ཀྲུང་གོའི་བོད་ལྗོངས་དྲ་བ།>སློབ་གསོ།

ང་ཚོས་སློབ་གསོ་མྱོང་བའི་མཐར་ཐུག་གི་དམིགས་ཡུལ་ཅི།

2016-02-05

        འདས་པའི་ལོ་རྒྱུས་དང་ད་ལྟའི་གནས་བབ། མ་འོངས་འཚོ་བའི་འཕོ་འགྱུར་གང་ཞིག་ལ་གཞིགས་ན་ཡང་། སློབ་གསོ་ནི་རང་ཉིད་ཀྱི་ཡོད་ཚད་ཐག་གཅོད་པའི་རྒྱུ་མ་ནོར་བ་དེ་ཡིན་པར་བདེན་དཔང་སྙོམས་མེད་ཅིག་བྱས་དང་བྱེད་བཞིན་ཡོད། ཡིན་ན་ཡང་ང་ཚོས་སློབ་གསོ་མྱོང་བའི་མཐར་ཐུག་གི་དམིགས་ཡུལ་དངོས་ནི་ཤེས་རིག་བསྡུ་ལེན་དང་ནུས་རྩལ་སློབ་སྦྱོང་། ཡང་ན་རྒྱལ་ཁ་དང་བརྩི་བཀུར་ཐོབ་པ། ལོངས་སྤྱོད་ཁོ་ནའི་ཆེད་ཨེ་རེད། ལན་འདི་ལ་མི་སུས་ཀྱང་བསམ་བློ་གཏོང་དགོས་ལ། ལྷག་དོན་སློབ་གསོ་ནི་གོང་གསལ་གྱི་སྣང་ཚུལ་དེ་འདྲ་ཞིག་ལ་ང་ཚོ་ཚང་མས་ངོས་འཛིན་ཀྱིན་ཡོད་པ་རེད ། རང་རེའི་བོད་ཀྱི་ཁྱིམ་བདག་མང་བོ་ཞིག་གིས་དེ་ལས་ལྡོག་སྟེ། སློབ་གསོ་ནི་སློབ་གྲྭ་ནས་དགེ་རྒན་གྱིས་ཁྲིད་བཞིན་པའི་དཔེ་ངོས་ཀྱི་རིག་པའམ་ཤེས་བྱ་ལྟར་སྣང་ཞིག་ལ་ངོས་འཛིན་དང་རེ་བལྟོས་འཆའ་བཞིན་ཡོད་པ་རེད།  
        དངོས་གནས་ང་ཚོས་ནམ་རྒྱུན་ཁ་རུ་མ་ཎི་བཞིན་ཟློ་བཞིན་པའི་སློབ་གསོ་ནི་དོན་ངོ་མར་ག་འདྲ་ཞིག་ཏུ་ངོས་འཛིན་རྒྱུ་ནི་ཤིན་ཏུ་གལ་ཆེ་བོ་རེད། ང་ཚོ་འཚོ་གནས་བྱེད་བཞིན་པའི་ས་སྒང་རིལ་མོ་འདི་ནས་སློབ་གསོའི་ཐད་ནས་ལྟ་བ་དང་ངོས་འཛིན་འདྲ་མིན་སྣ་ཚོགས་ཤིག་ཡུལ་ལུང་སོ་སོ་ནས་བྱུང་དང་འབྱུང་བཞིན་ཡོད་ལ། སློབ་གསོའི་ལྟ་བ་དང་ངོས་འཛིན། སྤང་བླང་གི་གནད་འདི་དག་གིས་རྒྱལ་ཁབ་དང་མི་རིགས། ས་གནས། མི་སྒེར་གྱི་འཇོན་ཐང་དང་ནུས་པ་ལ་གནམ་ས་ལྟར་གོ་འབྱེད་ཀྱིན་ཡོད་པ་ནི་རྩོད་མེད་རེད། སློབ་གསོ་བྱ་བའི་གནད་ས་དང་རིན་