ཀྲུང་གོའི་བོད་ལྗོངས་དྲ་བ།>སློབ་གསོ།

འདས་ཟིན་པའི་ལོ་དྲུག་ནང་བོད་ཀྱིས་སློབ་གསོར་མ་དངུལ་སྒོར་དུང་ཕྱུར་༦༠༠ལྷག་ཙམ་བཏང་བ།

2016-01-19 ཚེ་རྡོ།
        བོད་རང་སྐྱོང་ལྗོངས་སློབ་གསོ་ཐིང་གི་བསྡོམས་རྩིས་གྲངས་གཞི་གསར་ཤོས་ལས་མངོན་པར་གཞིགས་ན། འདས་ཟིན་པའི་ལོ་དྲུག་ནང་བོད་ཀྱི་སློབ་གསོར་མ་དངུལ་གཏོང་ཤུགས་དང་འགན་ལེན་བྱེད་ཚད་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་ནས་ནོར་སྲིད་ཀྱིས་སློབ་གསོར་མ་དངུལ་སྒོར་དུང་ཕྱུར་༦༠༠ལྷག་ཙམ་བཏང་ནས་བོད་ཀྱི་སློབ་གསོ་དེང་རབས་ཅན་གྱི་ཕྱོགས་སུ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་ཤུགས་ཆེན་བཏང་ཡོད་པ་རེད།
        བསྡོམས་རྩིས་དཔྱད་གཞི་ལས་མངོན་པར་གཞིགས་ན། དུས་རབས་གསར་པ་ཤར་ཚུན། བོད་ཀྱིས་སློབ་གསོར་མ་དངུལ་གཏོང་ཚད་ལོ་བསྟུད་མར་ཆེས་ཆེར་སྤར་ཞིང་། ༢༠༡༠ལོ་ནས་༢༠༡༥ལོའི་བར་ནོར་སྲིད་ཀྱིས་སློབ་གསོར་མ་དངུལ་གཏོང་ཚད་སྒོར་དུང་ཕྱུར་༦༢.༥༩དང་། སྒོར་དུང་ཕྱུར་༨༠། སྒོར་དུང་ཕྱུར་༩༥.༤། སྒོར་དུང་ཕྱུར་༡༡༠། སྒོར་དུང་ཕྱུར་༡༣༥། སྒོར་དུང་ཕྱུར་༡༥༧བཅས་སོ་སོར་ཟིན་ཡོད་པ་རེད། མ་དངུལ་གཏོང་ཚད་བསྡོམས་འབོར་སྒོར་དུང་ཕྱུར་༦༣༩.༩༩ཟིན་ནས་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བཏོད་ཡོད་པ་རེད། གཞན་ཡང་སློབ་གསོའི་རྨང་གཞིའི་འཛུགས་སྐྲུན་ལ་མ་དངུལ་གཏོང་ཚད“ལོ་ལྔ་ཚན་བཅུ་གཅིག་པའི”སྒོར་དུང་ཕྱུར་༤༠ནས“ལོ་ལྔ་ཚན་བཅུ་གཉིས་པའི”རིང་གི་སྒོར་དུང་ཕྱུར་༡༡༧.༨༩བར་མང་དུ་ཕྱིན་ཡོད་པ་རེད།
        སློབ་གསོར་མ་དངུལ་གཏོང་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་པའི་དབང་གིས་༢༠༡༢ལོར་བོད་ཀྱིས་རྒྱལ་ཡོངས་ཀྱི་ས་ཆ་གཞན་དག་གི་སྔོན་དུ་ལོ་༡༥ཡི་རིན་མེད་སློབ་གསོ་མངོན་འགྱུར་ཐུབ་པ་བྱས་པ་དང་། ༡༩༨༥ལོ་ནས་བཟུང་རྒྱལ་ཁབ་ཀྱིས་བོད་ཀྱི་ཞིང་འབྲོག་པའི་བུ་ཕྲུག་ལ་འོས་འགན་སློབ་གསོའི་གྱོན་ཆས་དང་། ལྟོ་ཆས། སློབ་ཡོན་བཅས“འགན་ལེན་གསུམ”གྱི་སྲིད་ཇུས་ལག་ལེན་བསྟར་བས། བུ་ཕྲུག་སློབ་གྲྭར་གཏོང་བའི་ཞིང་འབྲོག་མང་ཚོགས་ཚོའི་ཧུར་སེམས་སྐོང་འཐེན་ནུས་ལྡན་ཐུབ་ཡོད་པ་རེད།
        བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་དིང་རི་རྫོང་སྒང་དཀར་དམངས་གཅེས་མཐའ་བརྟན་དཔེ་སྟོན་སློབ་ཆུང་གི་སློབ་སྤྱི་ཕུན་ཚོགས་ཀྱིས་ངོ་སྤྲོད་བྱས་པར་གཞིགས་ན། སློབ་གྲྭ་དེ་རྒྱལ་ལམ་༣༡༨ཀྱི་ཉེ་འགྲམ་དུ་གནས་པ་དང་སྒང་དཀར་གྲོང་རྡལ་གྱི་མང་ཚོགས་ཚོས་གཙོ་བོ་འབྲོག་ལས་བྱེད་པ་དང་སྒང་དཀར་བ་མི་རབས་ནས་མི་རབས་བར་གྱིས་ཕྱུགས་རིགས་སྐྱས་སྤོས་ཀྱི་འཚོ་བ་སྐྱེལ་གྱི་ཡོད། དེ་སྔ་ཁྱིམ་བདག་མང་པོ་ཞིག་གིས་རང་གི་བུ་ཕྲུག་སློབ་གྲྭར་གཏོང་འདོད་བྱེད་ཀྱི་མེད། ཕྲུ་གུ་སློབ་གྲྭར་མ་བཏང་ན། ཁྱིམ་ཚང་གི་ཁུར་པོ་ཡང་དུ་འགྲོ་བའི་ཁར་ད་དུང་ངལ་རྩོལ་ནུས་ཤུགས་ཡོད་པའི་ངོས་འཛིན་བྱེད་ཀྱི་ཡོད། ད་ཆ་སློབ་གསོའི་སྲིད་ཇུས་བཟང་པོ་ལས་ཞིང་འབྲོག་པ་ཁྱིམ་ཚང་མི་ཉུང་བ་ཞིག་གི་ཁུར་པོ་ཡང་དུ་ཕྱིན་ནས་ཤེས་ཡོན་ལྡན་པའི་གཞོན་ནུ་ཚོས་གྲོང་མི་ཚོའི་སྣེ་ཁྲིད་དེ་ཁྱིམ་ཚང་འབྲོག་ར་བཙུགས་ཏེ་ཕྱུག་འགྱུར་འབབ་འཕར་ཡོང་ཐབས་བྱེད་ཀྱི་ཡོད་པ་རེད།
ཕུན་ཚོགས་ཀྱིས“འདི་ལྟར་བྱས་པས་ཚང་མས་སློབ་གསོ་དར་བའི་ཁྲོད་ནས་གྲོང་རྣམ་ལ་རེ་བ་ཆེན་པོ་ཡོད་པ་མཐོང་ཡོད”ཅེས་བཤད་བྱུང་། ད་ཆ་སྒང་དཀར་གྲོང་རྡལ་གྱི་སློབ་ལོ་ལོན་པའི་བྱིས་པ་སློབ་གྲྭར་ཞུགས་ཚད་༢༠༠༨ལོའི་༧༡.༣%ནས་ད་ཆའི་༡༠༠%བར་མཐོ་རུ་ཕྱིན་ཡོད་པ་རེད།
        ༢༠༡༥ལོའི་སྟོན་དུས་ཀྱི་སློབ་འགོ་ཚུགས་པ་ནས་བཟུང་བོད་ཀྱི་སློབ་མ་རེའི“འགན་ལེན་གསུམ”གྱི་ཚད་གཞི་ཆ་སྙོམས་སྒོར་༣༠༠༠བར་མཐོ་རུ་ཕྱིན་ཞིང་། བསྡོམས་རྩིས་ལ་གཞིགས་ན། ༢༠༡༥ལོར་བོད་ཀྱིས་ལོ་ཧྲིལ་པོར་སྔོན་དཔག་ལྟར་ན། “འགན་ལེན་གསུམ”གྱི་མ་དངུལ་སྒོར་དུང་ཕྱུར་༡༥.༥དོན་འཁྱོལ་བྱ་རྒྱུ་དང་ཕན་པ་ཐོབ་མཁན་སློབ་མ་མི་ཐེངས་ཁྲི་༥༢.༥༤ཟིན་རྒྱུ་ཡིན་པ་རེད།
