ཀྲུང་གོའི་བོད་ལྗོངས་དྲ་བ།>སློབ་གསོ།

ཀྲུང་གོའི་བྱིས་པས་དབྱིན་ཡིག་སྦྱོང་བའི་ལོ་ཚོད་ཡག་ཤོས།

2015-08-13 སྒྲོལ་མས་བསྒྱུར།
   1967ལོར། ལེན་ནེ་བྷེར་གྷ(Lenneberg)ཡིས་སྐད་སློབ་པའི་དུས་ཚོད་ཡག་ཤོས་ཞེས་པའི་གཞུང་གྲགས་ཆེན་ཞིག་བརྩམས། གཞུང་དེ་ལྟར་ན། བྱིས་པས་སྐད་སློབ་པའི་ནུས་པ་ཁྱད་དུ་འཕགས་པ་ནི་ལུས་ཁམས་ལ་རག་ལས་པ་དང་། སྐད་ཆ་ནི་ཀླད་པའི་ཐོན་རྫས་ཤིག་ཡིན་པས་ངེས་པར་དུ་སྐྱེ་དངོས་ཀྱི་དབང་པོས་ཚད་བཀག་ཐེབས་ཤིང་། བྱིས་པ་ལ་མཚོན་ན་ལོ་2ནས་གཞོན་ནུའི་དུས་སྐབས(ལོ་10~12)ལ་མ་སླེབས་པའི་གོང་དུ་ཀླད་པའི་གཡས་དུམ་གཡོན་དུམ་གཉིས་ཀ་སྤྱོད་པས་སྐད་སློབ་པར་ཚོར་བ་ཤིན་ཏུ་སྐྱེན་ཞིང་ལུས་ཁམས་ཀྱི་དབང་པོ་གང་མྱུར་གྱིས་སྙོམ་སྒྲིག་བྱེད་ཐུབ་པས་སྐད་རིགས་སློབ་པའི་རང་བྱུང་གི་ཆོས་ཉིད་ལའང་མཐུན་ཞེས་ཟེར།
   ན་གཞོན་ཏུ་གྱུར་རྗེས། ཀླད་པ་སྨིན་ཐག་ཆོད་ལ་ཉེ་བས། ཀླད་པའི་ཕྱོགས་གཅིག་མ་གཏོགས་བཀོལ་མི་ཐུབ་ཅིང་།  སྐད་ཡིག་སྦྱོང་བའི་ནུས་པ་ཐུན་མོང་མ་ཡིན་པ་དེའང་ཡལ་ནས་རྒྱུན་སྤྱོད་ཀྱི་ཤེས་རྟོགས་དང་ཆ་འཕྲིན་བསྡུ་ལེན་བྱེད་པའི་ནུས་པ་གསར་བ་ཞིག་ཆགས་ལ། དེ་དང་བསྟུན་ནས་སྐད་ཡིག་སློབ་པའི་ནུས་པའང་མགྱོགས་མྱུར་ངང་ཇེ་དམའ་རུ་གྱུར།
   སྐད་རིགས་གཉིས་པ་སློབ་པར་དུས་ཚོད་ཡག་ཤོས་ཤིག་ཡོད་མེད་ནི་སྐད་ཡིག་སློབ་པའི་གནད་དོན་གལ་ཆེན་ཞིག་རེད། གཞུང་འདི་ལ་མོས་མཐུན་ཡོད་པ་དག་གིས་དངོས་ཡོད་ཀྱི་ཞིབ་འཇུག་གཞིར་བཟུང་ནས་སྐད་སློབ་པའི་དུས་ཚོད་ཡག་ཤོས་ཞེས་པའི་གཞུང་ལུགས་འདི་དུས་ཡུན་ཐུང་ཐུང་ནང་མགོ་རྟིང་སློག་མི་ཐུབ་པར་ཡིད་ཆེས་བྱས་ཡོད་ལ། ངོ་རྒོལ་ཕྱོགས་ཁག་གིས་མིས་སྐད་ཡིག་སྦྱོང་བ་ནི་མིའི་ཆགས་གྲུབ་དང་མི་མཐུན་པར་འགྲེལ་ཏེ། སྐད་ཡིག་གི་ཆུ་ཚད་ལ་བཟང་ངན་ཤོར་བའི་རྒྱུ་རྐྱེན་གཙོ་བོ་ནི་སློབ་སྦྱོང་གི་གོ་སྐབས་དང་སྐད་ཡིག་སློབ་པའི་ཁོར་ཡུག་སོགས་ཡིན་པར་བཤད།

སྐད་རིགས་གཉིས་པ་སློབ་པའི་དུས་ཚོད་ཡག་ཤོས་ཞེས་པའི་གཞུང་ལུགས་ཡང་དག་ཡིན་པའི་སྒྲུབ་བྱེད།

