ཀྲུང་གོའི་བོད་ལྗོངས་དྲ་བ།>དཔྱད་གཏམ།

པད་མ་ཚེ་བརྟན་ན་རེ། ཇི་ལྟར་མི་གཤིས་ལ་ཉེ་ན་དེ་ལྟར་འཛམ་གླིང་ལ་བདག་གོ། །

2015-08-05 ཚེ་རྣམ་གྱིས་བསྒྱུར།
——《མཚོ་སྔོན་པོ》རྩོམ་རིག་ངོ་ཐོག་བཅར་འདྲི།  
མཱ་ཧའེ་དབྱི/པད་མ་ཚེ་བརྟན།

མཱ་ཧའེ་དབྱི(མཚོ་སྔོན་དུ་ཡོད་པའི་སྙན་ངག་པ་སྐད་གྲགས་ཅན་ཞིག་རེད།  སྒྱུར་བ་བོའི་མཆན།)།  སྐུ་ཞབས་པད་མ་ཚེ་བརྟན་ལགས།  ངེད་གཉིས་ཀྱང་གྲོགས་པོ་རྙིང་བར་བརྩི་ཆོག་པས་ང་ནི་ཆེད་ལས་གསར་འགོད་པ་ཞིག་ཡིན་ཚུལ་ཉིད་ལ་གསལ་ངེས།གསར་འགོད་པ་ཞིག་གི་ཐད་ནས་བཅར་འདྲི་བྱེད་པ་ནི་བཟློག་ཏུ་མེད། འདིའི་ཡར་སྔོན་ངའི་བཅར་འདྲི་བྱ་ཡུལ་གསར་འགྱུར་ལས་རིགས་ཀྱི་མི་སྣ་ཁྱད་པར་བ་ཏག་ཏག་ཡིན་པས།  འདི་ལྟར་སྒྱུ་རྩལ་བ་ཞིག་ལ་གཟབ་ནན་གྱིས་བཅར་འདྲི་བྱས་པ་ཤིན་ཏུ་ཉུང་།  ད་ནི་ཆེས་ཐོག་མའི་དྲི་བར་འཇུག་པར་བྱ་སྟེ།ཁྱེད་ཀྱིས་བལྟས་ན་སྒྱུ་རྩལ་བ་དང་སྒྱུ་རྩལ་བ་མིན་པ་ཡང་ན་དེ་གཉིས་ཀྱི་བྱ་བར་མི་འདྲ་ས་གང་འདུག
པད་མ་ཚེ་བརྟན།  ངས་བལྟས་ན་སྒྱུ་རྩལ་བ་དང་སྒྱུ་རྩལ་བ་མིན་པའི་ཁྱད་པར་ཆེ་ཤོས་ནི་འཆར་ཡན་རྒོད་མིན་གྱི་ཐོག་ནས་བཞག་ན་འགྲིག་གི་འདོད།  

མཱ་ཧའེ་དབྱི།  རྣམ་ཐར་བརྩམས་ཆོས་སུ་དུས་ཀྱི་བསྐལ་བའི་མེས་པོའི་མེས་པོའམ་ཆེས་ཉེ་ཡང་སྤོ་བོའི་སྤོ་བོའམ་སྤོ་བོ་ནས་མགོ་རྩོམ་པ་རྒྱུན་མཐོང་དུ་གྱུར།དགོས་པ་འདི་འདྲ་འདུག་གམ།གཞན་ཡང་མི་མང་པོས་བོད་ཀྱི་རིག་གནས་ལས་ཁྱེད་ལ་བག་ཆགས་བཟང་པོ་ཐེབས་འདུག་ཅེས་བརྗོད་པ་མཐོང་མྱོང་།འོན་ཀྱང་བདག་གི་སྣང་ངོར་དེ་ནི་ཁྱོད་གཅིག་པུ་ཙམ་མ་ཟད་མི་ཚང་མར་རང་རིགས་ཀྱི་རིག་གནས་ལས་བག་ཆགས་བཟང་པོ་ཐེབས་ཡོད་པར་གདོན་མི་ཟ་བར་ཤར་ཡོད་པས།ཁོ་བོར་ཁྱེད་རང་འཁྲབ་ཁྲིད་པ་དང་རྩོམ་པ་པོ་གྲགས་ཅན་ཞིག་ཏུ་གྱུར་བའི་རྒྱུ་རྐྱེན་སྣ་ཚོགས་ཁྲོད་དུ་ཁྱིམ་རྒྱུད་དང་རྒན་རབས་པའི་ཤུགས་རྐྱེན།ཡང་ན་ཐོལ་བྱུང་གི་རྒྱུ་རྐྱེན་ཡོད་མེད་ལ་མཚར་སྣང་ཤིན་ཏུ་ཆེ།  
པད་མ་ཚེ་བརྟན།  བདག་གིས་དེ་ནི་དགོས་ངེས་ཤིག་ཏུ་འདོད་ཡོད།  ཁྱིམ་ཚང་འདིའི(པད་མ་ཚེ་བརྟན་འཚར་ལོངས་འབྱུང་ཡུལ་གྱི་ཁྱིམ་རྒྱུད)མི་རབས་སྔོན་མ་དག་སྒྱུ་རྩལ་དང་འབྲེལ་བ་ཆེན་པོ་མི་འདུག་པས།  ང་ལ་མཚོན་ན་ཁྱིམ་རྒྱུད་ཀྱི་སྲོལ་འཛིན་པ་དང་དེ་ལས་བརྒྱུད་ཟེར་བ་འདི་གླེང་དུ་མེད།  འོན་ཀྱང་ཨ་མྱེས་ནི་ལག་རྩལ་ཅན་ཞིག་ཡིན་པས་རྒན་རབས་པ་དག་ལས་བག་ཆགས་ཅུང་ཐེབས་ཡོད་ངེས།  དཔེར་ན་ཁོའི་འཇིག་རྟེན་ལྟ་བ་དང་ལོ་རྒྱུས།  བྱ་བ་སྒྲུབ་སྟངས་སོགས་ཀྱིས་ད་ལྟའི་བར་བདག་གི་ཕྱོགས་མང་བོར་ཤུགས་རྐྱེན་ཐེབས་བཞིན་ཡོད་ལ།  སྒྱུ་རྩལ་གསར་རྩོམ་ཁྲོད་དུའང་དེ་ལས་མ་འདས།  