ཐང་། བྱེད་ནུས་མ་རྟོགས་པས་ང་ཚོས་རང་ཉིད་དང་རང་ཉིད་ཀྱི་བུ་རབས་ཚ་རྒྱུད་རྣམས་དབུལ་ཕོངས་དང་རྨོངས་མུན། རྗེས་ལུས་ཀྱི་གཡང་དུ་འདེད་བཞིན་ཡོད་པས། སློབ་གསོ་རྗེས་ལུས་ཡིན་ན། རྒྱལ་ཁབ་དང་མི་རིགས། ས་གནས། མི་རང་ཉིད་རྗེས་ལུས་ཡིན་པས། དུས་རབས་དང་སྤྱི་ཚོགས། འཛམ་གླིང་འཕེལ་རྒྱས་ཀྱི་མཆོང་བསྐྱོད་ཆེན་པོས་ང་ཚོར་གཏན་ནས་ངང་སྒུག་བྱེད་མི་སྲིད། ནམ་ཡང་ང་ཚོ་དབུལ་ཕོངས་དང་རྨོངས་མུན་གྱི་གནས་ལས་ནམ་ཀུན་ཐར་ཐབས་མེད། 
        དེས་ན་སློབ་གསོའི་ངོས་ཀྱི་ལྟ་བ་འདི་ལ་རང་ངོས་ནས་བསམ་གཞིགས་དང་རྟོག་དཔྱོད་བྱ་རྒྱུ་ནི་ཤིན་ཏུ་དགོས་གལ་ཆེ་བས། གཤམ་ནས་སློབ་གསོའི་ངོས་ཀྱི་ཁ་སང་དེ་རིང་གི་ལྟ་ཚུལ་གཙོ་བོ་སྟེ། ང་ཚོས་སློས་གསོ་མྱོང་བའི་མཐར་ཐུག་གི་དམིགས་ཡུལ་ཅི་ཞིག་ཡིན་པའི་གནས་བབ་ལས་འཕྲོས་ནས་གླེང་ཞིག་སློང་བར་བྱའོ།  །
        གཅིག སློབ་གསོས་ཤེས་རིག་གི་ནུས་རྩལ་མི་སློབ་པར་མི་རྣམས་རིག་ཚན་དང་ལས་རིགས་གང་རུང་ལས་རྒྱལ་བའི་ལམ་སྣ་དང་སྤོབས་པ་འདྲེན་རྒྱུ་དེ་ལགས། ཁྲ་ལེར་ཏི.ལེ་བིན་ནི་གོ་ལ་ཧྲིལ་བའི་ཁྱོན་དུ་གྲགས་སྙན་ཆེ་བའི་སློབ་གསོ་བ་ཆེན་པོ་ཞིག་ཡིན་ལ། ཁོ་ནི1993ནས2013ལོའི་བར་ཨ་རིའི་ཡེ་ལའོ་གཙུག་ལག་སློབ་ཆེན་གྱི་སློབ་གཙོར་བཞུགས་པའི་སྐྱེས་ཆེན་ཞིག་ཀྱང་ཡིན།  
        ཁོས་བཤད་རྒྱུར། གལ་ཏེ་སློབ་མ་ཞིག་ཡེ་ལའོ་སློབ་ཆེན་ནས་མཐར་ཕྱིན་རྗེས། ཆེད་གཉེར་ཆེ་གེ་མོའི་ཤེས་རིག་དང་ནུས་རྩལ་ཤིན་ཏུ་འཛོམས་ན་ཡང་། དེ་ནི་ང་ཚོའི་སློབ་ཆེན་ལ་མཚོན་ན་ཆེས་ཆེ་བའི་ཕམ་ཁ་ཡིན། རྒྱུ་མཚན་ནི་ཆེད་ལས་ཀྱི་ཤེས་རིག་དང་ནུས་རྩལ་ནི་སློབ་མས་རང་ཉིད་ཀྱི་འདུན་པ་སྐོང་བའི་ཆེད་ཡིན་པ་དང་། སློབ་ཆེན་ནས་མཐར་ཕྱིན་རྗེས། སྤྱི་ཚོགས་དང་འཚོ་བའི་ཁྲོད་ནས་སློབ་སྦྱོང་དང་ཁོང་དུ་ཆུད་དགོས་པའི་དངོས་པོ་དེ་ནི་ཡེ་ལའོ་སློབ་ཆེན་གྱི་སློབ་གསོའི་དམིགས་འབེན་ཡེ་ནས་མིན། 