   ལེན་ནེ་བྷེར་གྷ་ཡིས་མི་རེ་འགའ་སྐད་སློབ་པའི་དུས་ཚོད་ཡག་ཤོས་ལས་ཡོལ་ཡང་སྐད་སྦྱོང་སླ་བའི་གནས་ཚུལ་ཡོད་པ་ཁས་ལེན་བྱེད་ནའང་། དུས་ཚོད་ཡག་ཤོས་ཡོལ་ནས་སྐད་རིགས་གཉིས་པ་སྦྱོང་བ་ནི་དུས་ཚོད་ཡག་ཤོས་ཀྱི་སྐབས་དང་མི་འདྲ་བར་འདོད། སྐད་རིགས་གཉིས་པ་སློབ་པའི་དུས་ཚོད་ཀྱི་སྔ་ཕྱི་མ་འདྲ་བའི་རྐྱེན་གྱིས་སྐད་ཆའི་ནུས་པའི་དབང་རྩའི་ཁྱད་ཆོས་དང་དེའི་རིམ་པ་སོ་སོར་ཤུགས་རྐྱེན་ཐེབས་པ་མི་འདྲ་ལ། གཞོན་ནུའི་དུས་སྐབས་ཡོལ་ནས་སྐད་ཡིག་གཉིས་པ་སློབ་པ་ནི། སྐད་ཡིག་དང་པོ་སྦྱོང་སྟངས་དང་མི་འདྲ་བར་སྐད་ཡིག་སྦྱོང་བའི་རང་བྱུང་རང་བཞིན་མེད་པར་། སྐད་རིགས་སྦྱོང་བ་དེ་ཆེད་དུ་དུས་ཚོད་བཀོལ་ནས་བརྩོན་འགྲུས་བྱེད་དགོས་པ་ཞིག་ཏུ་འགྱུར་ཟེར།
   སྐད་སློབ་པའི་དུས་ཚོད་ཡག་ཤོས་ཞེས་པའི་གཞུང་ལུགས་ལ་མོས་མཐུན་ཡོད་པ་དག་གིས་ཨ་རིའི་རྒྱལ་དོན་མགོ་འཛིན་པ་ཟུར་བ་འབུམ་རམས་པ་ཅི་ཞིན་གྷི་དཔེ་བརྗོད་དུ་འདྲེན་པར་དགའ། ཁོ་ནི་ལོ12ཀྱི་སྐབས་སུ་ཨ་རིར་གནས་སྤོར་བ་རེད་ལ། ཁོང་གི་དབྱིན་སྐད་ལ་འཇར་མན་སྐད་གྱི་གདངས་དྲག་པོ་ཡོད། ཡིན་ནའང་ཁོ་ལས་ལོ་གཉིས་ཀྱིས་ཆུང་བའི་ནུ་བོའི་དབྱིན་སྐད་ལ་འཇར་མན་སྐད་གྱི་གདངས་མེད། འདི་ལ་ཅི་ཞིན་གྷིའི་ནུས་པའང་ཟེར། 
   ཞིབ་འཇུག་པ་མང་པོ་ཞིག་གིས་སྐད་རིགས་གཉིས་པ་སློབ་པའི་དུས་ཚོད་ཡག་ཤོས་ཞེས་པའི་གཞུང་ལུགས་འདི་དང་སྐད་ཡིག་སྦྱོང་བའི་བར་ལ་འབྲེལ་བ་དམ་ཟབ་ཡོད་པར་འདོད་དེ། ཨ་ཞེར་དང་གྷར་ཆི(Asher&Garcia)གཉིས་ཀྱིས་ཞིབ་འཇུག་ལས་ཤེས་རྟོགས་བྱུང་པ་ལྟར་ན། ས་གནས་ཀྱི་སྐད་གདངས་ཆེས་དག་པའི་གནས་སྤོར་བ་ནི་ལོ་1~6བར་ཡིན་པ་དང་། དེ་ལས་དམན་པ་ནི་ལོ་7~13བར་དང་། སྒྲ་གདངས་ཆེས་མི་དག་པ་ལོ་13~19་བར་གནས་སྤོར་བྱས་བ་དག་རེད་ཟེར། ལོང་(Long) ཡིས་ཚོད་ལྟ་བརྒྱུད་ནས། ལོ་6ལ་མ་སོན་གོང་སྐད་རིགས་གཉིས་པ་སྦྱང་ན་སྒྲ་གདངས་ཆེས་དག་པ་དང་། ལོ་6~12བར་སྦྱངས་པའི་བྱིས་པ་ལ་མཚོན་ན། ཁ་ཤས་ལ་ཕྱི་རྒྱལ་གྱི་གདངས་ཡོད་ལ་ཁ་ཤས་ལ་མི་འདུག ལོ12ལ་སོན་པའི་རྗེས་སུ་སྦྱང་མགོ་བརྩམས་ན་མང་ཆེ་བར་ཕྱི་རྒྱལ་གྱི་གདངས་ཡོད་པ་ཤེས།