མཱ་ཧའེ་དབྱི།  དོན་དངོས་ཐོག་དྲི་བ་འདི་ནི་གོང་གི་དྲི་བའི་མཇུག་མཐུད་པ་སྟེ།  ཁྱེད་ཀྱིས“བརྩམས་སྒྲུང་དང་གློག་བརྙན་གསར་རྩོམ་གྱི་ཀུན་སློང་བསྐྱེད”པའི་དཔུང་ཤུགས་དེ་ནི“ང་སྡོད་ཡུལ་གྱི་རིག་གནས”དང་ཡང་ན“རང་ལུས་སུ་ཡོད་པའི་གཤིས་རྒྱུད”ལ་འབྲེལ་བ་ཡོད་པར་འདོད་ཟེར།དེས་ན་རིག་གནས་འདི་དང་གཤིས་རྒྱུད་འདིའི་ཁྱད་ཆོས་དང་དེ་དག་ལ་གཏིང་ཟབ་པའི་འབྱུང་རྩ་ཞིག་འདེད་རྒྱུ་ཡོད་དམ།  
པད་མ་ཚེ་བརྟན།  ཁོ་བོས་གླེང་པའི“ང་སྡོད་ཡུལ་གྱི་རིག་གནས”ཟེར་བ་ནི་ཆོས་ལུགས་དང་དེ་མ་ཡིན་པ་དང་དམངས་ཁྲོད་དང་དེ་ནས་མ་ཡིན་པ་སོགས་འདས་མ་ད་གསུམ་གྱི་བོད་ཀྱི་རིག་གནས་སྤྱི་ལ་ཟེར་བཞིན་ཡོད་དེ།  འདིའི་ཁྱབ་ཁོངས་ཤིན་ཏུ་ཆེ་བས་ང་རང་འཚར་ལོངས་འབྱུང་ཡུལ་གྱི་ཁོར་ཡུག་མཐའ་དག་དང་འབྲེལ་བ་ཡོད།  དེའི་འོག་གི“རང་ལུས་སུ་ཡོད་པའི་གཤིས་རྒྱུད”ཅེས་པ་འདི་ནི་མི་ཚང་མར་ཡོད་པའི་གཞན་དང་མི་མཐུན་པའི་གཤིས་ཀར་གོ་ན་མི་ཆོག་པ་མེད་དེ།  ང་ལྟ་བུར་མཚོན་ན་སྐྱེ་ཁམས་ཀྱི་གཞི་རྒྱུ་དང་ཕྲད་པའི་ཁོར་ཡུག  འཚར་ལོངས་ཀྱི་བརྒྱུད་རིམ་སོགས་ལས་ཆུང་དུས་ནས་ཁེར་རྐྱང་གི་ཚོར་བ་ཞིག་མཆིས་ཤིང་།  ཁེར་རྐྱང་གི་ཚོར་བ་འདི་ཟུངས་ཁྲག་དང་འདྲེས་ནས་འདུག་པ་འདྲ།  

མཱ་ཧའེ་དབྱི།  ངས“སོའུ་ཧུའུ་རིག་གནས”ཀྱིས་ཉིད་ལ་འདྲི་མོལ་བྱེད་པར་བལྟས་པ་ཡིན།དེའི་མདུན་ངོས“ནང་དོན་གནད་བསྡུས”སུ“རིག་གསར་གྱི་ལོ་རབས་སུ།  རྙིང་ཧྲུལ་སྡུད་ར་ནས་ཕྱི་གླིང་བའི་བརྩམས་སྒྲུང་བརྐུས་ལ།  དགོན་པའི་ནང་ནས་ཐྲ་ཕི་ལིན(Charles Chaplinསྟེ ༡༨༨༩ ལོའི་ཟླ ༤ པའི་ཚེས ༡༦ ཉིན་དབྱིན་ཇི་ནས་འཁྲུངས་ཤིང ༡༩༧༧ སི་ཝིས་ཙེར་ནས་སྐུ་བཤེགས་པའི་ཟུར་ཟའི་བཞད་གར་འཁྲབ་ཁྲིད་པ་དང་འཁྲབ་སྟོན་པ་གྲགས་ཅན)གྱི་གློག་བརྙན་ལ་བལྟས་ཤིང་།  དེ་ནས་བཟུང་རྩོམ་རིག་དང་གློག་བརྙན་གྱི་ལམ་སྣ་འདིར་ཞུགས”ཞེས་བཀོད་འདུག འདིའི་ཕྱོགས་ནས་ང་ལ་དྲི་བ་གཉིས་ཡོད་དེ།  གཅིག་ནི་འཁྲབ་ཁྲིད་པ་ཞིག་དང་རྩོམ་པ་པོ་ཞིག་ཏུ་འགྱུར་བ་དེ་ལྟ་བུའི་སླ་མོ་ཞིག་ཨེ་རེད།  གཉིས་སུ་བརྒྱུད་རིམ་འདི་དག་ཡོད་མཁན་གང་མང་མང་ཡིན་མོད།  འོན་ཀྱང་ཁྱེད་སྒྱུ་རྩལ་བ་ཞིག་ཏུ་ཆགས་པ་དང་གཞན་པ་ཚོ་དེ་ལྟར་མ་གྱུར་པའི་རྒྱུ་རྐྱེན་ཅི།  
པད་མ་ཚེ་བརྟན།  འཁྲབ་ཁྲིད་པ་དང་རྩོམ་པ་པོ་ཞིག་ཏུ་ཆགས་རྒྱུར་དེ་འདྲའི་སླ་མོ་ཞིག་མིན་པ་ཐག་ཆོད་རེད།  འོན་ཀྱང་ཁྱེད་ལ་དེའི་ཕྱོགས་ཀྱི་ཤེས་རབ་རྣོན་པོ་ཞིག་ཡོད་ན་གོང་གི་དེ་ལྟ་བུའི་བརྒྱུད་རིམ་འགངས་ཆེ་བ་འདྲ།  གལ་ཏེ་བརྒྱུད་རིམ་འདི་དག་མེད་ན་ཡང་འཁྲབ་ཁྲིད་པ་དང་རྩོམ་པ་པོ་ཞིག་ཏུ་མི་འགྱུར་བའི་ངེས་བ་མེད་མོད།འོན་ཀྱང་སྐབས་དེའི་བརྩམས་ཆོས་ཀྱི་རྣམ་པ་དང་བླ་སྲོག་ནི་གཞན་ཞིག་ཡིན་སྲིད།  

མཱ་ཧའེ་དབྱི།  ད་ལྟ་ཀློག་པ་པོར་མང་ཤོས་ལ་རྒྱུན་ཆགས་བརྩོན་པ་མ་བཏང་ན།  སྒྱུ་རྩལ་བ་རླབས་ཆེན་ཞིག་ཏུ་འགྱུར་བའི་ལྟ་བ་འཇོག་ཅི་ནུས་བྱེད་བཞིན་འདུག་ལ།བརྩོན་པ་ཇི་ལྟར་བྱས་ན་དེ་ལྟར་རླབས་ཆེན་ཞིག་ཏུ་འགྱུར་འགྲོ་བར་བཤད།  ཁྱེད་རང་ལྟ་བ་འདིར་མོས་མཐུན་ཡོད་དམ། 
པད་མ་ཚེ་བརྟན།  ཁོ་བོ་ལྟ་བ་འདིར་མོས་མཐུན་མེད་དོ།།  

མཱ་ཧའེ་དབྱི།  དཔྱད་བརྗོད་པ་དག་གིས་ཉིད་ལ་རྩོམ་པ་པོ་དང་འཁྲབ་ཁྲིད་པ།  ལོ་ཙཱ་བ་སོགས་ཀྱི་མིང་བྱང་གསུམ་བཏགས་ཡོད། ཉིད་ཀྱང་གློག་བརྙན་གྱི་བྱ་བར་འཇུས་ཡོད་ལ་བརྩམས་སྒྲུང་བྲིས།  ལོ་ཙཱ་ཡང་བྱས་མྱོང་བར་མ་ཟད།  འདི་དག་ཚང་མར་གྲུབ་འབྲས་གལ་ཆེན་བླངས་ཡོད་པས་གླེང་ཕྱོགས་འདི་ཁས་མི་ལེན་རང་ལེན་རེད།  དེས་ན་ལས་རིགས་འདི་གསུམ་གྱི་ཁྲོད་ཁྱེད་ཀྱིས་བལྟས་ན་གང་གལ་ཆེ་བར་འདོད།རྒྱུ་མཚན་ཅི།  
པད་མ་ཚེ་བརྟན།  རང་ཉིད་ཀྱི་བརྒྱུད་རིམ་ལས་མིང་བྱང་འདི་གསུམ་ཐོབ་པ་རེད།  དེ་ལས་གཞན་པའི་མིང་བྱང་ཡང་འཐོབ་སྲིད།  ངར་མཚོན་ན་འདི་གསུམ་པོའི་ཁྲོད་དུ་གང་གལ་ཆེ་ཤོས་སུ་གླེང་རྒྱུ་མེད་པས།  ཚང་མ་ཧུར་ཐག་གིས་བསྒྲུབ་རྒྱུ་ཡིན།  
 