        དེ་ལྟར་སོང་ཚེ་སློབ་ཆེན་གྱི་སློབ་གསོས་ནུས་པ་གང་ཡང་འདོན་ཐུབ་ཀྱིན་མི་འདུག ཁྲ་ལེར་ཏི.ལེ་བིན་གྱི་གཏམ་བཤད་ཕྱོགས་བསྡུས《 སློབ་ཆེན་གྱི་བྱ་བཞག 》(The work of the University)ཅེས་པའི་དཔེ་དེབ་ཁྲོད་འདི་ལྟར་གླེང་ཡོད་དེ། “ཡེ་ལའོ་ཡིས་མིའི་རིགས་ལ་ཤུགས་རྐྱེན་ཟབ་མོ་བསྐྲུན་ཐུབ་པའི་འགོ་ཁྲིད་མི་སྣའི་དཔུང་སྡེ་བཙན་པོ་ཞིག་གསོ་སྐྱོང་བྱ་རྒྱུ་དེ་ཡིན། ངས་བལྟས་ན། དངོས་གཞིའི་སློབ་ཆེན་གྱི་ལྟེ་བའམ་དཀྱིལ་སྙིང་ནི་ཤེས་རིག་བྱང་ཆུབ་དང་སློབ་མའི་ཁེར་རྐྱང་གི་བསམ་གཞིགས་ཀྱི་ནུས་པ་དང་དཔྱོད་ཤེས་ཀྱི་ནུས་པ་སྔོན་འདོན་བཟང་བོ་བྱས་ཏེ། ཚེ་མཇུག་གི་སློབ་སྦྱོང་བྱ་བ་ལ་རྨང་གཞི་བརྟན་པོ་ཞིག་འདིང་རྒྱུ་དེ་རེད།”ཅེས་བློ་སྤོབས་ཆེན་པོས་མཐའ་བསྡོམས་ངོས་གཙང་མཛད་ཡོད། 
        “ཤེས་རིག་བྱང་ཆུབ་སློབ་གསོ”ཞེས་པ་ནི། དབྱིན་ཡིག་གི(Liberal education)ཟེར་བ་དེ་ཡིན་ལ། ཚིག་ངོས་ནས་བལྟས་ཚེ། འདི་ལ“རང་དབང་གི་སློབ་གསོ”ཞེས་པའི་གནད་དེ་འབུར་དུ་དོད་ཡོད་པས། སེམས་ཁམས་ཀྱི་ཐད་ནས་རང་དབང་གཤིས་སྤྱོད་གསོ་སྐྱོང་བྱས་ཏེ། རང་དབང་གི་འདུ་ཤེས་དང་སྤྱི་དམངས་ཀྱི་འོས་འགན། རྒྱང་རིང་གི་དམིགས་འབེན་སྲོག་ཤིང་དུ་འཛིན་རྒྱུ་དེ་ཡིན། རང་དབང་གིས་མི་བུ་རང་ཉིད་ཀྱི་ནུས་པ་སྔོག་འདོན་དང་རང་དབང་གིས་སློབ་སྦྱོང་གི་ཁ་ཕྱོགས་གཏན་འབེབས། སྤྱི་ཚོགས་དང་མིའི་རིགས་ཀྱི་མདུན་བསྐྱོད་ལ་མཛད་རྗེས་བླ་ན་མེད་པ་འཇོག་མཁན་གསོ་སྐྱོང་བྱ་རྒྱུ་དེ་ཡིན། 
