ཀྲུང་གོའི་བོད་ལྗོངས་དྲ་བ།>མི་སྣ།

“འཐེན་ཤུགས་ཀྱི་རླབས”དང་འབྲེལ་བའི་ཚན་རིག་རྒྱུན་ཤེས་ཉུང་བསྡུས།

2016-03-01 སྐྱ་བོ།
        ཨ་རིའི་ཡུལ་རྩིས་ལྟར་བྱས་པའི་ཟླ་2པའི་ཚེས་11ཉིན་གྱི་ཞོགས་པའི་ཆུ་ཚོད་10དང་ཕྱེད་ཀར། ཨ་རིའི་རྒྱལ་གཞུང་ཚན་རིག་ཐེབས་རྩ་ཚོགས་པས(བསྡུས་ན་NSFཞེས་འབོད)མ་སི་ཆི་སི་ཚི་མངའ་སྡེའི་ཚན་རྩལ་སློབ་གླིང་དང་། ཁ་ལི་ཧྥོ་ནུ་མངའ་སྡེའི་ཚན་རྩལ་སློབ་གླིང་། LIGOཚན་རིག་མཉམ་འབྲེལ་རྩ་འཛུགས་བཅས་ཀྱི་ཚན་རིག་པ་དག་བསྡུས་ཏེ་ཝ་ཞིན་ཐོན་གྱི་རྒྱལ་ཁབ་སྨྱན་བྱེད་སྟེ་བ་ནས་མིའི་རིགས་ཀྱིས་ཐེངས་དང་པོར་སའི་གོ་ལར་སླེབས་པའི་“འཐེན་ཤུགས་ཀྱི་རླབས”(མཆན།༡ འདི་ལ་དབྱིན་སྐད་དུ་Gravitational Waveཟེར། རྒྱ་ཡིག་ལ་ཀྲུང་གོའི་སྐམ་ས་ཆེན་པོ་ནས་引力波ཞེས་དང་ཐེ་ཝན་ནས་重力波ཞེས་བསྒྱུར་འདུག བོད་སྐད་དུ་ལྗིད་ཤུགས་ཀྱི་རླབས་ཞེས་ཀྱང་ཟེར་ཆོག གཤམ་དུ་འཐེན་རླབས་ཞེས་བསྡུའོ།།)ཉིད་ཐད་ཀར་འཚོལ་ཞིབ་ཐིག་ལེན་ཐུབ་པ་དངོས་སུ་ཁྱབ་བསྒྲགས་བྱས། གཏམ་བཟང་དེ་ཐོས་འཕྲལ་འཛམ་གླིང་ཡོངས་ཀྱི་དངོས་ཁམས་རིག་པ་བ་དང་། མཁའ་དཔྱད་རིག་པ་བ་སོགས་གཙོ་བྱས་པའི་ཚན་རིག་པ་དང་རིག་གཞུང་དོན་གཉེར་བ། དེ་མིན་ཚན་རྩལ་ལ་བློ་ཕྱོགས་པའི་སྐྱེ་བོ་མང་པོ་རྨ་བྱས་འབྲུག་སྒྲ་ཐོས་པ་ལྟར་དགའ་བས་མྱོས། 
སྐད་གྲགས་ཆེ་བའི་དངོས་ཁམས་རིག་པ་བ་སི་ཐེ་ཧྥོན་ཧའོ་ཁེན་གྱིས་གཏམ་དེ་ཐོས་འཕྲལ་གསར་འགོད་པར“འཐེན་རླབས་ཀྱིས་སྲིད་པ་ཆེན་པོར་དཔྱད་པའི་ཐབས་གསར་བ་ཞིག་སྤྲོད་པར་བྱེད་ཅིང་དེ་ལ་བརྟེན་ནས་མཁའ་དཔྱད་རིག་པར་གསར་བརྗེ་ལྟ་བུའི་འགྱུར་བ་འབྱུང་ཡང་སྲིད། འདི་ནི་ཕུག་པ་ནག་པོའི་རྒྱུ་གཉིས་ཀྱི་མ་ལག་གསར་དུ་རྙེད་པ་དང་ཕུག་པ་ནག་པོ་ཕན་ཚུན་འདྲེས་པའང་ཐོག་མར་ཤེས་པ་རེད”ཅེས་གསུང་། 

        སོ་སོར་ཨ་རིའི་ཝ་ཞོན་ཐོན་མངའ་སྡེའི་ཧན་ཧྥོར་དྷི་དང་ལོའུ་ཟེ་ཨན་ན་མངའ་སྡེའི་ལེ་ཝེན་སི་ཐོན་དུ་བཙུགས་ཡོད་པའི་LIGOའཚོལ་ཞིབ་ཐིག་ལེན་འཕྲུལ་འཁོར།
        ཐེངས་འདིར་འཐེན་རླབས་ཉིད་འཚོལ་ཞིབ་ཐིག་ལེན་བྱེད་སྤྱད་ཀྱི་མིང་ལ་Laser Interferometer Gravitational-Wave Observatoryཟེར་ཅིང་བསྡུས་ཚེ་LIGOཟེར། དེ་ནི་བར་ཐག་ལ་དབྱིན་ལེ་1865ཡོད་ཅིང་ཡོངས་སུ་མཚུངས་པའི་འཚོལ་ཞིབ་ཐིག་ལེན་འཕྲུལ་འཁོར་གཉིས་ཀྱིས་གྲུབ་པ་ཡིན། དེ་གཉིས་ནི་རིང་ཐུང་ལ་སྤྱི་ལེ་བཞི་རེ་ཡོད་ཅིང་དབུགས་ཀྱིས་སྟོང་བའི་སྦུ་གུ་རེ་དབྱིན་ཡིག་Lཡི་ཚུལ་དུ་བཞག་ཡོད་པ་ཞིག་ཡིན་ལ་ཚན་རིག་པ་ཚོས་སྦུ་གུའི་ནང་དུ་རྣོ་ཟེར་འགྱེད་ཀྱིན་ཡོད། རྣོ་ཟེར་ཉིད་དབུགས་ཀྱིས་སྟོང་བའི་སྦུ་གུའི་མཇུག་ཏུ་སླེབ་དུས་ཤེལ་ངོས་ནས་ལྡོག་འགྱེད་བྱས་ཏེ་ཕྱིར་སྔར་གྱི་ལམ་དུ་ལྡོག་པར་བྱེད། གལ་སྲིད་རྒྱུ་རྐྱེན་སྣ་ཚོགས་ལ་འགྱུར་བ་ཅི་ཡང་མེད་ཚེ་རྣོ་ཟེར་གཉིས་ཀ་སྦུ་གུའི་མཇུག་ལ་སླེབ་པའི་དུས་ནི་གཅིག་པ་གཅིག་རྐྱང་ཡིན། འོན་ཀྱང་། ཐིག་ལེན་འཕྲུལ་འཁོར་གྱིས་འགལ་རྐྱེན་བཟོས་པའི་དབང་གིས། དེའི་ནང་གི་འོད་ནི་འོད་གློག་འཚོལ་ཞིབ་ཐིག་ལེན་འཕྲུལ་འཁོར(མཆན།༢ འདི་ནི་འཕྲུལ་འཁོར་གཞན་པ་ཞིག་སྟེ། དབྱིན་སྐད་དུ་Photodetectorཟེར་བ་དང་རྒྱ་སྐད་དུ་光电探测器ཟེར)གྱི་ནང་དུ་སླེབ་པར་མི་འགྱུར། གལ་སྲིད་འཐེན་རླབས་ཉིད་ཐིག་ལེན་འཕྲུལ་འཁོར་བརྒྱུད་ཚེ་སྦུ་གུ་གཉིས་ཀའི་ནང་གི་བར་སྟོང་ལ་འགྱུར་བ་ཐེབས་སྲིད་པ་དང་། དེའི་སྔར་གྱི་ཡོངས་སུ་དོ་མཉམ་པའི་ཆ་གཏོར་ཅིང་བརླག་པར་བྱེད། དེར་མ་ཟད་འོད་ཀྱང་ཕྱི་ལ་ཤོར་ཏེ་འོད་གློག་ཐིག་ལེན་འཕྲུལ་འཁོར་གྱི་ནང་དུ་སླེབ་སྲིད་པ་རེད། 
        ཐེངས་འདིར་LIGOཡིས་འཚོལ་ཞིབ་ཐིག་ལེན་ཐུབ་པའི་འཐེན་རླབས་ནི་དུས་ཀྱི་དབང་དུ་བྱས་ན་ལོ་ངོ་ཐེར་འབུམ་གཅིག་དང་དུང་ཕྱུར་གསུམ་གྱི་སྔོན་དུ་དང་། ཡུལ་ལམ་གནས་ཀྱི་དབང་དུ་བྱས་ན་རྒྱ་ཁྱོན་ལ་ཉི་མའི་དཀྱིལ་འཁོར་སུམ་ཅུ་ཙམ་ཡོད་པའི་ཕུག་པ་ནག་པོ་གཉིས་རྡུང་བ་བརྒྱབ་པ་སྟེ། དེ་ལྟ་བུའི་རྒྱུ་རྐྱེན་རྟེན་འབྲེལ་ཀུན་ཏུ་ཚོགས་པ་ལས་བྱུང་བ་རེད། ཡིན་ནའང་དེ་ཉིད་སའི་གོ་ལར་སླེབས་དུས་གཡོ་བའི་ཆ་ཤིན་ཏུ་ཆུང་བ་སྟེ། ཚད་ལ་གཞན་ན་རྡུལ་ཕྲན་སྙིང་བོའི་སྟོང་ཆའི་གཅིག་ཙམ་ལས་མེད་པས་འཚོལ་ཞིབ་ཐིག་ལེན་བྱེད་ཧ་ཅང་དཀའ། 
དེས་ན་ཅི་ཞིག་ནི་འཐེན་རླབས་ཡིན་པ་དང་། དེ་ཐད་ཀར་རྙེད་པའམ་འཚོལ་ཞིབ་ཐིག་ལེན་ཐུབ་པས་ཅི་ཞིག་མཚོན་པ་རེད་ཅེ་ན། གཤམ་དུ་དེ་འབྲེལ་གྱི་དོན་འགའ་ཞིག་རེ་རེ་བཞིན་བཤད་པར་བྱའོ།།

        ཚན་རིག་པ་དག་གིས་འཐེན་རླབས་ཐིག་ལེན་ཐུབ་པར་དགའ་འབོད་བྱེད་བཞིན་པའི་ཚུལ། ཁོང་ཚོ་ནི་གཡོན་ནས་བརྩིས་ཚེ་རིམ་པ་བཞིན་ཚན་རིག་པ་གྲགས་ཅནGabriela Gonzalezདང་། Rainer Weiss, Kip Thorneབཅས་རེད། 
        ༡ འཐེན་རླབས་ཞིབ་འཇུག་གི་བྱུང་བ།
        དངོས་ཁམས་རིག་པའི་ངོས་ནས་བཤད་ན། འཐེན་རླབས་ནི་ཚན་རིག་སྨྲ་བའི་དབང་བོ་ཨེན་སི་ཐན་གྱི་སྒྲ་ཡངས་འཇུག་གི་ལྟོས་བཅས་སྨྲ་བའི་གཞུང་ནས་མ་འོངས་སྔོན་མཐོང་གི་ཚུལ་དུ་བཤད་པའི་དོན་ཞིག་སྟེ། དེ་ནི་འོད་ཀྱི་མགྱོགས་ཚད་ལྟར་འགྱེད་པའི་ཡུལ་དུས(མཆན།༣ ཡུལ་ནི་གནས་དང་ས། སྟོང་བའི་ཁམས་སོགས་དང་དུས་ནི་དུས་ཚོད་དང་བསྐལ་བ་ལ་གོ་བ་ཡིན། འདི་ནི་ཤུགས་རིག་པ་དང་། དངོས་ཁམས་རིག་པ། མཁའ་དཔྱད་རིག་པ། མཚན་ཉིད་རིག་པ་བཅས་ཀྱི་ནང་དུ་རྒྱུན་པར་འབྱུང་བའི་རིག་གཞུང་གི་བརྡ་ཆད་ཅིག་ཡིན)ཀྱི་འགུལ་རླབས་ཤིག་ལ་གོ་བ་ཡིན། དཔེར་ན་ཆུ་ནང་ལ་རྡོ་གཡུག་ཚེ་ཆུ་གཉེར་འབྱུང་བ་བཞིན་འཐེན་རླབས་ཀྱང་སྲིད་པ་ཆེན་པོའི་ནང་གི“ཡུལ་དུས་ཀྱི་རླབས་རིས”ཡིན་ནོ།། སྤྱིར་བཏང་དུ་འཐེན་རླབས་འབྱུང་ཤིན་ཏུ་དཀའ་མོ་ཡོད། སའི་གོ་ལས་སྐར་ཆ་གཅིག་ལ་སྤྱི་ལེ་སུམ་ཅུའི་མགྱོགས་ཚད་ཀྱིས་ཉི་མར་སྐོར་བ་བྱེད་ཀྱིན་ཡོད་མོད། དེས་འགྱེད་པའི་འཐེན་རླབས་ལ་རྩོལ་ཚད་ཝ་ཐི་200ལས་མེད་པས་དེ་ནི་ཉེར་སྤྱོད་ཀྱི་གློག་གི་བ་མ་ཞིག་གི་རྩོལ་ཚད་ལས་ཀྱང་ཉུང་། སྲིད་པ་ཆེན་པོའི་ནང་གི་ཤིན་ཏུ་ཆེ་བའི་སྐར་མའི་གོ་ལ་དག་གི་མགྱོགས་ཚད་ཆེར་ཕྱིན་པ་དང་། དེ་དག་ཕན་ཚུན་འཕྲད་པ། གཅིག་ཏུ་འདྲེས་པ་སོགས་ཀྱི་མཐུ་ལས་ད་གཟོད་སྟོབས་ཤིན་ཏུ་ཆེ་བའི་འཐེན་རླབས་འབྱུང་བ་ཡིན། འོན་ཀྱང་དེ་ལྟ་བུའི་འཐེན་རླབས་ནི་སའི་གོ་ལ་དང་བར་ཐག་ཤིན་ཏུ་རིང་བའི་གནས་ནས་བྱུང་བ་ཡིན་པས་དེ་ཉིད་སའི་གོ་ལར་སླེབ་དུས་ཧ་ཅང་ཆུང་བར་གྱུར་ཡོད།
སྐར་མ་མཚེ་མའི་མ་ལག
        1974ལོར། དངོས་ཁམས་རིག་པའི་མཁས་དབང་རྗོ་སེ་ཧྥུ་ཐྲེ་ལུར(Joesph Hooton Taylor)དང་།ར་སུལ་ཧོལ་སེ(Russell Alan hulse)གཉིས་ཀྱིས་ཨང་རིམ་PSR B1913+16ཡིན་པའི་སྐར་མ་ཞིག་ཡོད་པ་ཤེས་པ་དང་། སྐར་མ་དེ་ཏག་ཏག་སྐར་མ་མཚེ་མའི་མ་ལག་གི་ཁྲོད་དུ་ཡོད་པ་རེད། སྒྲ་ཡངས་འཇུག་གི་ལྟོས་བཅས་སྨྲ་བའི་གཞུང(General theory of relativity)ལྟར་བྱས་ན། སྐར་མ་མཚེ་མ་དེ་ནི་འཐེན་རླབས་ཀྱི་དབང་གིས་ནུས་སྟོབས་ཉམས་ཀྱིན་ཡོད་པས། ལོ་རེའི་ནང་འཁོར་ལམ་དུ་སྐོར་ཡུན་སྐར་ཆ་ཕྲ་མོ(མཆན།༤དུས་ཚོད་ཀྱི་རྩིས་གཞི་ཞིག་སྟེ། འདི་ལ་དབྱིན་སྐད་དུ་Microsecondཟེར། སྐར་ཆ་གཅིག་དུམ་བུ་ས་ཡ་གཅིག་ཏུ་བགོས་པའི་ཆ་གཅིག་གོ)76.5མར་བྲི་བཞིན་ཡོད་ལ། འཁོར་ལམ་ནང་གི་འཁོར་མདའ་ཕྱེད་ཀའང(མཆན།༥ རྒྱུ་སྐར་གྱིས་བརྟན་སྐར་ལ་སྐོར་བ་བྱེད་དུས་ཀྱི་འཁོར་མདའ་ཕྱེད་ཀ་སྟེ། དེ་ནི་རྒྱུ་སྐར་གང་ཞིག་གིས་བརྟན་སྐར་ལ་སྐོར་བ་བྱེད་དུས་སུ་དེ་དང་བརྟན་སྐར་བར་དུ་འབྱུང་བའི་ཆ་སྙོམས་ཀྱི་བར་ཐག་ལ་ཟེར། རྒྱ་སྐད་དུ་འདི་ལ་半长轴ཟེར་རོ)ལོ་རེར་རྨིད་3.5ཇེ་ཉུང་དུ་འགྲོ་བཞིན་པ་རེད། དེ་ལྟར་བྱུང་ཚེ་ལོ་དུང་ཕྱུར་གསུམ་གྱི་རྗེས་སུ་སྐར་མ་མཚེ་མ་དེ་གཉིས་གཅིག་ཏུ་འདྲེས་པར་འགྱུར་རོ།།
        1974ལོ་ནས་བརྩམས་ཏེ། ཐྲེ་ལུར་དང་ར་སུལ་གཉིས་ཀྱིས་སྐར་མ་མཚེ་མ་དེ་གཉིས་ཀྱི་འཁོར་ལམ་ལ་དུས་ཡུན་རིང་བོར་ལྟ་ཞིབ་དང་དཔྱད་ལེན་བྱས་ཤིང་། དེའི་ཞིབ་འཇུག་གི་བསྡོམས་འབྲས་ནི་སྒྲ་ཡངས་འཇུག་གི་ལྟོས་བཅས་སྨྲ་བའི་གཞུང་གིས་སྔོན་དཔག་བྱས་པའི་བསྡོམས་འབྲས་དང་ཤིན་ཏུ་མཐུན་པར་གྱུར་ལ། དེར་བརྟེན་ནས་འཐེན་རླབས་ཡོད་པའང་ཤུགས་སུ་བསྒྲུབས་པ་རེད། ཚན་རིག་པ་ཁོང་གཉིས་ལའང་ལས་ཀ་རླབས་པོ་ཆེ་དེའི་རྐྱེན་པས་1993ལོའི་ནོ་པེལ་གྱི་དངོས་ཁམས་རིག་པའི་བྱ་དགའ་ཐོབ།
སློབ་དཔོན་ཆེན་མོ་ཝེ་བྷིར་དང་ཁོང་གི་འཐེན་རླབས་དཔྱད་ཞིབ་ཐིག་ལེན་འཕྲུལ་ཆས།