མཱ་ཧའེ་དབྱི།  ཡར་བཤད་མར་བཤད་ཇི་འདྲ་བྱས་ཀྱང་།  འདི་ནས《མཚོ་སྔོན་པོ》དུས་དེབ་ཀྱི་ཚབ་བྱས་ཏེ་བཅར་འདྲི་བྱེད་བཞིན་ཡོད་པས།  ཉིད་ཀྱི་རྩོམ་པ་པོའི་ཐོབ་ཐང་འདིར་དམིགས་སུ་མཐོང་ཆེན་བྱས་ཡོད།བདག་གིས་བལྟས་ན་ཉིད་ཀྱི་བརྩམས་ཆོས་སྒོར་ཐོན་པ་ནས་བཟུང་།  ཀློག་པ་པོ་རྣམས་ཀྱིས་བཀླག་ཆོག་པར་མ་ཟད་ཁོ་ཚོའི་རིག་ལམ་ལྟར་ཞིབ་འགྲེལ་བྱ་ཆོག འོན་ཀྱང་དེ་དག་ལ་བརྩམས་ཆོས་ལྟག་རྒྱབ་གྱི་མི་དེར་རྒྱུས་མེད་པས་གསལ་ཁ་ཞིག་དོད་ན་སྙམ་ཡོད་རྒྱུ་རེད།དེ་བས་ཁྱེད་ཀྱིས་གསར་རྩོམ་ཇི་ལྟར་བྱས་ཚུལ་སྐོར་ནས་གླེངས་ན།
འདི་ལྟར་དྲིས་ན་ཁྱབ་ཆེ་དྲགས་པའང་འདྲ་བས།  དེ་ལས་ཁྱེད་ཀྱིས་བརྩམས་ཆོས་བློ་བཀོད་བྱས་ཚུལ་དང་མགོ་རྩོམ་སྟངས།དངོས་ཞུགས་བྱེད་ཐབས།བྱ་བ་སྒྲུབ་སྟངས་སོགས་རེ་རེ་གསུངས་རོགས་ཞུ།ཡང་དཔེར་ན་བཤད་རྒྱུན་དུ་ཧེ་མིང་ཝེ(Ernest Miller Hemingway ༡༨༩༩• ༧ • ༢༡ — ༡༩༦༡ • ༧ •༢ བར་འཚོ་བཞུགས་བྱས།  ཨ་རིའི་སྐད་གྲགས་ཆོད་པའི་བརྩམས་སྒྲུང《རྒན་པོ་དང་མཚོ》ཡི་རྩོམ་པ་པོ) ཡིས་ལངས་ནས་གསར་རྩོམ་དང་།  ཝེར་ལེ་སི•སུན་ཏའེ་ཝུན་ཟི(Wallace Stevens༡༨༧༩—༡༩༥༥ ཨ་རིའི་སྙན་ངག་པ་ཞིག)ཡིས་འཕྱན་ནས་འགྲོ་དུས་ཤོག་ལྷེ་རུ་སྙན་ངག་འབྲི།  ལྗེམ་སི•ཆའོ་དབྱི་སི(James Joyce ༡༨༨༢—༡༩༤༡ཨེར་ལན་གྱི་རྩོམ་པ་པོའམ་དུས་རབས་ཉི་ཤུ་བའི་ཆེས་ཕུལ་བྱུང་རྩོམ་པ་པོ་དང་རྟོག་པ་རང་ཡན་རྩོམ་རིག་གི་མེས་པོ)ཡིས་ལྭ་དཀར་ལུས་སུ་བཀླུབས་ནས་ཉལ་ཁྲིར་གན་རྐྱལ་དུ་ཞ་སྨྱུག་སྔོན་པོ་ཞིག་གིས་གསར་རྩོམ་དུ་ཞུགས་པར་མོས་བར་བཤད།  
པད་མ་ཚེ་བརྟན།  དྲི་བ་ངོ་མ་དོན་སྙིང་ཅན་ཞིག་རེད།  རྩོམ་པ་པོ་རེ་རེར་རང་ཉིད་ཀྱི་གསར་རྩོམ་བྱེད་ཐབས་རེ་ཡོད་དེ།  ང་ལ་མཚོན་ན་གསར་རྩོམ་བྱེད་པར་གཙོ་བོ་རིག་པ་ཀློང་བརྡོལ་ལ་བརྟེན་དགོས།  དེའི་རྗེས་ཚོར་བ་དང་ཉམས་མྱོང་ལ་ཐུག་ཡོད།  སྤྱིར་བཏང་དུ་འབྲི་བ་ནི་གླེང་བ་ལས་སླ་བར་སྙམ་ཞིང་།ངས་ནི་གསར་རྩོམ་གྱི་བརྒྱུད་རིམ་ཁྲོད་ད་གཟོད་རྩོམ་དེའི་དབྱངས་རྟ་རྙེད་ཀྱིན་འདུག    ཁོ་བོས་རྒྱུན་དུ་སྒྲུང་ཐུང་གསར་རྩོམ་གཙོ་བོར་བཟུང་ཡོད་ལ།རིག་པ་ཀློང་བརྡོལ་མ་ཐག་མྱུར་དུ་འབྲི་བཞིན་ཡོད་པས།  ཆུ་ཚོད་ཁ་ཤས་སམ་ཞག་མ་གཅིག ཆེས་རིང་ཡང་ཉིན་གཉིས་གསུམ་ལས་བརྒལ་མི་སྲིད།ལན་རེར་བརྗོད་གཞི་དཔེ་མེད་རེ་བརྙེད་ཀྱིན་འདུག་ནའང་གསར་རྩོམ་བྱེད་པའི་དམིགས་བསལ་ཁྱད་ཆོས་འདི་ལྡན་པས།དུས་ཐོག་དེ་ཤོར་ནས་འབྲི་མ་ཐུབ་ལུས་འགྲོ་ཡི་འདུག་པས་ཡིད་ཕངས་པ་ཞིག་ཀྱང་རེད།  

མཱ་ཧའེ་དབྱི།  ཁྱེད་ཀྱིས་བརྩམས་ཆོས་མ་བྱུང་བའི་སྔོན་དུ་དཔྱད་བརྗོད་པས་གླེང་སྲིད་པའི་གནད་དོན་སྣ་ཚོགས་ཏེ་དཔེར་ན་བསམ་བློ་དང་བརྗོད་གཞི།  གཏམ་རྒྱུད།  རྣམ་པ།  སྐད་ཆ།  དཔེ་རྒྱན་སོགས་ལ་ཞིབ་འདང་རྒྱབ་ཨེ་མྱོང་།གཞན་ཁྱེད་རང་རིག་པ་ཀློང་བརྡོལ་ཟེར་བར་ཡིད་ཆེས་སམ།  
པད་མ་ཚེ་བརྟན།  གནད་དོན་འདིར་གོང་ནས་ལན་བཏབ་ཟིན་པ་འདྲ་སྟེ།རིག་པ་ཀློང་བརྡོལ་ཟེར་བར་ཡིད་ཆེས་ཡོད།  གསར་རྩོམ་པ་ཞིག་ལ་མཚོན་ན་རིག་པ་ཀློང་བརྡོལ་འདི་ཤིན་ཏུ་གལ་ཆེ།  གལ་ཏེ་རིག་པ་འདི་མེད་ན་གསར་རྩོམ་ཟེར་བ་ཡང་སྐྱ་ཟད་སྔོ་སྡུག་ལྟ་བུ་རེད།  བསམ་བློ་དང་བརྗོད་གཞི།  གཏམ་རྒྱུད།  རྣམ་པ།  ཐབས་ལམ།  སྐད་ཆ།  དཔེ་རྒྱན་སོགས་ལ་བསམ་བློ་ལོས་འཁོར།  རེད་དེ་བདག་གིས་འདི་དག་གི་ཁྲོད་ནས་རྣམ་པ་དང་ཐབས་ལམ།  སྐད་ཆ།  དཔེ་རྒྱན་སོགས་ཆེས་གལ་ཆེ་བར་བཟུང་ཡོད།
  