   ལྗོན་ཟོན་དང་ནེའོ་ཕོར་ཏི(Johnson&Newport)ཡིས་ཁོ་རེ་ཡ་ལྷོ་མ་དང་ཀྲུང་གོ་ནས་ལོ་ཚོད་མི་འདྲ་བའི་སྟེང་ནས་ཨ་རིར་གནས་སྤོར་བྱས་པའི་བྱིས་པ་46གི་དབྱིན་ཡིག་བརྡ་སྤྲོད་ཀྱི་ཆུ་ཚད་ལ་ཚོད་ལྟ་བྱས་པ་ལྟར་ན། ལོ་ཚོད་ནི་བརྡ་སྤྲོད་ཤེས་མིན་གྱི་ཐག་གཅོད་རང་བཞིན་གྱི་རྒྱུ་རྐྱེན་ཤིག་ཏུ་གྱུར་ཡོད་དེ། ལང་ཚོ་དར་ལ་མ་བབས་པའི་སྔོན་ལ་གནས་སྤོར་བྱས་པ་དག་གི་བརྡ་སྤྲོད་དབྱེ་འབྱེད་ཀྱི་ནུས་པ་མཐོ་ལ། དེའི་རྒྱུ་མཚན་ནི་ཁོ་ཚོ་ཨ་རིར་གནས་སྤོར་དུས་ལོ་ཚོད་ཆུང་པས་ཡིན་པ་དང་། ལང་ཚོ་དར་ལ་བབས་རྗེས་གནས་སྤོར་བྱས་པ་དག་གི་བརྡ་སྤྲོད་དབྱེ་འབྱེད་ཀྱི་ནུས་པ་ཅུང་དམའ་མོད། དེ་ལོ་ཚོད་དང་ཐད་ཀར་འབྲེལ་བ་ཡོད་མི་འདུག 
   དེ་མ་ཟད། ཕཱ་ཐི་ཝོས་ཟི་ཁེ(Patkwosky)ཡིས་ཀྱང་ཞིབ་འཇུག་བྱས་ཏེ། ལོ15ལ་མ་སོན་པར་སྐད་རིགས་གཉིས་པ་སྦྱང་ཚེ་ཚིག་གི་བརྡ་སྤྲོད་སྐོར་གྱི་ཤེས་བྱ་ནི་ལོ་ཚོད15 རྗེས་ནས་སྦྱངས་བ་ལས་མཐོ་བས། ལོ་ཚོད་ཀྱིས་སྐད་ཡིག་སྦྱོང་བར་ནུས་པ་ཆེན་པོ་ཐེབས་སྲིད་པར་ར་སྤྲོད་བྱས།

སྐད་སློབ་པའི་དུས་ཚོད་ཡག་ཤོས་ཞེས་པའི་གཞུང་ལུགས་ཡང་དག་མིན་པའི་སྒྲུབ་བྱེད།

   ཧ་ཁུ་ཏཱ(Hakuta)ཡི་ལྟ་བར། སྐད་སློབ་པར་དུས་ཚོད་ཡག་ཤོས་ཤིག་ཡོད་ན་ངེས་པར་ཆ་རྐྱེན་བཞི་འཛོམས་དགོས་ཏེ། དང་པོ། དུས་ཚོད་ཡག་ཤོས་ཀྱི་དུས་ཡུན་གསལ་པོ་ཡིན་དགོས། གཉིས་པ། དུས་ཚོད་ཡག་ཤོས་དང་དུས་རིམ་དེ་ཡོལ་རྗེས་བསླབས་པའི་སྐད་ཀྱི་ཆུ་ཚད་མི་འདྲ་བ་ཡིན་དགོས། གསུམ་པ། དུས་ཚོད་ཡག་ཤོག་དང་དུས་རིམ་གཞན་དག་ཏུ་སྦྱངས་པའི་སྐད་ཡིག་གི་ཀུན་སློང་བར་ལ་ཁྱད་པར་ཆེན་པོ་ཡོད་དགོས། བཞི་བ། དུས་ཚོད་ཡག་ཤོས་སྐབས་སུ་སྐད་སློབ་པར་ཁོར་ཡུག་གི་ཚད་བཀག་ཐེབས་མི་སྲིད་པ་ཡིན་དགོས།