        འདི་ནི་ལེ་བིན་གྱི་སེམས་དཀྱིལ་དུ་ཉར་བའི་ཡེ་ལའོ་སློབ་ཆེན་གྱི་སློབ་གསོའི་དམིགས་འབེན་དེ་ཡིན། 《སློབ་ཆེན་གྱི་ལྟ་སྟངས》ཞེས་པའི་རྩོམ་པ་པོ་ཇའོ་ཧན་ཉིག་མན་གྱིས་བཤད་རྒྱུར། “སློབ་གསོ་ཡོད་ཚེ།  མི་ཞིག་གི་རང་ཉིད་ཀྱི་ལྟ་བ་གསལ་རྟོགས་དང་རང་རྟོགས་ཀྱི་འདུ་ཤེས་རྙེད་བཏུབ་ལ། སློབ་གསོ་ཡོད་ཚེ། ད་གཟོད་གཞན་ལ་རང་ལྟ་ལྷུག་བརྗོད་བྱེད་སྐབས་རང་ཉིད་ཀྱིས་བདེན་པ་དཔང་དུ་འཛུགས་ཐུབ་པ་དང་། སྨྲ་བརྗོད་ལ་གནས་ལུགས་ཀྱིས་ཕྱུག་ཅིང་སྐུལ་འདེད་ཀྱི་ནུས་པ་མངའ་བ་རེད། སློབ་གསོས་འཛམ་གླིང་གི་བྱ་བཞག་གི་རྣམ་པ་དངོས་དང་དཀའ་རྙོག་ཐག་གཅོད་བྱས་ཏེ་བསམ་བློའི་རྙོག་འཛིང་གསལ་འབྱེད། སྤང་བླང་གི་གནད་འབྱིན་པ། ལེགས་ཉེས་ཀྱི་མིག་བསྩལ་ནས་སློབ་གསོས་མི་རྣམས་ལས་གནས་མང་བོར་ཡིད་ཆེས་དང་བསླབ་གནས་སོ་སོར་བྱང་ཆུབ་པའི་ལམ་སྣར་བདེ་བླག་ཏུ་འདྲེན་རྒྱུ་དེ་ཡིན”ཞེས་གསལ་བརྗོད་མཛད། 
        གཉིས། སློབ་གསོས་འཚོ་བའི་ཁོར་ཡུག་ལ་འཕོ་འགྱུར་མི་གཏོང་བར་མིའི་འདུ་ཤེས་འཛིན་སྟངས་ལ་འགྱུར་བ་གཏོང་བ་ཡིན། 2005ལོར་ཨ་རིའི་བརྩམས་སྒྲུང་རྩོམ་པ་པོ་ཏ་ཝེ་ཧུ་སི་ཏི་ཧྭ་ལའེ་ཧྲིས་ཀྱིས་ནམ་རྒྱུན་ཁཱན་དབྱང་སློབ་ཆེན་གྱི་མཐར་ཕྱིན་མཛད་སྒོའི་སྟེང་གཏམ་བཤད་གནངས་སྐབས། གཏམ་བཤད་ཀྱི་མགོར་ཁོས་གཏམ་རྒྱུད་ཐུང་ཐུང་ཞིག་བཤད་ཡོད་དེ། ཤ་དར་རུས་དར་གྱི་ཉ་གཉིས་ཉ་རྒན་པ་ཞིག་ལ་འཕྲད་པ་དང་། ཉ་རྒན་པ་དེས “ཞོགས་པ་བདེ་ལེགས། བྱིས་པ་ཚོ། ཆུ་འདི་ཅི་འདྲ་རེད”ཉ་དེ་གཉིས་ཡུན་རིང་ཞིག་ལ་ཆུ་བོར་རྐྱལ་རྗེས། དེའི་ཁྲོད་ཀྱི་ཉ་ཞིག་གིས་མ་བཟོད་པར་མཇུག་མཐར་ཉ་གཞན་པ་དེ་ལ་འདི་ལྟར་དྲིས། “ཆུ་ནི་ཅི་ཞིག་ཡིན་པ་རེད” 