མཱ་ཧའེ་དབྱི།  ཁྱེད་ཀྱིས་མ་མཐར་ཡང་སྐད་རིགས་གཉིས་ཀྱིས་གསར་རྩོམ་ཐུབ་པར་མ་ཟད།  དེ་གཉིས་ཀྱིས་ལེགས་འགྲུབ་བྱུང་ཡོད།  དེར་མ་ཟད་བོད་ཡིག་རྒྱའི་སྐད་དུ་བསྒྱུར་བའི་འགྱུར་ཡང་མི་ཉུང་བ་ཡོད།  དེས་ན་ཁྱེད་ལ་རྒྱ་ཡིག་བོད་དུ་བསྒྱུར་བའི་བརྩམས་ཆོས་ཡོད་དམ།  ངས་ནི་རྒྱའི་ཡི་གེ་གཅིག་པུ་བཀོལ་ནས་གསར་རྩོམ་ལས་མེད་པས།  ཡིག་རིགས་སྣ་མང་མཁྱེན་པར་ཡིད་སྨོན་འཆོར་བ་ཞིག་རེད།  འདི་ནས་སློབ་སྟོན་ཞུ་རྒྱུ་ལ་བོད་རྒྱའི་སྐད་སོ་སོར་ཁྱད་ཆོས་གང་ལྡན།  རྒྱ་ཡིག་གིས་བོད་མིའི་འཚོ་བ་དང་རིག་གནས་ཞིབ་འབྲི་བྱེད་པར་དཀའ་ཁག་འདུག་གམ།  
པད་མ་ཚེ་བརྟན།  རམ་འབྱམས་པའི་དུས་སུ་བོད་རྒྱ་དང་རྒྱ་བོད་ལོ་ཙཱའི་ཆེད་ལས་སྦྱངས་པས།  རྒྱ་ཡིག་བོད་དུ་བསྒྱུར་བ་ཉུང་ཉུང་ཡོད།  སྐད་རིགས་འདི་གཉིས་ཀྱིས་གཏིང་ཟབ་ལ་ཟིན་དཀའ་བའི་བརྩེ་བ་དང་ཚོར་བ་སྟོན་ཐུབ་པ་སོགས་འདྲ་བའི་ཆ་ཤིན་ཏུ་མང་བར་སེམས་ཤིང་།  རིག་གནས་འདི་གཉིས་ཡུན་རིང་བོར་གཅིག་ནས་གཅིག་ལ་འདྲེས་ཡོད་པས།  རྒྱའི་སྐད་ཀྱིས་བོད་མིའི་འཚོ་བ་དང་རིག་གནས་མཚོན་པར་དཀའ་ཁག་ཆེར་མི་འདུག་པར་སྙམ།  འོན་ཀྱང་དེའི་སྔོན་འགྲོ་ནི་སྐད་རིགས་འདི་གཉིས་ཀྱི་ཁྱད་ཆོས་རྟོགས་དགོས་པར་མ་ཟད།  ཞིབ་འབྲི་བྱ་ཡུལ་གྱི་བོད་མིའི་འཚོ་བ་དང་རིག་གནས་ལ་རྒྱུས་ལོན་གསལ་བོ་ལྡན་དགོས།

མཱ་ཧའེ་དབྱི།  ཉིད་ཀྱི་སྒྲུང་ཐུང་མང་ཤོས་ཀྱི་ས་བོན་བོད་ཡུལ་ནས་བྱུང་བར་མ་ཟད།  “དེང་རབས་བོད་མིས་འདུ་ཤེས་ལྷད་མེད་ཉིང་བསྡུས་ཀྱིས་མཚོན་བཞིན་ཡོད”པས།  མི་རྣམས་ཀྱིས་ཁྱེད་ཀྱི་བརྩམས་སྒྲུང་གླེང་དུས་མི་རིགས་དང་ས་གནས་རང་བཞིན་འདི་དམིགས་སུ་འཆད་བཞིན་མཆིས་ལ།  དཔྱད་བརྗོད་པ་མི་ཉུང་བ་ཞིག་གིས་ཀྱང་ཉིད་ལ“མི་རིགས་ཀྱི་རྩོམ་པ་པོ”ཞེས་བཏགས་འདུག མི་རིགས་ཀྱི་རྩོམ་པ་པོ་ཞེས་པའི་མིང་འདིར་མོས་མཐུན་ཡོད་དམ། གཞན་ཡང “མི་རིགས་ཀྱི་རྩོམ་པ་པོ”ཞིག་གི་ཆ་ནས“ཇི་ལྟར་མི་རིགས་ལ་ཉེ་ན་དེ་ལྟར་འཛམ་གླིང་ལ་བདག་གོ”ཟེར་བའི་བརྗོད་གཞི་འདིར་གོ་བ་ཅི་ལྟར་ལེན།  
པད་མ་ཚེ་བརྟན།  རྩོམ་པ་པོ་ནི་རྩོམ་པ་པོ་རང་ཡིན་པས།  “མི་རིགས་ཀྱི་རྩོམ་པ་པོ”ཟེར་ནས་ཐོབ་ཐང་འབྱེད་པའི་མིང་འདིར་གཏན་ནས་དགའ་བོ་མེད།  ལན་རེར་འདི་ལྟར་བོས་པ་ནི་མཐོང་ཆུང་བྱེད་པའི་ཚུལ་འདུག་སྙམ། “ཇི་ལྟར་མི་རིགས་ལ་ཉེ་ན་དེ་ལྟར་འཛམ་གླིང་ལ་བདག་གོ”ཟེར་བ་འདི་འཆལ་གཏམ་དུ་འདོད་ལ། དེ་ལས “ཇི་ལྟར་མི་གཤིས་དང་ཉེ་ན་དེ་ལྟར་འཛམ་གླིང་ལ་བདག་གོ”ཞེས་བརྗོད་ན་འགྲིག་པར་སྙམ།

མཱ་ཧའེ་དབྱི།  ཁྱེད་ཀྱིས“ང་མི་རྣམས་ཀྱིས་འུད་བསྟོད་བྱས་པའི་བོད་ཡུལ་རྣལ་མ་དེར་དགའ་བོ་མེད”ཅེས་དང་།  “ང་འདི་ལྟ་བུའི་རྣལ་མ་ཞིག་ལ་དགའ་བོ་མེད་པར།  རང་ཉིད་ཀྱི་འདོད་མོས་ལྟར་ཕ་ཡུལ་ནས་བྱུང་བའི་གཏམ་རྒྱུད་ངོ་མ་དག་བརྗོད་པར་རེ་སྨོན་བྱེད་བཞིན་ཡོད”ཅེས་བརྗོད་མྱོང་།  དེས་ན།ཉིད་ཀྱི“རྣལ་མ”དང་མི་ཆེ་གེ་མོས“འུད་བསྟོད་བྱས་པའི་རྣལ་མའི”བར་གྱི་ཁྱད་པར་ཅི།  
པད་མ་ཚེ་བརྟན།  འཆར་སྣང་གི་བོད་ཡུལ་དང་དོན་དངོས་སུ་མྱོང་ཐུབ་པའི་བོད་ཡུལ་བར་གྱི་ཁྱད་པར་དེ་ཡིན།

མཱ་ཧའེ་དབྱི།  སྐུ་ཞབས་བཀྲ་ཤིས་ཚེ་རིང་ལགས(ཀན་ལྷོ་ཁུལ་རྩོམ་པོའི་མཐུན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ།  ༢༠༡༤ ལོའི་ཟླ ༦ པའི་ཚེས ༢༦ ཉིན་གྱི་སྔ་དྲོ་ཟི་ལིང་ནས་པད་མ་ཚེ་བརྟན་གྱི་སྒྲུང་གཏམ་དཔྱད་གླེང་ཚོགས་འདུ་བསྡུས།  སྐབས་དེར་བཀྲ་ཤིས་ཚེ་རིང་ལགས་ཀྱི་ཁ་བྱང་དུ་པད་མ་ཚེ་བརྟན་གྱི་བརྩམས་སྒྲུང་གི་འཇིག་རྟེན་ཞེས་པ་ཕུལ་འདུག)ཀྱིས《མ་ཎི་རྡོ།  ལྷིང་འཇགས་ཀྱིས་བརྐོ》ཞེས་པའི་སྒྲུང་དེབ་ངོས་ཀྱི་སྒྲུང་ཐུང་བཅུ་དད་པ་དང་མི་གཤིས།  བདེ་སྐྱིད།  སྡུག་སྔལ།  གདུང་ཞེན་ཞེས་པའི་གནད་ཚིག་འདི་ལྔ་བཀོལ་ནས་འགྲེལ་ཆོག་པར་འདོད།  ངས་ཀྱང་འབྲེལ་ཡོད་ཡིག་ཆ་ཁག་ལས་ཁྱེད་ཀྱིས་ཡང་དང་ཡང་དུ་མི་གཤིས་གླེང་བ་མཐོང་མྱོང་།  བརྩམས་ཆོས་ཁྲོད་ནས“མི་གཤིས”སྔོག་པར་དེ་འདྲའི་གཙིགས་འཛིན་བྱེད་དོན་ཅི། 
པད་མ་ཚེ་བརྟན།  མི་གཤིས་ལ་མི་རིགས་དང་རྒྱལ་ཁོངས་སོགས་ཀྱི་ཕྱི་རྐྱེན་ཐེབས་མི་སྲིད་པར།  དེ་ནི་མིའི་རིགས་ཀྱི་ལུས་སུ་ཡོད་པའི་ཐུན་མོང་གི་དངོས་པོ་དེ་ཡིན་པས་སོ། །

མཱ་ཧའེ་དབྱི།  ཉིད་ཀྱི་བརྩམས་ཆོས་སུ་བརྗོད་སྙིང་གལ་ཆེན་གང་མང་འདུས་ཡོད་པ་སྨོས་ཅི།  ཁྱེད་ཀྱང་རྟོགས་སད་རིག་གནས་ཀྱི་ལངས་ཕྱོགས་སུ་བསྡད་དེ།  བོད་མི་ཕལ་བ་ཞིག་གི་ཉིན་རྒྱུན་འཚོ་བའི་སྣང་ཚུལ་བརྒྱུད།  གཅིག་ལ་གཅིག་བརྟེན་ནམ་ཕན་ཚུན་རྒྱབ་འགལ་གྱི་སྲོལ་རྒྱུན་དང་དེང་རབས།  ཆོས་ལུགས་དང་སྐྱ་བོ།  མི་གཤིས་དང་རང་བྱུང་།  འབྲོག་ཐང་དང་གྲོང་ཁྱེར་ལ་མིག་བཤེར་བྱས།  དེ་བས་ཀྱང་གལ་ཆེ་བ་ནི།  ཁྱེད་ཀྱིས་རིག་གནས་ཀྱི་གདོང་ཐུག་དང་འགལ་ཟླ་བྲིས་འདུག འོན་ཀྱང་རྩོམ་པ་པོ་ཞིག་གིས་ཆབ་སྲིད་དཔྱད་མོལ་བཞིན་འདོད་མོས་ཇི་མ་ཇི་བཞིན་འབྲི་མི་རུང་བས།  དཔེ་ཞིག་གི་ལམ་ནས་ཁྱེད་ཀྱི་བསམ་བློ་དེ་དག་སྒྱུ་རྩལ་གྱི་སྣང་བརྙན་ལ་སྟེན་ནས་ཕྱིར་བསྟན་ཚུལ་ཤོད་དང་།  
པད་མ་ཚེ་བརྟན།  རང་ཉིད་ཀྱི་བསམ་བློ་དེ་དག་བརྩམས་ཆོས་ཀྱི་སྣང་བརྙན་དུ་ཞུགས་པ་ཡིན་ཏེ།མི་སྣ་དང་རྒྱུད་རིམ།ཞིབ་ཕྲའི་གནས་ཚུལ།རྣམ་པ།ཚོར་བ་སོགས་ཁག་རེ་རེ་ནས་མཚོན་བཞིན་ཡོད།

མཱ་ཧའེ་དབྱི།  དོན་དངོས་སུ《ཐར་ལོ》ཁྲོད་ཀྱི“སྣབས་ལུག”དེ་སྙིང་རྗེ་བ་ཞིག་རེད།  རྩྭ་ཐང་གི་བྱིས་པ་འདིར་ལྷད་མེད་ཀྱི་བློ་དང་སྙན་ངག་པ་ལྟ་བུའི་རྒྱུད་དྲང་དང་བརྩེ་སེམས་མཆིས་མོད།  གྲོང་ཁྱེར་དུ་ཞུགས་ཏེ་པར་བླངས་པ་ན་གཡོ་འོག་ཏུ་ཚུད་འདུག བརྩམས་སྒྲུང་རྫོགས་ན་ཡང་མི་སྣ་འདིས་ཁྱེར་ཡོང་བའི་གནད་དོན་མཇུག་གྲིལ་མི་འདུག  གལ་ཏེ་ཁྱེད་ཀྱིས་མི་སྣ་འདིའི་མཇུག་སྐྱོང་དགོས་ན་ཁོ(ཐར་ལོ)དུས་རབས་ཀྱི་རྦ་རླབས་ཁྲོད་ནས་སྔུན་ལྟར་འདུག་གམ་འགྱུར་སྲིད།ཇི་འདྲ་བྱས་ཏེ་འབྲི་རྒྱུ།
པད་མ་ཚེ་བརྟན།  མི་སྣ་འདིའི་ལས་དབང་བསམ་བློ་བཏང་ཙམ་གྱིས་ཤེས་འོང་བས།  རྩོམ་པ་པོས་མི་སྣ་འདིའི་ལས་དབང་མཇུག་སྐྱོང་དགོས་དོན་མེད་པར།  ཀློག་པ་པོས་རང་ཤུགས་ཀྱིས་རྩོམ་པ་པོའི“ཐར་ལོ”ལྟ་བུའི་མི་སྣའི་ལས་དབང་འཐུས་ཚང་དུ་བཏང་འགྲོ།