        དུས་རབས་གོང་མའི་ལོ་རབས་དྲུག་ཅུ་བའི་ནང་དུ། ཨ་རིའི་མ་རེ་ལན་ཊི་སློབ་གྲྭ་ཆེན་མོའི(University of Maryland)དངོས་ཁམས་རིག་པའི་མཁས་དབང་སློབ་དཔོན་ཆེན་མོ་རྗོ་སེ་ཧྥུ་ཝེ་བྷིར(Joseph Weber)མཆོག་གིས་མཉམ་གཡོའི་བྱེད་ནུས་ལྡན་པའི་འཐེན་རླབས་དཔྱད་ཞིབ་ཐིག་ལེན་གྱི་འཕྲུལ་ཆས་ཤིག་བཟོས། འཕྲུལ་ཆས་དེ་ནི་བརྩེགས་རིམ་མང་བའི་ཧ་ཡང་གི་སྦུ་གུས་གྲུབ་ཅིང་། དེའི་ཚངས་ཐིག་ལ་རྨིད་གཅིག་དང་རིང་ཚད་ལ་རྨིད་གཉིས། ལྗིད་ཚད་ལ་སྤྱི་རྒྱ་སྟོང་བཅས་ཡོད། དེའང་འཐེན་རླབས་ཉིད་དཔྱད་ཞིབ་ཐིག་ལེན་འཕྲུལ་ཆས་ཀྱི་ཀ་ཟླུམ་བརྒྱུད་དུས། དེ་ལས་མཉམ་གཡོའི་འདར་ཆ་འབྱུང་། སྐབས་དེར་ཀ་ཟླུམ་གྱི་ཉེ་འཁོར་དུ་བཞག་པའི་གནོན་གློག་ཚོར་ཆས(Piezoelectric Sensor, 压电传感器)ཀྱིས་དེ་ལ་དཔྱད་ཞིབ་ཐིག་ལེན་བྱེད་ཐུབ། ཝེ་བྷིར་གྱིས་དེ་སྔ་བར་ཐག་སྤྱི་ལེ་གཅིག་རེས་ཆོད་པའི་གནས་གཉིས་སུ་དུས་གཅིག་ཏུ་དཔྱད་ཞིབ་ཐིག་ལེན་འཕྲུལ་འཁོར་རེ་བཞག་ཅིང་དེ་གཉིས་ཀས་ཤིན་ཏུ་ཆ་མཚུངས་པའི་བརྡ་རྟགས་ཐིག་ལེན་ཐུབ་དུས་ད་གཟོད་དེ་ཉིད་ཟིན་ཐོར་བཀོད་པ་རེད།     1968ལོར། ཝེ་བྷིར་གྱིས་འཐེན་རླབས་ཉིད་དངོས་སུ་དཔྱད་ཞིབ་ཐིག་ལེན་ཐུབ་པ་ཀུན་ལ་བསྒྲགས་ཤིང་། དེས་རིག་གཞུང་སྨྲ་བའི་སྡེ་ཉིད་འུར་ཆི་ལེར་བཏང་། ཡིན་ནའང་རྗེས་སུ་དེ་འདྲ་བའི་ཚོད་ལྟ་མང་པོ་བྱས་ནའང་འབྲས་བུ་ཅི་ཡང་མ་བྱུང་།
        དེའི་རྗེས་ཀྱི་ལོ་རབས་བདུན་ཅུ་བའི་ནང་དུ། ཁ་ལི་ཧྥོ་ནུ་མངའ་སྡེའི་ཚན་རྩལ་སློབ་གླིང་གི་དངོས་ཁམས་རིག་པའི་མཁས་དབང་རེན་ནུར་ཝའེ་སི(Rainer Weiss)སོགས་ཀྱིས་རྣོ་ཟེར་ལ་འགལ་རྐྱེན་བཟོ་བའི་ཐབས་ལ་བརྟེན་ཏེ་འཐེན་རླབས་འཚོལ་ཞིབ་ཐིག་ལེན་ཐུབ་པ་དངོས་སུ་ཤེས། ཡིན་ནའང་དེར་སྤྱོད་པའི་འཕྲུལ་འཁོར་གྱི་སྐྱེན་ཚད་ཤིན་ཏུ་མཐོ་དགོས་ཕྱིར། དུས་རབས་གོང་མའི་ལོ་རབས་དགུ་བཅུ་བའི་སྐབས་སུ་ད་གཟོད་དེ་འདྲའི་ཚད་གཞིར་ལོངས་པའི་ལག་རྩལ་ཡོད་པར་གྱུར། 
1991ལོར། མ་སི་ཆི་སི་ཚི་མངའ་སྡེའི་ཚན་རྩལ་སློབ་གླིང་དང་། ཁ་ལི་ཧྥོ་ནུ་མངའ་སྡེའི་ཚན་རྩལ་སློབ་གླིང་གཉིས་ཀྱིས་ཨ་རིའི་རྒྱལ་གཞུང་ཚན་རིག་ཐེབས་རྩ་ཚོགས་པའི་མཐུན་རྐྱེན་སྦྱར་བར་བརྟེན་ནས་གོང་དུ་གསལ་བའི་LIGOམ་ལག་གསར་དུ་འཛུགས་མགོ་བརྩམས་ཤིང་། 2002ལོར་ལེགས་པར་འགྲུབ་སྟེ་དངོས་སུ་བཀོལ།
        2007ལོར། LIGOཡི་མ་ལག་ལ་རྩོལ་ཚད་སྔར་ལས་མཐོ་བའི་རྣོ་ཟེར་འགྱེད་ཆས་སོགས་བཅུག་སྟེ་དེའི་རིམ་པ་མཐོར་སྤར་ཅིང་དེ་ལ“LIGOདྲག་པོ”ཞེས་མིང་དུ་བཏགས། དེ་ཉིད་2009ལོ་ནས་2010ལོའི་ཟླ་10བའི་བར་དུ་བཀོལ།
        དེ་ལྟ་ནའང་LIGOའཐེན་རླབས་ཐིག་ལེན་མ་ལག་གིས་2002ལོ་ནས་2010ལོའི་བར་དུ་འཐེན་རླབས་ཡོད་པའི་བདེན་དཔང་ཁུངས་ཕེར་བ་གང་ཡང་མ་རྙེད།