   ཆ་རྐྱེན་དང་པོའི་ཐད་ལ་ཞིབ་འཇུག་པ་སོ་སོར་རང་ཉིད་ཀྱི་བསམ་ཚུལ་མི་འདྲ་བ་རེ་ཡོད་དེ། ཁར་ཞེན(Krashen)གྱིས་ལོ་5ཡི་སྟེང་ནས་བཟུང་བྱིས་པས་ཀླད་པའི་ཕྱོགས་གཅིག་མ་གཏོགས་བཀོལ་གྱི་མེད་པར་འདོད། དེ་ལྟ་བུ་ཡིན་ཚེ། ཀླད་པའི་སྨིན་ཚད་དང་གཞོན་ནུའི་དུས་སྐབས་ཡོལ་རྗེས་སྐད་སློབ་དཀའ་བ་གཉིས་ཀྱི་བར་འབྲེལ་པ་ཆེན་པོ་མེད་པ་བསྟན་ཡོད། ལོང་ལྟར་ན། སྐད་སློབ་པའི་དུས་ཚོད་ཡག་ཤོས་ནི་ལོ6་གི་སྔོན་ཡིན་པར་འདོད་པ་དང་། ལྗོན་ཟོན་དང་ནེའོ་ཕོར་ཏི་གཉིས་ཀྱིས་ལོ་7གྱི་སྟེང་ནས་སྐད་སློབ་པའི་རིག་པ་ཐུན་མོང་མ་ཡིན་པ་དེ་ཉམས་མགོ་ཚུགས་ཏེ། ལོ15སྟེང་ཡོངས་སུ་མཇུག་རྫོགས་པར་འདོད། དེ་ཡང་བྷེར་ཊི་ཟོང་(Birdsong)ལྟར་ན། སྐད་རིགས་གཉིས་པ་ཡག་པོར་ལོབས་མིན་ནི་གཞོན་ནུའི་དུས་སྐབས་ལ་རག་ལས་མེད་པར། དོན་ལ“གོ་སྐབས་ཀྱི་འབྱུང་ཁུངས” (Window of Opportynity)ལ་ཐུག་བསྡད་ཡོད་པར་བཤད་དེ། དེ་ནི་སྐྱེས་མ་ཐག་ནས་ལོ27.5བར་གནས་ཤིང་། མིའི་ལུས་ཁམས་འཚར་ལོངས་བྱུང་བའི་དུས་ལས་ལོ་བཅུ་ལྷག་གིས་རིང་། མདོར་ན། སྐད་སློབ་པའི་དུས་ཚོད་ཡག་ཤོས་ཤིག་ཡོད་ནའང་དེའི་དུས་ཡུན་ནི་གསལ་པོར་སྟོན་ཐུབ་ཀྱི་མེད།
   ཆ་རྐྱེན་གཉིས་པའི་སྐོར་ལ། པི་ལེ་ཟི་ཐོ་ཁི་དང་ཧ་ཁུ་ཏཱ(Bialystok&Hakuta)གཉིས་ལྟར་ན། དབྱིན་ཡིག་གི་ཆུ་ཚད་ནི་གནས་སྤོར་བའི་ལོ་ཚོད་ཇེ་མཐོར་སོང་བ་དང་བསྟུན་ནས་ཇེ་དམའ་རུ་འགྲོ་ཞིང་། གཞོན་ནུའི་དུས་སྐབས་ཀྱི་རྗེས་ནས་ཀྱང་རིམ་ཆད་ཀྱི་སྣང་ཚུལ་མི་འབྱུང་པར་འདོད་དེ། སྐད་སློབ་པའི་ལུས་ཁམས་ཀྱི་དབང་བོ་ནི་ལོ་ཇེ་ཆེར་སོང་བ་དང་བསྟུན་ནས་ཇེ་ཞན་དུ་འགྲོ་མོད། འགྱུར་བ་ནི་ཤིན་ཏུ་དལ་ཟེར།
   ཕྱོགས་གཅིག་ནས་བཤད་ན། སྒྲ་གདངས་ཀྱི་ཆུ་ཚད་དེ་སྐད་རིགས་གཉིས་པ་སློབ་པའི་ལོ་ཚོད་དང་འབྲེལ་བ་དལ་པོ་ཡོད་ནའང་དེ་ནི་རིམ་གྱིས་ཤུགས་རྐྱེན་ཐེབས་པ་ཞིག་རེད། དེའི་རྐྱེན་གྱིས་ལོ་འདི་དང་འདི་ལ་སྐད་སློབ་པའི་ནུས་པ་འཕྲལ་དུ་ཉམས་པར་འགྱུར་བ་ཡིན་ཟེར་བ་ཞིག་མེད་ཟེར། ལྟ་བ་འདི་ནི་སྐད་སློབ་པའི་དུས་ཚོད་ཡག་ཤོས་ཞེས་པའི་གཞུང་ལུགས་དང་འགལ་བ་མངོན་གསལ་བྱུང་ཡོད། ཕྱོགས་གཞན་ཞིག་ནས་གླེང་ཚེ། དར་མ་མང་པོས་སྐད་སློབ་པའི་དུས་ཡུན་ཡག་ཤོས་རྗེས་ནས་སྐད་སྦྱངས་ནའང་ཕ་སྐད་སྨྲ་མཁན་དང་འདྲ་བའི་ཆུ་ཚད་ལ་སླེབས་ཐུབ་པ་མ་ཟད་བརྡ་སྤྲོད་ཀྱང་བཟང་པོར་ངེས་ཐུབ། དེ་བས་བརྡ་སྤྲོད་སྦྱོང་བ་ལ་ལོ་ཚོད་ཀྱི་ཤུགས་རྐྱེན་ཐེབས་ཀྱི་མི་འདུག