མཱ་ཧའེ་དབྱི།  གདོད་མའམ་སྲོལ་རྒྱུན་འཛིན་པའི་བོད་མི་རིགས་ལ་མཚོན་ན་བཟོ་ལས་ཅན་དང་ཆ་འཕྲིན་ཅན།  འཛམ་གླིང་ཅན་གྱི་སྐད་ཁོངས་ཁྲོད་ནས་གནད་འགག་གི་གདམ་ཀར་འཕྲད།གདམ་ཀ་དང་འགལ་ཟླ་འགྲོགས་ལ་འགལ་ཟླ་ལས་མི་གཤིས་མངོན།  ཁྱེད་ཀྱི་བརྩམས་སྒྲུང་དུའང་འགལ་ཟླ་དང་མི་གཤིས་གླེང་འདུག དེས་ན་ཁྱེད་ཀྱིས་བལྟས་ན་རྩོམ་པ་པོའི་འགན་འཁྲི་གང་རེད་ལགས།རྩོམ་པ་པོས་མི་སྣ་དེའི་འཚོ་བའི་གནས་བབ་ཙམ་གླེང་བས་ཆོག་གམ་དེ་ལས་ལྷག་པའི་འགལ་ཟླ་དང་གནད་དོན་འབྲི་དགོས།ཡང་ན་དེ་དང་མཉམ་དུ་ཁོ་ཚོར་བགྲོད་ལམ་ཞིག་བཙལ་དགོས། 
པད་མ་ཚེ་བརྟན།  ལོ་མང་པོའི་ཡར་སྔོན་འདི་དག་ནི་རྩོམ་པ་པོའི་འགན་འཁྲི་ཡིན་སྲིད།  འོན་ཀྱང་མིག་སྔར་རྩོམ་པ་པོའི་འགན་འཁྲི་འདི་དག་མ་རེད།  ཕྱིར་ནུར་ཅིག་བྱས་ན་འདི་དག་ཁྲོད་ནས་གཅིག་གཉིས་འགན་འཁྲི་རུ་བགྲངས་ཀྱང་ཆོག གང་ལྟར་ང་ལ་མཚོན་ན་རྩོམ་པ་པོའི་འགན་འཁྲི་འདི་དང་གན་ཞེས་གླེང་རྒྱུ་དཀའ་མོ་རེད།  ཅིག་བཤད་དགོས་ན་རྩོམ་པ་པོའི་འགན་འཁྲི་ནི་ཁཱ་ཧྥུའུ་ཁཱ་ལྟར་འཇིག་རྟེན་གྱི་མྱོང་བ་འབྲི་རྒྱུ་དེ་རེད་སྙམ་ཡོད།

མཱ་ཧའེ་དབྱི།  བདག་གིས་དཔྱད་བརྗོད་པ་མང་པོས་ཉིད་ཀྱི་བརྩམས་ཆོས་ལ་དཔྱད་འཇོག་བྱས་པར་བལྟས་དུས།མི་རིགས་དང་ས་གནས།  ཆོས་ལུགས།  མི་གཤིས་སོགས་རྒྱ་ཆེ་དང་གཟབ་ནན་གྱི་ཕྱོགས་ནས་གླེང་བ་མང་ཤོས་རེད།ཁྱེད་ཀྱི་བརྩམས་སྒྲུང་དུ་གད་མོ་སློང་བ་དང་རྩེད་རིགས།  སྤྲོ་བ་རྒྱས་པའི་ཁག་མེད་དམ། གཞན་ཡང་སྒྱུ་རྩལ་བརྩམས་ཆོས་ཤིག་ལ་མཚོན་ན“ཚེ་སྲོག་གིས་ཐེག་པར་དཀའ་བའི་ཡང་མོ་དང་ལྕི་མོ”ལས་གང་གལ་ཆེ། 
པད་མ་ཚེ་བརྟན།  འགའ་རེ་ཡོད་མོད་འོན་ཀྱང་མང་མི་སྲིད།  ངས་དེ་གཉིས་གལ་ཆེ་བར་འདོད་ལ།དེ་དག་ནི་སྒྱུ་རྩལ་བརྩམས་ཆོས་ཀྱིས་གདོང་གཏད་དགོས་པའི་བརྗོད་གཞི་འགངས་ཆེན་རེད་སྙམ།

མཱ་ཧའེ་དབྱི།  ཁྱེད་ཀྱིས་བརྩམས་སྒྲུང་གི་ཁྱད་ཆོས་དེ་ལྟར་མངོན་གསལ་དང་བློ་ཡུལ་ལས་འགོངས་པ་ཞིག་ཡོང་བར་ཐབས་རྩལ་གཞན་དང་མི་མཐུན་པ་ཡོད་ངེས་ལ་བོད་ཀྱི་རྩོམ་རིག་དང་རྒྱའི་རྩོམ་རིག ཕྱི་གླིང་གི་བརྩམས་སྒྲུང་དུ་བྲིས་པའི་གཏམ་རྒྱུད་ཀྱི་ཐབས་རྩལ་ལའང་ངོས་ཟིན་ཟབ་མོ་ཡོད་པ་འཁྲུལ་དུ་མེད།  ཁྱེད་ཀྱིས་བལྟས་ན་ཕྱི་གླིང་རྩོམ་པ་པོས་གཏམ་རྒྱུད་བརྗོད་ཐབས་སྤྱིར་བཏང་ལས་བཟང་ངམ།  སྐུ་ཞབས་ལུའུ་ཞིན་ལུང(ཧུའུ་པེ་ནས་ཡིན་པའི་རྒྱའི་རྩོམ་པ་པོ་ཞིག ཧུའུ་པེ་ཞིང་ཆེན་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ།  རུས་གསེང་གི་འཕྱོར་ཉམས་ཞེས་པའི་སྐད་ཆ་འདི《མ་ཎི་རྡོ།  ལྷིང་འཇགས་ཀྱི་བརྐོ》ཞེས་པའི་དེབ་འདི་ངོ་སྤྲོད་དུ་འདུག)གིས་ཉིད་ཀྱི་བརྩམས་སྒྲུང་ལ“རུས་གསེང་གི་འཕྱོར་ཉམས”འདུག་ཅེས་དཔྱད་འཇོག་བྱས།  ཁྱོས་བལྟས་ན“འཕྱོར་ཉམས”དེ་གང་ཡིན་རྒྱུ་རེད།  
པད་མ་ཚེ་བརྟན།  ནུབ་ཕྱོགས་ཀྱི་བརྩམས་སྒྲུང་ཆེས་མ་མཐའ་ཡང་དུས་རབས་ཉི་ཤུ་བའི་སྔོན་དུ་བྱུང་ལ་རྒྱུན་རིང་བའི་ལོ་རྒྱུས་ལྡན་ཡོད་པས།ནུབ་ཕྱོགས་བརྩམས་སྒྲུང་བ་དག་གི་གཏམ་རྒྱུད་བརྗོད་ཐབས་ལེགས་པར་མཐོང་།  དེའི་རྗེས་ཀྱི་དྲི་བར་དེ་ནི་སྐུ་དྲག་གི་འབྱོར་སྒེག་ལྟ་བུ་མ་ཡིན་པར།  བརྩམས་སྒྲུང་གི་ཁྲོད་དུ་ལྷད་མེད་ཀྱི་དངོས་པོ་ཞིག་འདུག་ཅེས་པར་གོ་ན་སྙམ།

མཱ་ཧའེ་དབྱི།  སྐུ་ཞབས་ཡན་ལཱན་ཁུ(ཧོ་ནན་གྱི་རྩོམ་པ་པོ་ཞིག་སྟེ།  མོ་ཡན་གྱི་རྗེས་སུ་ཀྲུང་གོ་ནས་རྩོམ་པ་པོ་ཞིག་ལ་ནོལ་པེར་བྱ་དགའ་འཐོབ་ན་ཁོ་ཡིན་སྲིད་པར་བརྗོད)ནས་པད་མ་ཚེ་བརྟན་གྱི་སྨྱུག་འོག་གི་བོད་ཡུལ་ནི་རྒྱུན་མཐོང་དང་ཟོལ་མེད་ཅིག་རེད་ཟེར།  དཔྱད་བརྗོད་པ་མང་པོས་ཀྱང་ཉིད་ཀྱི་བརྩམས་སྒྲུང་གི་ཟོལ་མེད་རང་བཞིན་གླེང་འདུག འོན་ཀྱང་ལིའུ་རིན་ནས་བཅར་འདྲི་བྱེད་དུས“ངའི་བརྩམས་སྒྲུང་གིས་མི་སྒེར་གྱི་བྱ་བར་དོ་སྣང་བྱེད་པས།  དོན་དངོས་ཀྱི་རྒྱུ་ཆ་ཉུང་བར་མང་ཤོས་ནི་རྟོག་བཟོ་ལས་བྱུང”ཞེས་བརྗོད་འདུག དཔྱད་བརྗོད་པ་དང་ཁྱེད་ཀྱི་ལྟ་བར་ཁྱད་དེ་བྱུང་བའི་རྒྱུ་རྐྱེན་གང་ལ་ཐུག  
པད་མ་ཚེ་བརྟན།  ངས་བསམས་ན་བརྗོད་སྟངས་གཉིས་སུ་སྣང་རུང་།  དོན་དངོས་སུ་གླེང་བ་གཅིག་རང་རེད།