        ཁོས་གཏམ་བཤད་མཚམས་འདི་ལ་སླེབས་དུས། ན་གཞོན་ཞིག་གིས་འཚོ་བའི་ཆེད་དུ་ནངས་སྔ་ལངས་བྱས་ཏེ་གཞུང་སྒྲུབ་ཁང་དུ་ཕྱིན་ནས་བྱ་བ་སྒྲུབ་པ་དང་། དུས་ཚོད་བརྒྱད་ནས་བཅུ་ལ་བྱ་བའི་གཡུལ་སར་ཞུགས། དེའི་རྗེས་ཁྲོམ་རར་སོང་། ཟ་མ་ལས། ངལ་ཏོག་ཙམ་གསོས་པ་དང་མྱུར་བར་གཉིད་དུ་ཡུར། ཉིན་གཉིས་པ་དང་གཟའ་རེ་རེར་ཡང་ནས་ཡང་དུ་འདི་ལྟར་བསྐྱར་ཟློས་སྒོས་ང་ཚོ་འཚོ་བའི་ཆེད་དུ་འདུར་རྒྱུགས་བྱས་ཀྱིན་ཡོད་པ་རེད།
        མི་ལ་འདི་ལྟ་བུའི་འཚོ་བའི་ཁྲོད་ནས་ལས་སླ་བོར་འདུ་ཤེས་དང་བསམ་བློ་མེད་པའི་གོམས་གཤིས་ཤིག་ངམ་ངམ་ཤུགས་ཤུགས་ཀྱིས་ཆགས་འགྲོ་བ་རེད། ཅི་བསམ་འདི་བསམ་མེད་པར་ལག་ཁྱེར་ཁ་པར་རྩེ་བ། འཚོ་བའི་གོམ་སྟབས་མྱུར་མགྱོགས་སུ་བཏང་བ། ལམ་ལོག་ཏུ་སོང་བ། རང་གི་མདུན་གྱི་མི་དང་བྱ་བ་སྣང་མེད་དུ་བཞག་པ། ཁེར་རྐྱང་དང་སུན་སྣང་། ཞེ་སྡང་། ན་ཟུག་གི་ཀློང་དུ། ཤེས་མེད་ཚོར་མེད་དུ་ལུས་སྲིད་པ་རེད། འདི་ནི་སྔོན་དུ་བཤད་ཟིན་པའི་གཏམ་རྒྱུད་དེ་དང་འདྲ་བར་འཚོ་བ་ནི་ཆུའི་ཁྲོད་དུ་གནས་པའི་ངང་ཚུལ་ལས་མ་འདས་པས། ཆུ་ནི་གང་ཞིག་ཡིན་པ་ཡང་ཚོར་ཀྱིན་མེད་པའི་གནས་སྟངས་སུ་ང་ཚོ་ངང་གིས་སླེབས་ཡོད་པ་རེད།  
        ཏ་ཝེ་ཧུ་སི་ཏི་ཧྭ་ལའེ་ཧྲིས་གཏམ་བཤད་དུ། “སློབ་གསོའི་དམིགས་འབེན་ནི་ཤེས་རིག་སློབ་རྒྱུ་དེ་མ་ཡིན་པར་བསམ་གཞིགས་ཀྱི་ནུས་པ་སྐྱེད་བསྲིང་བྱ་རྒྱུ་དེ་ཡིན། སྙིང་བོ་ཅི་ཡང་མེད་པའི་འཚོ་བའི་ཁྲོད། དུས་རྒྱུན་རང་ཉིད་ཀྱི་འདུ་ཤེས་འཛིན་སྟངས་ཤིག་རྒྱུན་འཁྱོངས་བྱེད་བཞིན་ཡོད། རང་ཉིད་ལ་ནོར་འཁྲུལ་ཁྱོན་ནས་མེད་པར་བསམ་ཏེ། རང་དབང་མེད་