        “ལོ་ལྔ་ཚན་བཅུ་གཉིས་པའི”རིང་ལྗོངས་ཡོངས་སུ་བུ་བཅོལ་ཁང་དེ་སྔའི་༡༡༩ནས་ད་ཆའི་༨༨༢བར་མང་དུ་ཕྱིན་པ་དང་བུ་བཅོལ་ཁང་དུ་ཕྲུ་གུ་ཞུགས་ཚད་༦༡.༤༧%ཟིན་ཡོད་པ་རེད། འོས་འགན་སློབ་གསོའི་དུས་མཚམས་བརྟན་དུ་གཏོང་ཚད་སྔར་བས་མཐོ་རུ་ཕྱིན་ནས་མཐོ་རིམ་སློབ་འབྲིང་དུས་མཚམས་ཀྱི་ན་འདྲེས་སློབ་ཞུགས་ཐུབ་ཚད་༧༤.༤༧%ཟིན་ཡོད་པ་རེད། གཞན་ཡང་། བོད་ཀྱི་མཐོ་རིམ་སློབ་གསོར་འབུམ་རམས་པའི་མཚན་གནས་སྤྲོད་པའི་ཚན་པ་མེད་པའི་ལོ་རྒྱུས་མཇུག་འགྲིལ་ནས་སློབ་གཉེར་རིམ་པ་མཐོ་རུ་མངོན་གསལ་དོད་པོ་ཕྱིན་པ་དང་། མི་རིགས་རིག་གནས་དང་། ས་མཐོའི་ཚན་རིག་ལག་རྩལ་གྱི་ཁྱད་ཆོས་ཆེན་པོ་གཉིས་ཀྱི་རིག་ཚན་ཚོགས་པ་བཏོད་པ་དང་སྐྱེད་སྲིང་ཐུབ་པ། སློབ་ཁྲིད་ཀྱི་སྤུས་ཚད་མཐོ་རུ་བརྟན་པོ་ཕྱིན་པ་བཅས་བྱུང་ཡོད་པ་རེད།
        སློབ་གསོ་འཕེལ་རྒྱས་དང་སྲིད་གཞུང་ནས་མ་དངུལ་གཏོང་ཤུགས་རྒྱུན་ཆད་མེད་པར་མང་དུ་ཕྱིན་པ་དང་བསྟུན་ནས“ལོ་ལྔ་བཅུ་གཉིས་པའི”རིང་བོད་ཀྱི་རིམ་ཁག་དང་རིགས་ཁག་གི་སློབ་གསོའི་མ་དངུལ་རོགས་སྐྱོར་མ་ལག་ཀྱང་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་ཕྱིན་ཡོད། རིམ་རྩིས་ལྟར་ན་མིག་སྔར་ལྗོངས་ཡོངས་སུ། མ་དངུལ་རོགས་སྐྱོར་གྱི་སྲིད་ཇུས(རྒྱབ་ཁབ་རིགས་ཀྱི་སྲིད་ཇུས་ཚུད་པ)དང་རྣམ་གྲངས་ཁག་༣༧གཏན་འཁེལ་བྱས་ནས་བཏོན་པ་དང་། སློབ་ཞུགས་གོང་གི་སློབ་གསོ་ནས་ཞིབ་འཇུག་སློབ་མའི་དུས་མཚམས་བར་གྱི་སློབ་མར་མ་དངུལ་ཐད་ནས་རོགས་སྐྱོར་བྱེད་པའི་སྲིད་ཇུས་མ་ལག་བཟོ་ཡོད་པ་རེད།
        ཡིན་ནའང་དམིགས་བསལ་གྱི་རང་བྱུང་ཁོར་ཡུག་དང་ལོ་རྒྱུས་ཆ་རྐྱེན་དང་དཔལ་འབྱོར་གྱི་རྨང་གཞི་ཞན་པ་སོགས་ཀྱིས་རྐྱེན་པས་བོད་ཀྱི་སློབ་གསོར་ད་དུང་ཞན་ཆ་མང་དག་ཅིག་ཡོད་པ་རེད། ཐག་རིང་ལུང་ཁུག་ཞིང་འབྲོག་ཁུལ་དུ་ད་དུང་སློབ་གྲྭར་གློག་མེད་པ་དང་། ཉི་གློག་བརྟན་པོ་མེད་པ། དགེ་སློབ་ཚོར་འཐུང་ཆུ་གཙང་མ་འཐུང་རྒྱུ་མེད་པ། ཆུ་ཚ་པོས་གཟུགས་པོ་འཁྲུ་མི་ཐུབ་པ་སོགས་ཀྱི་གནས་ཚུལ་ཡོད་པ་རེད། བོད་རང་སྐྱོང་ལྗོངས་སློབ་གསོ་ཐིང་གི་འགན་འཁུར་བས“ལོ་ལྔ་ཚན་བཅུ་གསུམ་པའི”དུས་སྐབས་སུ་ནུས་ཤུགས་ཡོད་རྒུས་ཞན་ཆ་གསབ་སྟེ་༢༠༢༠ལོར་སླེབས་སྐབས་སློབ་གསོ་དོ་སྙོམས་འཕེལ་རྒྱས་གཏོང་བའི་དམིགས་ཚད་མངོན་འགྱུར་ཡོང་བ་བྱ་རྒྱུ་ཡིན་ཞེས་བཤད་བྱུང་།
འབྲེལ་ཡོད་རྩོམ་ཡིག