༢༠༡༥ལོའི་མཐོ་རིམ་སློབ་གྲྭ་དཀྱུས་མའི་སློབ་བསྡུའི་རྒྱལ་ཡོངས་ཀྱི་གཅིག་གྱུར་རྒྱུགས་ལེན་དང་རྒྱུགས་བཅོས་ལས་དོན་གྱི་གཏན་འབེབས》པར་འགྲེམས་བྱས་པའི་ནང་བརྙན་འབེབས་རྒྱུགས་སྤྲོད་རྒྱུགས་ཤོག་ཉར་ཚགས་བྱེད་པའི་དུས་ཡུན་ནི་རྒྱུགས་ལེན་སྦྱངས་འབྲས་ཁྱབ་བསྒྲགས་བྱས་པ་ནས་བཟུང་གི་ཟླ་བ ༦ བར་ཡིན་པ་དང་། རྒྱུགས་སྤྲོད་རྒྱུགས་ཤོག་བརྙན་འབེབས་དང་། རྒྱུགས་བཅོས་ཆ་འཕྲིན(རྒྱུགས་བཅོས་སྐབས་ཀྱི་གྲངས་གཞི་ཚུད་པ) རྒྱུགས་སྤྲོད་སློབ་མའི་སྦྱངས་འབྲས་སོགས་ཉར་ཚགས་ཀྱི་དུས་ཡུན་ནི་རྒྱུགས་ལེན་སྦྱངས་འབྲས་ཁྱབ་བསྒྲགས་བྱས་པ་ནས་བཟུང་གི་ལོ ༣ བར་ཡིན་པ་གསལ་པོ་འཁོད་ཡོད།
རྒྱུགས་ལེན་རྒྱུགས་བཅོས་ཆེད་བསྐོས་ལས་དོན་མི་སྣར་གཏན་འབེབས་ནང་རྒྱུད་གཅིག་གཉེན་ཉེའམ་ཡང་ན་འབྲེལ་བ་ཟབ་མོ་ཡོད་པའི་མི་སྣ་སྐབས་དེའི་རྒྱལ་ཡོངས་ཀྱི་གཅིག་གྱུར་རྒྱུགས་ལེན་ནང་ཞུགས་ཡོད་ཚེ། རྒྱུགས་ཤོག་གི་དྲི་བ་དྲི་ལན་དང་། རྒྱུགས་བཅོས་དཔྱད་གཞི། རྒྱུགས་སྤྲོད་རྒྱུགས་ཤོག་སོགས་གསང་འབྲེལ་དཔྱད་ཡིག་དང་འབྲེལ་བ་བྱེད་མི་ཆོག ཞོར་འགན་འཁུར་མཁན་གྱི་རྒྱུད་གཅིག་གཉེན་ཉེའམ་ཡང་ན་འབྲེལ་བ་ཟབ་མོ་ཡོད་པའི་མི་སྣ་སྐབས་དེའི་རྒྱལ་ཡོངས་ཀྱི་གཅིག་གྱུར་རྒྱུགས་ལེན་ནང་ཞུགས་ཡོད་ཚེ་རྒྱུགས་ལེན་ལས་དོན་ནང་ཞུགས་མི་ཆོག་པའི་ནན་བཤད་བྱས་ཡོད།
ཉེ་བའི་ལོ་ཤས་ནང་ས་ཁུལ་ཁག་གཅིག་ཏུ་ཐོལ་བྱུང་དོན་རྐྱེན་སོགས་ཐོན་ནས་རྒྱུགས་ལེན་མཚམས་འཇོག་པ་དང་ཕྱིར་འགྱངས་བྱེད་པ་སོགས་ཀྱི་གནས་ཚུལ་ལ་དམིགས་ནས་གཏན་འབེབས་ནང་རྒྱུགས་ཤོག་པར་འདེབས་ནོར་འཁྲུལ་ཤོར་བ་དང་། རང་བྱུང་གི་གནོད་འཚེ་ཐོན་པ། ཐོན་བྱུང་གི་དོན་རྐྱེན་གཞན་དག་ཐོན་པ་སོགས་བྱུང་ནས་རྒྱལ་ཡོངས་ཀྱི་གཅིག་གྱུར་རྒྱུགས་ལེན་དུས་ཚོད་ཕྱིར་འགྱངས་བྱས་ཚེ། རྒྱུགས་ལེན་ཁུལ་གྱི་ཀྲུའུ་རེན་གྱིས་འཕྲལ་དུ་ཞིང་ཆེན་རིམ་པའི་སློབ་གསོ་རྒྱུགས་ལེན་སྒྲིག་གཞིར་སྙན་སེང་ཞུས་ནས་རྒྱུགས་ལེན་མཚམས་འཇོག་པའི་དུས་ཚོད་ནར་འགྱངས་བྱ་རྒྱུའི་ཆོག་མཆན་འབུལ་དགོས། ནར་འགྱངས་བྱེད་པའི་རྒྱུགས་ལེན་དུས་ཚོད་དེ་རྩ་དོན་ཐོག་སྐར་མ ༣༠ ལས་བརྒལ་མི་ཆོག་པ་གསལ་པོར་འཁོད་ཡོད།(རྩོམ་འགན་པ། རྟ་མགྲིན)