པར་འཚོ་བའི་དཀྱུ་ས་ལྟར་འགྲོ་དགོས་ལ། འཚོ་བས་རང་ཉིད་ལ་ཡོངས་སུ་མངའ་དབང་བསྒྱུར་ཡོད། དོན་དངོས་སུ་ང་ཚོ་མིའི་རིགས་ནི་འཚོ་བ་ལ་དབང་བསྒྱུར་མཁན་གྱི་བདག་པོ་དངོས་ཡིན་ཀྱང་། ང་ཚོ་ནི་དེ་ལས་ལྡོག་སྟེ་འཚོ་བའི་བྲན་གཡོག་དངོས་སུ་གྱུར་ཡོད་པ་རེད། ”
        བསམ་གཞིགས་གཏོང་ཤེས་པ་དང་བདམས་ག་བགྱི་ནུས་པ། སྤྲོ་སྣང་དང་འཛུམ་མདངས། ཡིད་ཆེས་དང་རང་དབང་སློབ་སྦྱོང་བྱ་རྒྱུ་ནི་སློབ་གསོའི་དམིགས་འབེན་ཡིན་ལ། བདེ་སྐྱིད་ཀྱི་བང་མཛོད་འབྱེད་པའི་ལྡེའུ་མིག་དང་སྟོབས་ཤུགས་ཀྱི་འབྱུང་རྩ་གཅིག་པུའང་ཡིན། 
        གསུམ། སློབ་གསོ་ནི་ཁྱོད་རང་བདེ་སྐྱིད་ཀྱི་འཚོ་བ་རོལ་བ་ཤེས་པ་དང་བདེ་སྐྱིད་ནི་ནང་སེམས་ཀྱི་འདུ་ཤེས་འཛིན་སྟངས་ཤིག་ཡིན་པ་རེད། 
        ཨ་རིའི་ཧྭ་ཝུར་ཊི་སློབ་ཆེན་གྱི“བདེ་སྐྱིད་སློབ་ཐུན”ནི་འཛམ་གླིང་དུ་ཆེས་རྒྱུགས་ཆེ་བའི་སློབ་ཐུན་ཞིག་ཡིན་ལ། སློབ་ཁྲིད་འདི་འཆད་ཁྲིད་བགྱི་མཁན་ཐེ་ལི་པིན་ཧྲ་ཧ་ཨར་གྱིས་བདེ་སྐྱིད་ཐོབ་པའི་འདུ་ཤེས20ཡི་བསམ་བློ་གཏོང་སྟངས་ཕྱོགས་བསྡོམས་ངོས་གསལ་མཛད་ཡོད་དེ།  
        1. མུ་མཐུད་དུ་རང་ཉིད་ལ་གནད་དོན་གསལ་བར་དྲིས་ཏེ། གནད་དོན་མཐའ་དག་ནི་རང་བཞིན་གྱིས་རྟོགས་འཇུག་དང་ཐག་གཅོད་བྱེད་པའི་སྒོ་མོ་འབྱེད་པ། དེའི་རྗེས་ཁྱོད་ཀྱིས་དད་མོས་དང་ཡིད་ཆེས་བྱེད་པའི་བྱ་དངོས་ཤིག་ཁྱོད་ཀྱི་དངོས་ཡོད་འཚོ་བའི་ཁྲོད་ཕྱིར་མངོན་བྱེད་དགོས།  
        2.རང་ཉིད་ལ་ཡིད་ཆེས་བྱ་དགོས། ཅི་ལྟར་སྒྲུབ་དགོས། གནད་དོན་རེ་རེ་བཞིན་ཐག་གཅོད་བྱེད་སྐབས། དཀའ་ངལ་དང་ལེན་བྱས་ཏེ་མིག་མཐོང་ལག་ཟིན་སྒོས་རང་ཉིད་ལ“བྱ་བ་འདི་ངས་ངེས་པར་དུ་སྒྲུབ་ཐུབ་དགོས”ཞེས་པའི་བློ་སྤོབས་ལྡན་དགོས་ལ།  དེ་མཚུངས་སུ་གཞན་ལ་ཡང་ཡིད་ཆེས་བྱེད་དགོས། 