མཱ་ཧའེ་དབྱི།  ཀོར་ཅི་ནས་ཁོ་དང་བྱིས་པའི་མཉམ་པར་ཐོག་ཏུ“ཀོར་ཅི་དང་ཁོའི་བརྩམས་ཆོས”ཞེས་བྲིས་ཡོད།  ཁོས་བྱིས་པ“བརྩམས་ཆོས”སུ་གླེང་ཆོག་ན།  ང་ཚོས“བརྩམས་ཆོས”“བྱིས་པར”བརྗོད་ལོས་ཆོག ཉིད་ཀྱི་བརྩམས་ཆོས་ཚང་མར་གདེང་འཇོག་མཐོན་པོ་བྱས་འདུག་པས།  དེས“བྱིས་པ་ཚང་མ”ཁྱད་དུ་འཕགས་པ་མཚོན། འོན་ཀྱང་རྩོམ་པ་པོར་བཅར་འདྲི་བྱེད་སྟངས་ཤིག་གིས་ངས་སྔར་བཞིན་མིག་སྔའི་བར་ཉིད་ཀྱི་ཆེས་བློར་འབབ་པའི་བརྩམས་ཆོས་གང་ཡིན་ཞེས་དྲིས་ན།  
པད་མ་ཚེ་བརྟན།  བརྩམས་ཆོས་བྱིས་པར་བརྗོད་ཡོད་ན།བྱིས་པ་ག་གེ་མོའི་གཟུགས་གཞི་ལེགས་ཀྱང་ཚང་མ་རང་གི་བྱིས་པ་ཡིན་པས། དེ་དག་ལ་ཕྱོགས་ཞེན་གྱི་བསམ་བློ་ཡོད་མི་ཆོག་གོ།།

མཱ་ཧའེ་དབྱི།  ༡༩༩༡ ལོར་རྩོམ་རིག་བརྩམས་ཆོས་སྤེལ་བ་ནས་ད་བར་གྱི་བརྩམས་ཆོས་ལ་སྔ་རྗེས་ལྟར་ཞིབ་དཔྱད་ཅིག་བྱས་ན།དེ་དག་ནི་རྒྱན་ཐོག་རྒྱན་སྤྲས་པའི་བརྒྱུད་རིམ་ཞིག་གམ་ཡང་ན་ཐབས་རྩལ་གསར་བ་འཚོལ་སྙེག་གི་བཞུད་ལམ་ཞིག་ཏུ་འདོད། 
པད་མ་ཚེ་བརྟན།  དེ་གཉིས་ཡོད་རྒྱུ་རེད་སྙམ།

མཱ་ཧའེ་དབྱི།  གློག་བརྙན་དང་རྩོམ་རིག་བར་གཅིག་རྐྱ་གཅིག་གིས་ཐེབས་ཡོད།  འོན་ཀྱང་གློག་བརྙན་དང་རྩོམ་རིག་གཅིག་ཏུ་བཟུང་བར་མ་ཟད་གྲུབ་འབྲས་ཕུལ་བྱུང་ཅན་མང་པོ་མེད་པས།  ཀློག་པ་པོ་མང་ཤོས་ཀྱིས་ཉིད་ཀྱི་གློག་བརྙན་དང་རྩོམ་རིག་གི་འབྲེལ་པ་ཤེས་འདོད་ངེས་ལ།  སྐུ་ཞབས་ཀྲན་པིན་གྱིས་ཀྱང་ཁྱེད་ཀྱི་གློག་བརྙན་གྲུབ་འབྲས་དེ་རྨང་སྟུག་པའི་རྩོམ་རིག་ལས་བསྐྱེད་པར་གསུངས་འདུག  འདིའི་ཕྱོགས་ནས་ལྟ་ཚུལ་གང་ཡོད།  
པད་མ་ཚེ་བརྟན།  ང་མཚོན་ན་དེ་གཉིས་གཅིག་གྲོགས་གཅིག་གིས་བྱས་ཡོད་དེ།  རྩོམ་རིག་ལས་ཕུན་སུམ་ཚོགས་པའི་ཉིང་བཅུད་ཐོབ་ལ།  དེ་དང་ཚུལ་མཐུན་གློག་བརྙན་གྱིས་རྩོམ་རིག་གསར་རྩོམ་ལ་བློ་བསྐྱེད་བྱུང་།  འོན་ཀྱང་དེ་གཉིས་ནི་སྐད་ཀྱི་མ་ལག་མི་མཐུན་པའི་ཁྲོད་གནས་པས།  རང་རང་གི་གསར་རྩོམ་གྱི་ཆོས་ཉིད་ཡོད་སྙམ།