        2010ལོར། LIGOལ་དུས་ཡུན་བགྲང་བྱ་ལྔའི་རིང་རིམ་པ་སྤར་བའི་སྒྱུར་བཅོས་བྱས་ཤིང་། སྒྱུར་བཅོས་བྱས་རྗེས་སུ་དེའི་སྐྱེན་ཚད་དང་ཐིག་ལེན་གྱི་ཚད་ནི་སྔར་གྱི་ལྡབ་བཅུ་ལས་ལྷག་པར་གྱུར། དེ་ལ་“LIGOསྔོན་སྐྱོད་པ”ཞེས་བཏགས། 2015ལོའི་ཟླ་9བའི་ཚེས་18ཉིན། “LIGOསྔོན་སྐྱོད་པ”ཚོད་ལྟའི་ངང་དུ་བཀོལ་ཅིང་། ཐེངས་འདིའི་འཐེན་རླབས་ནི་དེ་ཉིད་རིམ་པ་མ་སྤར་གོང་གི་ཟླ་9བའི་ཚེས་14ཉིན་འཚོལ་ཞིབ་ཐིག་ལེན་བྱས་པའི་བརྡ་འཕྲིན་ཡིན་ནོ།། དེང་འདིར་འཛམ་གླིང་ཡོངས་སུ་འཐེན་རླབས་འཚོལ་ཞིབ་མ་ལག་ནི་ཨ་རིའི་LIGOལས་གཞན། འཇར་མན་དང་དབྱིན་ཇིས་མཉམ་དུ་བཙུགས་པའི་GEO600དང་། ཧྥ་རན་སི་དང་ཨི་ཊ་ལིས་མཉམ་དུ་བཙུགས་པའི་VIRGO ཉི་ཧོང་གིས་བཙུགས་ཟིན་པའི་TAMA300དང་། འཛུགས་འཆར་ཡིན་པའི་LCGT ཨོ་སི་ཐྲི་རེ་ལི་ཡས་འཛུགས་འཆར་ཡིན་པའི་AIGOདང་། རྒྱ་གར་གྱིས་འཛུགས་འཆར་ཡིན་པའི་LIGO-indiaསོགས་ཡོད།
        ༢ འཐེན་རླབས་འཚོལ་ཞིབ་ཐིག་ལེན་ཐུབ་པའི་དོན་སྙིང་། 
        འཐེན་རླབས་མཁའ་དཔྱད་རིག་པ་ནི་སྲོལ་རྒྱུན་གྱི་གློག་རླབས(མཆན།༦ དབྱིན་སྐད་དུ་Electromagnetic Waveདང་རྒྱ་སྐད་དུ་电磁波ཞེས་པ་སྟེ། གློག་ཁབ་ལེན་གྱི་རླབས་ཞེས་པའི་བསྡུས་མིང་ངོ།། )མཁའ་དཔྱད་རིག་པ་དང་། སྲིད་པའི་འཕྲོ་ཐིག་མཁའ་དཔྱད་རིག་པ།(cosmic-ray astronomy
  
,宇宙线天文学) ཉུ་ཐྲི་ནུ་མཁའ་དཔྱོད་རིག་པ(Neutrino astronomy,中微子天文学)བཅས་ཀྱི་རྗེས་ནས། མིའི་རིགས་ཉིད་སྲིད་པ་ཆེན་པོར་འཇུག་པའི་སྒོ་མོ་གསར་བ་ཞིག་ཡིན་ཅིང་། དེ་ལ་བརྟེན་ནས་ཅིས་ཀྱང་མཁའ་དཔྱད་རིག་པའི་གསར་བརྗེ་ཞིག་འབྱུང་སྲིད་པ་ཡིན། 
འཐེན་རླབས་ཉིད་འཚོལ་ཞིབ་ཐིག་ལེན་ཐུབ་པ་དེས་སྒྲ་ཡངས་འཇུག་གི་ལྟོས་བཅས་སྨྲ་བའི་གཞུང་བདེན་མིན་བརྟག་ཐུབ་པར་མ་ཟད། འཐེན་ཤུགས་ཀྱི་གཞུང་ལུགས་གཞན་དག་བདེན་མིན་ཡང་ར་སྤྲད་ཐུབ། དེ་མིན་འཐེན་ཤུགས་ཉིད་ཁོན་ཏྲོམ་གྱི་རང་བཞིན་དུ་བྱས་ནས་ཞིབ་འཇུག་བྱ་ཐུབ་ཅིང་། མཐར་དེ་ཉིད་ཕན་ཚུན་ལ་མཐུ་ནུས་གཏོང་བའི་ཆོས་གཞན་དག་དང་དབྱེར་མེད་པར་བྱས་ཏེ་ཚན་རིག་པ་ཆེན་པོ་ཨེན་སི་ཐན་གྱི་རེ་བའང་མངོན་དུ་འགྱུར་བར་བྱ་ཐུབ།
ལོ་ངོ་བརྒྱའི་སྔོན་དུ། ཨེན་སི་ཐན་གྱིས་ཡུལ་དུས་ཀྱིས་འགྱེད་པའི་རླབས་རིས་ཏེ་འཐེན་རླབས་ཉིད་འབྱུང་བཞིན་པ་མ་འོངས་སྔོན་མཐོང་གི་ཚུལ་དུ་གསུངས་སོ།