   ཞིབ་འཇུག་གི་འབྲས་བུ་མང་པོར་གཞིགས་ན། གཞོན་ནུའི་དུས་ཡོལ་ནས་ཨ་རིར་གནས་སྤོར་བྱས་པ་དག་གི་ཚིག་གི་བརྡ་སྤྲོད་སྐོར་གྱི་ཤེས་བྱ་ནི་ཨ་རིའི་མི་དང་དོ་ཟླ་ཡོང་ཞིང་། དབྱིན་ཡིག་གི་ཆུ་ཚད་ཀྱང་ཕ་སྐད་སྨྲ་མཁན་དག་དང་འདྲ་བར་ཧ་ཅང་བཟང་། འདི་ཡང་སྐད་སློབ་པའི་དུས་ཚོད་ཡག་ཤོས་ཞེས་པའི་གཞུང་ལུགས་ཀྱི་ཆ་རྐྱེན་གཉིས་པ་དང་འགལ་ཡོད་པས་གཞུང་ལུགས་འདིར་དོགས་འདྲི་ཇེ་མང་དུ་སོང་ཡོད། 
   ཆ་རྐྱེན་གསུམ་པ་ནི་བྱིས་པ་དང་དར་མས་སྐད་སློབ་པར་ངོ་བོའི་ཁྱད་པར་ཡོད་དགོས་པ་ཡིན། དེ་ཡང་སྐད་སློབ་པའི་དུས་ཚོད་ཡག་ཤོས་ཞེས་པའི་གཞུང་ལུགས་ལྟར་ན། གཞོན་ནུའི་དུས་སྐབས་ཡོལ་རྗེས། སྐད་སློབ་པའི་དབང་པོ་ཉམས་པར་འགྱུར་པས་ཐབས་ལམ་གཞན་ལ་བརྟེན་དགོས་པར་འདོད། ཡིན་ནའང་། ཞིབ་འཇུག་གི་འབྲས་བུ་གཞན་པ་གཞིར་བཟུང་ན། སྐད་སློབ་པའི་གོ་རིམ་དང་མཇུག་མཐའི་ཆུ་ཚད་ལ་བལྟས་ན། བྱིས་པ་དང་དར་མ་གཉིས་ཀྱི་སྐད་སློབ་པའི་དབང་བོ་ངོ་བོའི་ཆ་ནས་གཅིག་འདྲ་རེད། སྐད་རིགས་གཉིས་པ་སློབ་པའི་གོ་རིམ་ཁྲོད། ལོ་ཚོད་ཅི་འདྲ་ཡིན་ཡང་སྐད་སློབ་པའི་ནུས་པ་ཉམས་རྒུད་དུ་འགྲོ་སྲིད་པས་དེ་ནི་གཞོན་ནུའི་དུས་སྐབས་རྗེས་སུ་ཁོ་ནར་བྱུང་པའི་སྣང་ཚུལ་ཞིག་མ་རེད། ནུས་པ་ཉམས་རྒུད་དུ་འགྲོ་བའི་རྒྱུ་རྐྱེན་ནི་གཙོ་བོ་ཤེས་རྟོགས་ཀྱི་ནུས་པའི་འགྱུར་ལྡོག་དང་འབྲེལ་བ་ཡོད་པ་ལས་ལོ་ཚོད་དང་བསྟུན་ནས་འགྱུར་བ་ཞིག་མ་རེད། 
   ཆ་རྐྱེན་བཞི་བ་ལ་མཚོན་ན། མཁས་པ་མང་པོས་སྐད་རིགས་གཉིས་པ་སློབ་པའི་གོ་རིམ་ཁྲོད་ཁོར་ཡུག་ནི་ཆེས་གལ་ཆེ་ཞིང་། དེས་སྐད་ཡིག་གི་འཕེལ་རྒྱས་ལ་ནུས་པ་ཆེན་པོ་ཐོན་ཐུབ་པར་འདོད། བྱིས་པའི་དུས་ནས་སྐད་རིགས་གཉིས་པ་སྦྱངས་ཏེ་ཕ་སྐད་སྨྲ་མཁན་གྱི་ཆུ་ཚད་ལ་མཉམ་པའི་མི་མང་པོ་ཡོད་ནའང་། སྡོམ་རྩིས་ལྟར་ན། 