མཱ་ཧའེ་དབྱི།  རང་དགའ་སའི་རྩོམ་པ་པོ་དང་འཁྲབ་ཁྲིད་པ་མང་པོ་མཆིས་ཤིང་།  དེ་དག་ལས་ནས་ཕན་པ་ཡང་མི་ཉུང་བ་ཐོབ་འདུག བརྩམས་སྒྲུང་བ་དང་འཁྲབ་ཁྲིད་པར་འགྱུར་འདོད་ཆེ་བའི་ཀློག་པ་པོ་རྣམས་ལ་དེབ་ཁ་ཤས་དང་གློག་བརྙན་འགའ་རེ་ངོ་སྤྲོད་བགྱི་རོགས།  ཞོར་ནས་ངོ་སྤྲོད་ཀྱི་དམིགས་ཡུལ་ཡང་བཤད་ཐུབ་ན་དེ་ལས་བཟང་ཅི།  
པད་མ་ཚེ་བརྟན།  ངས་རྒྱུན་དུ་སྒྲུང་ཐུང་ཀློག་པ་གཙོར་བཟུང་ཡོད་ལ།  རྩོམ་པ་པོ་ཡང་འདྲ་མིན་སྣ་ཚོགས་སུ་སྣང་བས་རེ་རེ་བཞིན་ངོ་སྤྲོད་མི་བགྱི།  འཁྲབ་ཁྲིད་པ་དགའ་ཤོས་ཀྱི་ཕྱོགས་ནས་དེ་སྔོན་དབྱིན་ཇིའི《ལྟ་བ་དང་ཉན་པ》ཞེས་པའི་དུས་དེབ་ངོས་སུ་གློག་བརྙན་རྩེ་གྲ་བཅུ་དང་དེའི་འཁྲབ་ཁྲིད་པ།  ངོ་སྤྲོད་བྱེད་པའི་དམིགས་ཡུལ་གླེང་པའི་ཐོ་ཡིག་ཅིག་ཡོད་པ་འདིར་དྲངས་ན།  
《ལིའོ་ཧྲིན་སྒོ》(ཉི་ཧོང་གི་འཁྲབ་ཁྲིད་པ་ཧུའེ་ཙི་མུན)།  བདེན་དོན་དེ་ཞིབ་གསལ་གྱིས་སྟོན་པ།  
《རི་མགོའི་འབྲི་ཏ་ས་འཛིན》(སི་ཝེས་དན་གྱི་འཁྲབ་ཁྲིད་པ་ཨིན་ཀི་ལ་ཀུར་མནIngmar Bergman) རྨི་ལམ་དང་རྟོག་པ་རང་ཡན་པ་ཕུན་སུམ་ཚོགས་པར་བཀྲམས།  
《གྲོང་ཆུང་གི་དཔྱིད》(ཀྲུང་གོའི་འཁྲབ་ཁྲིད་པ་ཧྥུའེ་མོའུ) ལོ་མང་བོའི་རྗེས་སུ།  ཤར་ཕྱོགས་རྣམ་པའི་ཡིད་བརྙན་སྔར་བཞིན་བརྙན་ལམ་དུ་རྒྱུ།  
《གཅིག་དང་གཅིག》(ཐེ་ཝན་གྱི་འཁྲབ་ཁྲིད་པ་དབྱང་ཏི་ཁྲང་)  འཚོ་བར་གཏིང་ཟབ་དང་ཞིབ་མོས་མིག་བཤེར་བྱས་ཡོད།  
    《རོལ་རྩེད་ཀྱི་སྒྲིག་ལམ》(ཧྥ་རན་སིའི་འཁྲབ་ཁྲིད་པ་རོམ་ལེ་ཨ་ནོ)  གློག་བརྙན་རོལ་རྩེད་ཀྱི་སྒྲིག་ལམ་དང་འབྲེལ་བ་ཡོད་པའི་གློག་བརྙན་ཞིག
《སྤྱི་དམངས་ཁཱེ་ཨིན》(ཨ་རིའི་འཁྲབ་ཁྲིད་པ་ཨོར་སོན་ཝེ་སོOrson Welles)  མཚན་ཉིད་གང་ཞིག་གིས་བལྟས་ན།  གློག་བརྙན་འདིས་གློག་བརྙན་དེ་གློག་བརྙན་དུ་བྱས།  
《རླུང་དང་མཉམ་དུ་བཤེགས》(ཏ་ཟིག་གི་འཁྲབ་ཁྲིད་པ་ཨ་པ་སིAbbas Kiarostami) ཐབས་རྩལ་བྲལ་ཡང་བརྗོད་སྙིང་ཟབ་པའི་གློག་བརྙན་ཞིག
《གླ་གཏོང་གི་ཁ་ལོ་བ》(ཨ་རིའི་འཁྲབ་ཁྲིད་པ་མར་ཐྲིན་སི་ཁོ་སིསིMartinScorsese) གློག་བརྙན་གྱི་དོན་བརྗོད་སྒྱུ་རྩལ་རྣམ་པ་གསར་བ་ཞིག་ཏུ་དེད།  
《མུའུ་ཧའེ་ལན་ཏའོ》(ཨ་རིའི་འཁྲབ་ཁྲིད་པ་ཏ་ཝེ་ལིན་ཐྲིDavid Lynch) གློག་བརྙན་འདི་མིའི་བག་ཤེས་སུ་སྐྱེལ་འགྲོ།  
《ན་བུན་ཁྲོད་ཀྱི་མཛེས་ལྗོངས》(གྷི་རི་སིའི་འཁྲབ་ཁྲིད་པ་ཨམ་ལྗོ་ལོ་ཕི་སིTheo Angelopoulos)  མི་ཚེ་ནི་ན་བུན་ཁྲོད་ཀྱི་མཛེས་ལྗོངས་བཞིན་ནོ།  །

མཱ་ཧའེ་དབྱི།  ཉེ་ལམ་གསར་རྩོམ་བྱས་པ་འདྲ་ཡོད་དམ།  ཁྱེད་ཀྱིས་རྗེས་སུ་གོ་སྐབས་ལྡན་ན《གེ་སར་སྒྲུང》ལྟ་བུའི་བརྗོད་གཞི་ཁྱོན་ཆེ་བའི་གློག་བརྙན་ཕབ་སྲིད་པར་བརྗོད་མྱོང་།  ཕྱོགས་ཡོངས་ནས་མི་རིགས་ཀྱི་ལོ་རྒྱུས་དང་དོན་དངོས་མཚོན་པའི་སྒྲུང་རིང་འབྲི་བའི་འཆར་གཞི་ཡོད་པ་མིན་ནམ།  
པད་མ་ཚེ་བརྟན།  ཉེ་ལམ་སྒྲུང་ཐུང་ཁ་ཤས་བྲིས་ཡོད་ལ།  ད་དུང་འཁྲབ་གཞུང་གཅིག་གཉིས་ལའང་དག་བཅོས་བྱས་ཟིན།  སྒྲུང་རིང་ཁ་ཤས་འབྲི་བའི་འཆར་གཞི་ཡོད་ཀྱང་།  མིག་སྔར་དུས་དང་སེམས་ཤུགས་སོགས་གང་ནས་ཡོང་གི་མི་འདུག་པས་མགོ་བརྩམ་མེད།  

མཱ་ཧའེ་དབྱི།  ཁྱེད་ནི་མཚོ་སྔོན་ནས་ལོ་མང་བཞུགས་ཤིང་།  ཁྱེད་ཀྱིས་མཚོ་སྔོན་ནི“ས་གཤིན་གནས་མཆོག”ཅིག་ཏུ་བརྗོད་ཡོད།མིག་སྔའི་མཚོ་སྔོན་གྱི་རྩོམ་རིག་གནས་ཚུལ་ལ་བཟུང་བའི་ལྟ་ཚུལ་དང་།གནས་འདིའི་མ་འོངས་པའི་རྩོམ་རིག་ལ་བཅངས་པའི་རེ་བ་ཅི།  
པད་མ་ཚེ་བརྟན།  ངས་བལྟས་ན་མིག་སྔར་མཚོ་སྔོན་གྱི་རྩོམ་རིག་ལེགས་ལམ་དུ་འགྲོ་སྒང་རེད།  གནས་འདིའི་མ་འོངས་པའི་རྩོམ་རིག་ནི་རང་ཉིད་ཀྱི་ཁྱབ་ཁོངས་འདི་ལས་བརྒལ་ཏེ་དེ་ལས་ལྷག་པའི་ཁྱད་ཆོས་འཛོམས་པའི་བརྩམས་ཆོས་འབྱུང་བར་རེ་ཡོད།
མཱ་ཧའེ་དབྱི།  ཉིད་ཀྱི་སྒྲུང་ཐུང《ཐར་ལོ》འཁྲབ་གཞུང་དུ་བཅོས་པའི་གློག་བརྙན་ཕབ་མགོ་ཚུགས་ཉེ་བའི་དུས་འདིར(ཕྱི་ཟླ ༥ པའི་ཚེས ༡ ཉིན་མཚོ་སྔོན་ཁྲི་ཀ་ནས་ཕབ་འགོ་ཚུགས་ཡོད་དོ)། ཕབ་སྐྲུན་བདེ་ལེགས་འོང་བའི་སྨོན་འདུན་དང་མཉམ་དུ།  ངའི་བཅར་འདྲི་དང་ལེན་བྱས་ཏེ་ཀློག་པ་པོ་དང་གསར་རྩོམ་གྱི་མྱོང་བ་མཉམ་རོལ་བྱེད་པར་བཀའ་དྲིན་ཆེ།  
པད་མ་ཚེ་བརྟན།  ཐུགས་རྗེ་ཆེ།   
༢༠༡༥ ལོའི་ཕྱི་ཟླ ༤ པའི་ཚེས ༡༨ ཉིན་ཟི་ལིང་ནས།
 
འབྲེལ་ཡོད་རྩོམ་ཡིག