        འཐེན་རླབས་ཀྱིས་ནི་རླབས་གཞན་དག་དང་འདྲ་བར་ནུས་ཚད་དང་བརྡ་འཕྲིན་ཁྱེར་ཡོད། གློག་ཁབ་ལེན་གྱི་རླབས་ལ་བརྟེན་ནས་ངེད་ཅག་གིས་སྲིད་པའི་འབར་གས་ཆེན་མོའི་བྱུང་རྗེས་ཀྱི་ལོ་གསུམ་འབུམ་བརྒྱད་ཁྲིའི་སྐབས་ཀྱི་རྣམ་པ་མཐོང་ཐུབ་ནའང་འཐེན་རླབས་ལ་བརྟེན་ནས་ངེད་ཅག་གིས་སྲིད་པའི་འབར་གས་ཆེན་མོའི་སྐད་ཅིག་གི་རྣམ་པར་ཕྱིར་ལྟ་བྱེད་ཐུབ་ལ། སྲིད་པའི་འབར་གས་ཆེན་མོའི་གཞུང་ལུགས་ཀྱི་བདེན་རྫུན་ཡང་བརྟག་ཐུབ། གལ་སྲིད་མ་འོངས་པའི་དུས་སུ་སྲིད་པ་ཆེན་པོ་འབར་གས་འབྱུང་དུས་ཀྱི་འཐེན་རླབས་ཉིད་འཚོལ་ཞིབ་ཐིག་ལེན་ཐུབ་ཚེ་ངེད་ཅག་གིས་སྲིད་པ་ཆེན་པོ་འདི་དང་པོ་ཆགས་དུས་ཀྱི་གསང་བ་མང་པོ་ཞིག་ཀྱང་ཤེས་ཐུབ། 
        འཐེན་རླབས་འཚོལ་ཞིབ་ཐིག་ལེན་ཐུབ་པ་དབང་གིས་འདི་ལྟར་བཤད་ཀྱང་ཆོག་སྟེ། དེ་སྔ་སའི་གོ་ལའི་སྒང་གི་མི་རྣམས་ནི་རང་ཉིད་ལ་སྟོང་ཁམས་ཆེན་པོའི་ཕྱི་རོལ་ཀྱི་འཇིག་རྟེན་མཐོང་ཐུབ་པའི་མིག་ཟུང(འདི་ནི་གློག་ཁབ་ལེན་གྱི་རླབས་འཚོལ་ཞིབ་ཐིག་ལེན་ཐུབ་པར་གོ)ཞིག་ཡོད་པ་ཁོ་ནས་དྲེགས་ཀྱང་དེང་ནས་བརྩམས་ཏེ་སྟོང་ཁམས་ཆེན་པོའི་ཕྱི་རོལ་ལ་ཉན་བྱེད་ཀྱི་རྣ་བའང་ཡོད་པར་གྱུར་བ་རེད། 
        དེ་མིན། འཐེན་རླབས་འཚོལ་ཞིབ་ཐིག་ལེན་ཐུབ་པ་དེས་སྐྱེ་བོ་ཕལ་བ་དག་གི་འཚོ་བར་ཤུགས་རྐྱེན་ག་འདྲ་ཐེབས་སྲིད་ཅེ་ན། ཚན་རིག་པ་དག་ན་རེ། དུས་རབས་བཅོ་བརྒྱད་པའི་སྐབས་སུ་གློག་ཁབ་ལེན་གྱི་རླབས་ཞིབ་པར་འགྲེལ་བའི་མ་ཁི་སི་ཝེལ་གྱི་མཉམ་བྱའི་རྩི་ཐབས(Maxwell's equations)ཉིད་བདེན་པར་བསྒྲུབས་པའི་དུས་སུ་དེས་མི་རྣམས་ཀྱི་འཚོ་བའི་ནང་ཅི་ཞིག་འཁྱེར་ཡོང་བ་སུས་ཀྱང་ཤེས་མེད་ནའང་། རྗེས་སུ་བྱུང་བའི་བརྙན་འཕྲིན་དང་ལག་ཐོགས་ཁ་པར་སོགས་ཐམས་ཅད་གློག་ཁབ་ལེན་གྱི་སྣང་ཚུལ་ལ་འབྲེལ་བ་ཡོད་པ་རེད། འཐེན་རླབས་འཚོལ་ཞིབ་ཐིག་ལེན་ཐུབ་པ་ལའང་དེ་ལྟར་རིགས་འགྲེ་ཆོག
        ༣ འཐེན་རླབས་ཀྱི་སྒྲུང་།
        འཐེན་རླབས་འཚོལ་ཞིབ་ཐིག་ལེན་ཐུབ་པའི་གསར་འཕྲིན་དེ་འཛམ་གླིང་ཡོངས་ཀྱི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་མྱུར་བར་ཁྱབ་པ་དང་། དེས་ཀུན་གྱི་མིག་ཁ་དཀྲིས་ཤིང་བློ་ཁ་བྲིད་ནའང་མང་པོ་ཞིག་གིས་དེའི་སྐོར་གྱི་ཞིབ་ཅིང་ཕྲ་བའི་དོན་ཅི་སྙེད་ཅིག་ཤེས་མེད། འདི་ནི་སྒྲུང་ཞིག་གི་བྱུང་རིམ་ཐ་མ་ཡིན་སྲིད་ལ་ཡང་སྒྲུང་གཞན་ཞིག་གི་མགོ་འཛུགས་བྱེད་ཀྱང་ཡིན་སྲིད། དེ་བས་ངེད་ཅག་གིས་ཀྱང་གནའ་སྔ་མོ་སྔ་མོ་ཞིག་ལ་ཞེས་འཐེན་རླབས་ཀྱི་སྒྲུང་ཞིག་བཤད་ཆོག
        གནའ་སྔ་མོ་སྔ་མོ་ཞིག་སྟེ། མི་ལོ་ཐེར་འབུམ་གཅིག་གི་སྔ་རོལ་ཏུ། དགུ་ཚིགས་ཀྱི་ཕ་རོལ་ཏུའང་སྐར་མའི་ཁྱིམ་རྒྱུད་ས་ཡ་དུ་མས་ཆོད་པའི་གནས་ཤིག་ཏུ་བསྐལ་བའི་ཕུག་པ་ནག་པོའམ་དོང་ནག་གཉིས་རྡུང་ག་བརྒྱབ་པ་རེད། ཕུག་པ་ནག་པོ་དེ་གཉིས་ཀྱིས་ནི་ཕན་ཚུན་ལ་བགྲང་བྱ་ཁྲག་ཁྲིག་ཆེན་པོ་གཅིག(དེང་གི་རྩི་སྟངས་ལྟར་བྱས་ན་དུང་ཕྱུར་ཁྲི་གཅིག)གི་རིང་ལ་སྐོར་བ་བརྒྱབ་པ་དང་། སྐོར་བ་རེ་རེ་ཇེ་མགྱོགས་སུ་སོང་སྟེ་རིམ་བཞིན་ཉེ་བར་བཅར། དེ་ནི་འགྲོ་བ་མིའི་རིགས་ཀྱིས་དུང་བའི