90%ནི་གནས་སྤོར་བའི་སྐད་ཡིག་གཉིས་པའི་སློབ་སྦྱོང་གི་གནས་ཚུལ་ལ་རག་ལས་ཤིང་། སྐད་གཉིས་སློབ་གསོའི་ཁོར་ཡུག་དང་འབྲེལ་བ་དམ་པོ་ཡོད། དེའི་རྐྱེན་གྱིས། ཆུང་དུས་ནས་ས་ཁུལ་གཞན་ཏུ་གནས་སྤར་ཏེ་སྐད་ཡིག་གཉིས་པའི་ཆུ་ཚུད་མཐོན་པོ་ཡོད་པ་འདི་དང་སྐད་གཉིས་སློབ་གསོའི་འོག་སྐད་ཡིག་གཉིས་པ་ལེགས་པོར་སྦྱངས་ཐུབ་ཡོད་པ་འདི་གཉིས་ནི་བྱིས་པ་དེ་དག་ཆུང་དུས་བསླབ་འབྲས་བཟང་པོ་ཡིན་རྐྱང་བ་མ་ཡིན་པར་ཁོར་ཡུག་ཡག་པོ་ཡོད་པས་རེད།

དབྱིན་ཡིག་སྦྱོང་བའི་ལོ་ཚད་ཡག་ཤོས།

   ལཱར་ཟེན་ཕརེ་མན་དང་ལོང་(Larsen-FreemanདངLong)ཡིས་བཤད་རྒྱུར། ལོ་ཚོད་ཀྱི་གནད་དོན་ནི་སྐད་རིགས་གཉིས་པ་སློབ་པའི་གཞུང་ལུགས་རྐང་ཚུགས་པ་དང་སློབ་གསོའི་སྲིད་ཇུས་གཏན་འབེབས་ཡོང་བའི་གནད་དོན་གལ་ཆེན་ཞིག་རེད་ཟེར། གལ་ཏེ་ལོ་ན་ཆེ་བ་དང་ལོ་ན་ཆུང་བས་སྐད་ཡིག་བསླབས་པའི་ཆུ་ཚད་མི་འདྲ་བ་དང་། ལོ་ན་ཆུང་བར་འབྲས་བུ་མངོན་གསལ་ཡིན་པ་བསྒྲུབ་ཐུབ་ཚེ། ལོ་ན་ཆུང་དུས་ཀྱི་ཕྱི་སྐད་སློབ་གསོ་ལ་ཤུགས་རྒྱག་དགོས་པར་འདུག ཟི་ཐེན(Stern)ན་རེ། ཕྱི་སྐད་སློབ་སྦྱོང་དང་འབྲེལ་བའི་ལོ་ཚོད་ཀྱི་གནད་དོན་ནི་སྐད་ཡིག་སློབ་གསོའི་གཞུང་ལུགས་ཁྲོད་ཀྱི་རྩོད་གཞི་ཅན་གྱི་གནད་དོན་ཞིག་རེད། གནད་དོན་དེར་འབྲས་བུ་གང་འདྲ་བྱུང་ཡང་དེས་སློབ་གྲྭའི་མ་ལག་ཁྲོད་ཀྱི་སྐད་ཡིག་སློབ་གསོའི་རྩ་འཛུགས་ལ་དོན་སྙིང་ཆེན་པོ་ཡོད་ཟེར། 
   ཉེ་བའི་ལོ་འགའི་རིང་། རང་རྒྱལ་གྱི་ས་ཁུལ་དག་དུ་ལོ་ཆུང་བའི་དུས་ནས་དབྱིན་ཡིག་སྦྱོང་མཁན་ཇེ་མང་དུ་འགྲོ་བཞིན་ཡོད་དེ། སློབ་ཆུང་སློབ་རིམ་དང་པོའམ་བྱིས་གཉོར་ཁང་ནས་བཟུང་དབྱིན་ཡིག་གི་སློབ་ཁྲིད་བཀོད་སྒྲིག་བྱས་ཡོད། དེ་མིན་སྤྱི་ཚོགས་སྟེང་གི་གསབ་སྦྱོང་ཚོགས་པ་མང་པོས་ཀྱང་ལོ་ན་ཆུང་དུས་ནས་ཕྱི་སྐད་སློབ་པར་ཕན་ནུས་སྣ་ཚོགས་ཡོད་པར་ཤུགས་ཆེར་སྒྲོག་བཞིན་ཡོད། དེའི་རྐྱེན་གྱིས་ཁྱིམ་བདག་དག་གིས་ཕྱི་སྐད་སློབ་པར་ལོ་ཚོད་ཆུང་ན་བཟང་བར་སྙམ་ནས་རང་གི་བྱིས་པ་རྒྱུགས་མགོའི་ནས་གཞན་ཀྱི་རྗེས་མི་ཟིན་པར་སེམས་ཁྲལ་བྱེད་ཀྱི་འདུག