        3. ཕམ་ཁ་དང་ལེན་བྱེད་ཐུབ་པའི་སྙིང་སྟོབས་སྦྱོང་བརྡར་བྱེད་དགོས། དེ་ལྟར་མ་བྱས་ན་ཁྱོད་རང་ནམ་ཡང་འཚར་ལོངས་འབྱུང་ཐབས་མེད། 
        4. དང་ལེན་ནི་ཡིད་དུ་འོང་བ་ཞིག་མིན་ལ། འཚོ་བ་ནི་མུ་མཐུད་ཡར་རྒྱས་སུ་འགྲོ་བའི་དྲང་ཐིག་ཅིག་ཁྱོན་ནས་མིན། དེ་ནི་ཡར་རྒྱས་སུ་འགྲོ་བའི་འཁྱོག་ཐིག་ཅིག་ཡིན། 
        5. རང་ཉིད་མིའི་བརྩེ་བ་དང་ལྷག་བསམ་ཡོད་པ་ཞིག་འགྱུར་དགོས། བརྩོན་སེམས་རང་བཞིན་དང་སྒྱིད་ལུག་རང་བཞིན་གྱི་བརྩེ་བ་ཡང་འདུ་བ་རེད། 
        6. འཚོ་བས་ཁྱོད་ཉིད་ལ་རོགས་རམ་བྱེད་ཐུབ་པ་རང་ཉིད་ཀྱིས་ཐོ་འགོད་བྱེད་དགོས། 
        7.ཧུར་ཐག་གིས་འཕྲད་བཞིན་པའི་གནད་དོན་ལ་བསམ་གཞིགས་བྱས་ཏེ། དྲིན་བཟོ་བྱེད་ཤེས་དགོས་ལ། དྲིན་བཟོས་མིའི་རིགས་ལ་ཆེས་ཡིད་དུ་འོང་བའི་སྤྲོ་བ་སྟེར་ཐུབ། 
        8. བདེ་སྐྱིད་ཀྱི་རྒྱུ་ཆ་ཐོག་མ་ནི་འབྲེལ་ཟམ་ཡིན་ལ། འདི་ནི་མི་ལ་གདོད་ནས་མངའ་བའི་གཤིས་ཀ་ཡིན། དེའི་ཕྱིར་བདེ་སྐྱིད་ལ་འབྲེལ་བ་ཡོད་པའི་གནས་བབ་མཐའ་དག་ལ་བརྩོན་ཤུགས་འབུལ་དགོས། 
        9. ཡིད་ཚིམ་པའི་སྒོ་ནས་ངལ་གསོ་དང་འགུལ་བསྐྱོད་བྱེད་དགོས། 
        10 བྱ་བ་སྒྲུབ་ན་རིམ་པ་གསུམ་ཡོད་དེ། བྱ་བ། ལས་དོན། འགན་ཁུར་བཅས་ཡིན། ཁྱོད་རང་གིས་ཁྱོད་རང་འཇིག་རྟེན་འདིར་གསོན་པའི་འོས་འགན་གཙང་མ་དེ་རྙེད་དགོས། 
        11. སེམས་ལ་འཛིན་དགོས་པ་ཞིག་ནི། རང་ཉིད་བདེ་ཞིང་སྐྱིད་ན། ད་གཟོད་མི་གཞན་ལ་བདེ་སྐྱིད་སྟེར་ཐུབ། བྱིས་པ་ལ་སློབ་གསོ་གཏོང་བའི་ཐབས་ཤེས་ཆེས་ལེགས་པོ་ནི་གཞུང་དྲང་གི་ཕ་མ་ཞིག་བྱེད་རྒྱུ་དེ་ཡིན། 
        གང་ལྟར་བདེ་སྐྱིད་ནི་མིའི་རིགས་ཀྱིས་བསྙེགས་འདེད་དང་བརྩོན་ལེན་བྱེད་པའི་མཐར་ཐུག་གི་དམིགས་བྱ་ཉག་གཅིག་པོ་དེ་ཡིན། ཡིན་ཡང་ང་ཚོ་བོད་ཀྱི་ནང་བསྟན་གྱི་གཞུང་ཤིང་གཙོ་བོ་སྟེ་སྤྱོད་འཇུག་ཆེན་མོ་ལས། སྡུག་བསྔལ་འདོར་འདོད་བློ་ཡོད་ཀྱང་། ། སྡུག་བསྔལ་ཉིད་ལ་མངོན་པར་རྒྱུགས། ། བདེ་བ་འདོད་ཀྱང་གཏི་མུག་པས། ། རང་གི་བདེ་བ་དགྲ་ལྟར་འཇོམས། ། ཞེས་གསུངས་པ་ནང་བཞིན་བདེ་སྡུག་གི་ལམ་གོལ་ནས་བདེ་བ་དང་སྡུག་བསྔལ་སྒྲུབ་བྱེད་ཀྱི་རྒྱུ་མ་ནོར་བ་ཞིག་འཚོལ་རྒྱུ་ནི་གལ་ཆེ་ལ། དཔེར་ན། ནད་གསོ་བ་ལ་ནད་བསྐྱེད་པའི་རྒྱུ་མི་སྒྲུབ་པར་དེའི་ཕྱོགས་ཀྱི་གཉེན་པོ་བསྟེན་དགོས་པ་ནི་ཆོས་ཉིད་ལྟ་བུར་གྲུབ་ཡོད། 
        མདོར་ན་ང་ཚོས་སློབ་གསོ་མྱོང་བའི་མཐར་ཐུག་གི་དམིགས་ཡུལ་ནི་རང་གཞན་ལ་བདེ་སྐྱིད་བསྐྲུན་རྒྱུ་དེ་རེད། གཞན་ལ་བདེ་སྐྱིད་མ་བསྐྲུན་པར་རང་ལ་བདེ་སྐྱིད་ཟེར་བ་ཞིག་ནམ་ཡང་ཡོངས་ཐབས་མེད་པས། དེ་ནི་བདེ་སྐྱིད་ཀྱི་རྩ་བ་ལྟ་བུ་ཡིན་ལ། འཆམ་མཐུན་གྱི་གཞི་མ་ལྟ་བུ་ཡང་ཡིན། བདེ་སྐྱིད་ནི་སྡུག་བསྔལ་དང་ལེན་བྱེད་ཤེས་པ་དང་། རང་ཉིད་དང་གཞན་ལ་ཡིད་ཆེས་པ། དཀའ་སྡུག་ལ་མགོ་བོ་མི་སྒུར་བ། དྲིན་བཟོ་དང་བཟོད་སྒོམ་གྱི་གོ་ཆ་བརྟན་པ། གཞན་ལ་རོགས་རེས། བྱམས་དང་བརྩེ་བ་ཡོད་པ་ཞིག་ལ་ཐོབ་བཏུབ། ལྷག་དོན་འཛམ་གླིང་སྒང་གི་མི་ཚང་མས་རང་ས་ནས་བདེ་སྐྱིད་ཀྱི་འཚོ་བ་རོལ་ཤེས་པ་དང་རོལ་ཐུབ་པ་ཞིག་འབྱོངས་རྒྱུ་ནི་ང་ཚོས་སློབ་གསོ་མྱོང་བའི་མཐར་ཐུག་གི་དམིགས་ཡུལ་དང་བསྙེགས་འདེད་གཏོང་ས་ཡིན།
༼ རྩོམ་སྒྲིག་འགན་འཁུར་པ། འཇམ་དཔལ། ༽
འབྲེལ་ཡོད་རྩོམ་ཡིག