་མཛའ་བྲོ་འཁྲབ་པ་འདྲ། དེ་ལྟར་སྐོར་བ་བརྒྱབ་བརྒྱབ་སྟེ་ཕན་ཚུན་གྱི་བར་ཐག་ལ་དབྱིན་ལེ་བརྒྱ་ཕྲག་ཁ་ཤས་ལས་མེད་པའི་དུས་སུ། དེ་གཉིས་ནི་འོད་བཞིན་མགྱོགས་པར་གྱུར་བ་དང་ཤིན་ཏུ་ཆེ་བའི་འཐེན་ཤུགས་བཏོན་ཏེ་ཡུལ་དུས་ཀྱི་རྣམ་པའང་བསྒྱུར། ཚུལ་དེ་ནི་རྫ་མའི་ནང་ན་ཤུགས་ཀྱིས་འཕྱུར་བའི་ཆུ་ཁོལ་དང་མཚུངས། དེ་ནས་སྐར་ཆ་གཅིག་ཆ་དུ་མར་བགོས་པའི་སྐད་ཅིག་མ་གཅིག་གི་ནང་དུ།
        ཕུག་པ་ནག་པོ་དེ་གཉིས་ཕུང་བོ་གཅིག་ཏུ་གྲུབ་པ་དང་། དེ་ལས་སྲིད་པ་ཆེན་པོའི་བརྟན་སྐར་མཐའ་དག་གིས་འགྱེད་པ་ལས་ཀྱང་ལྡབ་བརྒྱ་འགྱུར་གྱིས་མང་བའི་ནུས་ཚད་ཆེན་པོ་འགྱེད་པ་རེད། དེ་ནས་དེ་ཉིད་ཀྱིས་ཕུག་པ་ནག་པོ་གསར་བ་ཞིག་གྲུབ་པ་དང་། དེའི་སྤུས་ཚད་ལ་ཉི་མའི་དཀྱིལ་འཁོར་དྲུག་ཅུ་རེ་གཉིས་ཙམ་ཡོད་པ་དང་། རྒྱ་ཁྱོན་ནི་ཨ་རིའི་མེ་ཨེན་མངའ་སྡེ་ལྟ་བུ་ཞིག་ཡོད་དོ།། དེ་ནས་དེ་ཉིད་རིམ་གྱིས་ཞི་ཞིང་འཇམ་པར་གྱུར་ཏེ་ངོས་ལེབ་ཅིང་ལྒང་དབྱིབས་སུ་གྱུར་བར་མ་ཟད་གཡོ་ཞིང་སྐྱོམས་པར་བྱས་པའི་ནུས་ཚད་ཕྱི་མ་དག་ཀྱང་དེ་དང་ཁ་བྲལ། ཡུལ་དུས་ནི་སྔར་བཞིན་རང་སོར་གནས། 
        ཕུག་པ་ནག་པོ་དེ་གཉིས་རྡུང་ག་བརྒྱབ་པའི་འཐེན་རླབས་ཉིད་ཕྱོགས་སོ་སོར་མཆེད་ཅིང་། ལམ་ཐག་ཅི་ཙམ་རིང་བར་བརྒྱུད་པས་དེ་ཙམ་གྱིས་ཇེ་གཉོམ་དུ་སོང་། སའི་གོ་ལའི་སྟེང་ནས། རྨིགས་པ་གླང་གཟུགས་ངམ་ཌེ་ནོ་སོར་གྱི་བསྟན་པ་དར་ཅིང་རིམ་གྱིས་དེའི་ངོ་བོ་འགྱུར་བ་དང་རྒུད་པར་གྱུར། འཐེན་རླབས་ཀྱིས་མུ་མཐུད་དུ་འགྲུལ་བཞུད་བྱས་ཤིང་ཕལ་ཆེར་ལོ་ཁྲི་ཕྲག་ལྔའི་སྔོན་དུ་དེ་ཉིད་ངེད་ཅག་གི་དགུ་ཚིགས་ཀྱི་ཀློང་དུ་སླེབས། དུས་དེ་ནི་ཏག་ཏག་རིག་སྟོབས་ཅན་གྱི་མི་ཉིད་དེའི་ཡར་སྔོན་གྱི་ནེན་ཌིར་ཐིལ་གྱི་མིའི(མཆན།༧ འདི་ལ་དབྱིན་སྐད་དུ་Neanderthal Manདང་རྒྱ་སྐད་དུ་尼安德特人ཞེས་འབོད། དེ་ནི་མིའི་རིགས་འཕེལ་འགྱུར་བྱུང་བའི་ལོ་རྒྱུས་ཀྱི་དུས་སྐབས་བར་མའི་ཚབ་མཚོན་ཏེ། ད་ལྟ་ནས་བརྩིས་པའི་ལོ་འབུམ་གཅིག་དང་ཁྲི་གཉིས་ཀྱི་སྔོན་ནས་བྱུང་། འཇར་མན་གྱི་ནེན་ཌིར་ཐིལ་ནས་དེའི་འགྱུར་རྡོ་རྙེད་པས་མིང་ཡང་དེ་ལྟར་བཏགས)ཚབ་བྱས་ཏེ་སའི་གོ་ལའི་བདག་པོར་གྱུར་བའི་དུས་སོ།། བགྲང་བྱ་བརྒྱའི་སྔོན་དུ། སའི་གོ་ལའི་སྟེང་གི་སེམས་ཅན་དག་ལས་ཤེས་ལྡན་ཁག(མཆན། ༨ འདི་ལ་དབྱིན་སྐད་དུ་Primatesདང་རྒྱ་སྐད་དུ་灵长类ཟེར།སྐྱེ་དངོས་ཀྱི་དབྱེ་རིམ་ཞིག་སྟེ། རིམ་པ་ཆེས་མཐོ་བའི་འོ་འཐུང་སྲོག་ཆགས་ཀྱི་རིགས། ཀླད་པ་ཅུང་རྒྱས་ཤིང་ངོ་གདོང་ཐུང་ལ། སྒྲོག་རུས་ལེགས་པར་འཚར་བ། རྐང་ལག་གི་སོར་མོ་གྲངས་ལྔ་རུ་ཡོད་པས་དངོས་རྫས་འཛིན་བདེ་བ་སོགས་ཀྱི་ཁྱད་ཆོས་དང་ལྡན་པ་སྟེ། མི་དང་སྤྲ་སྤྲེའུ་ཡི་རིགས་སོ།། མིང་འགྲེལ་འདི་རྒྱ་བོད་དབྱིན་གསུམ་རྒྱུན་བཀོལ་གསར་བྱུང་མིང་མཛོད་ལས་བཏུས)གི་རིགས་ལས་འཕེལ་འགྱུར་བྱུང་བའི་འགྲོ་བ་མིའི་རིགས་ཀྱི་ཡ་གྱལ་ཨེན་སི་ཐན་གྱིས་མ་འོངས་སྔོན་མཐོང་གི་ཚུལ་དུ་འཐེན་རླབས་ཡོད་པ་རིགས་པས་བསྒྲུབས་ཤིང་། དེའི་འཕྲོར་ལོ་ངོ་བཅུའི་རིང་ལ་ཚོད་བགམ་དང་བཅས་འབྲས་བུ་མེད་པའི་ཞིབ་འཇུག་ལ་ཞུགས། 