   ཚད་ངེས་ཅན་ཞིག་གི་སྟེང་ནས་བཤད་ན། ལོ་ན་ཆུང་དུས་ནས་ཕྱི་སྐད་སློབ་པའི་ཚ་རླབས་འདི་ནི་སྐད་སློབ་པའི་དུས་ཚོད་ཡག་ཤོས་ཞེས་པའི་གཞུང་ལུགས་དེར་བརྟེན་ནས་བྱུང་བ་རེད། ཡིན་ནའང་མིག་སྔར་ལོ་ན་ཆུང་དུས་ནས་ཕྱི་སྐད་བསླབ་ན་ལེགས་པོ་ཡིན་ཚུལ་འདི་ལ་གཞུང་ལུགས་འཐུས་ཚང་བ་ཞིག་མེད་པ་དང་། སློབ་གསོའི་ཁྲོད་ཀྱི་ལག་ལེན་ཡང་ཧ་ཅང་ཉུང་། གལ་སྲིད་གཞུང་ལུགས་འདི་རྐང་ཚུགས་ཐུབ་ནའང་དེ་ནི་ཕྱི་སྐད་སློབ་པར་ཤུགས་རྐྱེན་ཡོད་པའི་རྒྱུ་རྐྱེན་གཅིག་ཁོ་ན་ཡིན་པས་དེའི་ཕན་ནུས་འུད་བརྗོད་བྱེད་མི་རུང་སྟེ། ཕྱི་སྐད་ཀྱི་བསླབ་ཡུན་དང་བྱང་ཆ། མཐའ་མའི་ཆུ་ཚད་བཅས་ལ་ཐག་གཅོད་རང་བཞིན་གྱི་ཤུགས་རྐྱེན་ཡོད་པ་ནི་མི་སྒེར་དང་སྐད་ཡིག  རིག་གནས་བཅས་ཀྱི་རྒྱུ་རྐྱེན་རེད། 
   མི་སྒེར་གྱི་རྒྱུ་རྐྱེན་ཐོག་ནས་བལྟས་ན། ཕ་སྐད་ལ་བྱང་ཆ་ཅུང་ཡོད་པའི་རྗེས་ནས་ཕྱི་སྐད་བསླབ་ན་བཟང་། ཕྱི་སྐད་སློབ་ཆེད་ཕ་སྐད་དོར་མི་རུང་སྟེ། མི་ཞིག་གི་ཕྱི་སྐད་ལ་བྱང་བའི་ཚད་ནི་ཁོ་རང་གི་ཕ་སྐད་ལ་བྱང་བའི་ཚད་ལ་ཐུག་ཡོད། སྐད་ཡིག་སློབ་མཁན་ཞིག་ལ་མཚོན་ན། ཕ་སྐད་མེད་ན་ཕྱི་སྐད་ཅེས་པའང་མེད་ལ། ཕ་སྐད་སྦྱངས་པའི་གོ་རིམ་ཁྲོད་དུ་ཆགས་པའི་ཤེས་རྟོགས་ཀྱི་ནུས་པ་དང་གཏན་ཚིགས་མེད་ན་ཕྱི་སྐད་བྱང་ཆུབ་པ་ཞིག་སློབ་ཐབས་མེད། མཁས་པ་དབྱང་ཞོང་ལི་ལྟར་ན། སྤྱིར་བཏང་དུ་མི་ཞིག་གི་གཏན་ཚིགས་ནི་ཕ་སྐད་སྦྱང་བ་ལ་བརྟེན་ནས་བྱུང་བ་ཡིན་ཟེར། དེ་བས་ལོ་ཆུང་ཆུང་ནས་ཕྱི་སྐད་བསླབ་ན་བསམ་གཞིགས་ཀྱི་ནུས་པ་ཆ་ཚང་བ་ཞིག་གྲུབ་པར་བཀག་འགོག་གི་ནུས་པ་ཐོན་སྲིད། 
   སྤྱིར་བཏང་དུ། སྐད་རིགས་གཉིས་པ་ཞེས་པ་ནི་རང་གི་རྒྱལ་ཁབ་ཏུ་ཕ་སྐད་དང་དོ་མཉམ་པའམ་དེ་ལས་ལྷག་པའི་གོ་གནས་ཡོད་པའི་སྐད་དེ་ལ་གོ་དགོས་ཤིང་། རྒྱལ་ཁབ་དེ་རུ་སྤྱི་ཁྱབ་ཏུ་བཀོད་སྤྱོད་བྱེད་ཀྱི་ཡོད། ཡང་ཕྱི་སྐད་ཅེས་པ་ནི་རང་གི་རྒྱལ་ཁབ་མ་ཡིན་པར་རྒྱལ་ཁབ་གཞན་དུ་སྤྱོད་པའི་སྐད་རིགས་ལ་གོ དེ་བས་ཀྲུང་གོར་མཚོན་ན་དབྱིན་སྐད་ནི་ཕྱི་སྐད་ཡིན་པ་ལས་སྐད་རིགས་གཉིས་པ་མིན། ཨ་རིར་གནས་སྤོར་བྱས་ཏེ་དབྱིན་སྐད་བསླབ་པ་དག་གི་ཆུ་ཚད་ཕལ་ཆེར་ཨ་རིའི་མི་དང་འདྲ་ལ། དེ་གཙོ་བོ་བྱིས་པ་དེ་ཚོ་ནི་སྐད་རིགས་གཉིས་པའི་ཁོར་ཡུག་ཁྲོད་ནར་སོན་བྱུང་ཞིང་རྒྱུན་ལྡན་གྱི་འཚོ་བའི་ཁྲོད་ཁོ་ཚོས་དབྱིན་སྐད་གཙོ་བོར་བཀོལ་སྤྱོད་བྱེད་པས་རེད། དེ་ལ་ལྡོག་སྟེ། ཀྲུང་གོ་ནས་དབྱིན་སྐད་སློབ་མཁན་དག་ལ་མཚོན་ན། སློབ་སྦྱོང་གི་མཐུན་རྐྱེན་སོགས་ཇེ་ལེགས་སུ་འགྲོ་བཞིན་ཡོད་ནའང་། ཁོར་ཡུག་གི་ཆ་རྐྱེན་མེད་པས་གོང་སྨྲས་དང་བསྡུར་ན་ཁྱད་པར་ཡོད། གཞན་ཀྲུང་གོའི་མི་ལ་མཚོན་ན། རྒྱ་སྐད་དང་དབྱིན་སྐད་གཉིས་ཀྱི་སྐད་ཁུངས་མི་འདྲ་བས་ཡོ་རོབ་སློབ་མ་དང་བསྡུར་ན་ཀྲུང་གོའི་སློབ་མས་དབྱིན་ཡིག་སློབ་སྦྱོང་བྱེད་པར་དཀའ་ཁག་ཆེ། དོན་ལ་སྐད་སློབ་པའི་གོ་རིམ་ནི་རིག་གནས་ཤིག་སྦྱོང་བའི་གོ་རིམ་ཡིན་ལ། སྐད་བྱང་ཆུབ་པ་ཞིག་སྦྱང་དགོས་ན་ཁོར་ཡུག་འོས་འཚམས་ཤིག་དགོས། དེའི་རྐྱེན་གྱིས། ཀྲུང་གོའི་རིག་གནས་དང་ཨ་རིའི་རིག་གནས་བར་གྱི་ཁྱད་པར་ནི་ཀྲུང་གོའི་སློབ་མས་དབྱིན་སྐད་སློབ་དཀའ་བའི་རྒྱུ་རྐྱེན་གཞན་ཞིག་རེད། 
   གལ་སྲིད་བྱིས་པ་ཞིག་གིས་ལོ་ཆུང་ཆུང་ནས་ཕྱི་སྐད་བསླབ་ན་དེས་རང་གི་རིག་གནས་དང་ཕྱི་ཡོང་རིག་གནས་གཉིས་ལ་ངེས་འཛིན་བཟང་བོ་བྱེད་མི་ཐུབ་པས། རང་རྒྱལ་གྱིས་དབྱིན་སྐད་སློབ་པའི་ལོ་ཚོད9~12བར་གཏན་འཁེལ་བྱས་ན་བཟང་བསམ། དེ་ཡང་ཆ་རྐྱེན་བཟང་པའི་འཕེལ་རྒྱས་ཀྱི་ས་ཁུལ་ལ་མཚོན་ན། སློབ་ཆུང་སློབ་རིམ་གསུམ་པ་ནས་མགོ་བརྩམས་ཆོག་པ་དང་། ཆ་རྐྱེན་ཅུང་རྗེས་ལུས་ཡིན་པའི་ས་ཁུལ་དག་ཏུ། དངོས་ཡོད་ཀྱི་གནས་ཚུལ་ལ་གཞིགས་ནས་སློབ་རིམ་བཞི་བའམ་ལྔ་བ། དྲུག་པ་སོགས་ནས་མགོ་བརྩམས་ཀྱང་ཆོག  གོང་སྨྲས་ཀྱི་གཞུང་ལུགས་ལྟར་ནའང་། ལོ་འདི་བཞི་བོ་ནི་ཕྱི་སྐད་སློབ་པའི་དུས་ཚོད་ཡག་ཤོས་ཡིན་པར་མ་ཟད།  ལུས་ཁམས་དང་ཤེས་རྟོགས་ཀྱི་ནུས་པ། ཁོར་ཡུག་བཅས་ཀྱི་དགེ་མཚན་ལྡན་ཞིང་། མིག་སྔའི་རང་རྒྱལ་གྱི་གནས་བབ་ལའང་མཐུན།
འབྲེལ་ཡོད་རྩོམ་ཡིག