        བགྲང་བྱ་ཉི་ཤུའི་སྔོན་དུ། གཏོས་ཤིན་ཏུ་ཆེ་བའི་འཚོལ་ཞིབ་ཐིག་ལེན་གྱི་འཕྲུལ་འཁོར་LIGOབཙུགས། ཡོ་རོབ་ཀྱི་ཡུལ་རྩིས་ལྟར་བྱས་པའི་སྤྱི་ལོ་2015ལོའི་ཟླ་9 བའི་ཚེས་14ཉིན་གྱི་ཉིན་གུང་གི་ཆུ་ཚོད་བཅུ་གཅིག་གི་སྔོན་དུ། ལོ་ངོ་དུང་ཕྱུར་དུ་མའི་དུས་ཀྱི་འགྲུལ་བཞུད་ལ་ཞུགས་པའི་འཐེན་རླབས་ཉིད་སའི་གོ་ལར་སླེབས་པ་དང་། འཛམ་གླིང་LIGOཚན་རིག་མཉམ་འབྲེལ་ཚོགས་པའི་ཚོགས་མི་ཡིན་པའི་ཕོ་ལོ་སོ་གཉིས་ཅན་གྱི་ཨི་ཊ་ལིའི་འབུམ་རམས་སློབ་མ་མིང་ལ་མར་ཁཱོ་དྷི་ར་གྷོ(Marco Drago)རུ་འབོད་པ་ཞིག་ཐེངས་དང་པོར་དེའི་ཕྱོགས་ལ་དོ་སྣང་བྱེད་མཁན་དུ་གྱུར། སྐབས་དེར་མར་ཁཱོས་འཇར་མན་གྱི་ཧན་ནོ་ཝུར་གྱི་ཨེན་སི་ཐན་ཞིབ་འཇུག་ཁང་ན་ཁོ་རང་གི་རྩིས་འཁོར་གྱི་མདུན་དུ་བསྡད་དེ་རྒྱང་རིང་ནས་འཐེན་རླབས་ཀྱི་འཚོལ་ཞིབ་གྲངས་ཀར་བལྟས་ཡོད། འཐེན་རླབས་ཁོའི་རྩིས་འཁོར་གྱི་འཆར་ངོས་ནས་མངོན་ཅིང་དེ་ནི་འཚིར་གནོན་བྱས་པའི་འཁྱོག་ཐིག་ཅིག་དང་འདྲ། ཡིན་ཡང་LIGOནི་སྲིད་པ་ཆེན་པོའི་ནང་གི་ཆེས་གསལ་བའི་རྣ་བ་ཡིན་པས་དེའི་དབྱིན་ཁྲེ་ཁྲག་ཁྲིག་གཅིག་གི་ཆ་གཅིག་ཙམ་སྐྱོམས་འདར་བྱས་པའི་སྒྲའང་ཐོས་ཐུབ། དེ་བས་དེས་སྐབས་དེ་ཉིད་ལ་མཁའ་དཔྱད་པ་ཚོས་འཐབ་འབུའི་སྒྲ་རུ་འབོད་ཅིང་ཤིན་ཏུ་གཉོམ་ལ་ཕྲ་བ་ནས་ཇེ་མཐོར་འགྲོ་བའི་སྒྲ་ཞིག་ཐོས་པ་རེད། ལོ་གཅིག་གི་རྗེས་སུ། LIGOཚོགས་པས་ཝ་ཞིན་ཐོན་ནས་གསར་འགོད་ལྷན་ཚོགས་བསྡུས་ཏེ་སྐབས་དེར་ཐོབ་པའི་བརྡ་འཕྲིན་ནི་མིའི་རིགས་ཀྱི་ལོ་རྒྱུས་སུ་ཆེས་ཐོག་མར་འཐེན་རླབས་ཉིད་འཚོལ་ཞིབ་ཐིག་ལེན་ཐུབ་པ་ཡིན་པ་དངོས་སུ་ཁྱབ་བསྒྲགས་བྱས། 
        དེའང་མར་ཁཱོས་བརྡ་འཕྲིན་དེ་མཐོང་དུས་ཁོ་རང་ཧ་ལས་ཤིང་ཧོན་འཐོར་བར་མ་ཟད་གནས་སྐབས་དེར་ཅི་བྱེད་ཆ་མ་འཚལ་བར་གྱུར་སོང་ཟེར། དེ་ནས་ཁོས་རང་གི་གྲོགས་པོ་ཞིག་ལ་གནས་ཚུལ་དེ་བཤད་པ་དང་ཁོའི་གྲོགས་པོས་ཧ་ཅང་ལྷོད་ལ་བབ་པའི་ངང་དུ་ཨ་རིའི་ལོའུ་ཟེ་ཨན་ན་མངའ་སྡེའི་ལེ་ཝེན་སི་ཐོན་གྱི་LIGOལྟེ་གནས་ལ་ཁ་པར་བཏང་སྟེ་དེ་དོན་གསལ་པོར་བཤད། གསར་འཕྲིན་དེ་ཉིད་ལས་གཞི་དེར་ཞུགས་པའི་ཚན་རིག་པ་སྟོང་ཕྲག་གཅིག་གི་ནང་དུ་མཆེད། 
        ཁ་ལི་ཧྥོ་ནུ་མངའ་སྡེ་རུ། LIGOཚོད་ལྟ་ཁང་གི་ལག་བསྟར་སྤྱི་དཔོན་དྷེ་ཝི་དྷི་རཱེ་ཙི(David Reitze)གྱིས་གཏམ་དེ་ཐོས་དུས་བུ་མོ་སློབ་གྲྭར་བསྐྱལ་ཏེ་ཕྱིར་གཞུང་ལས་ཁང་དུ་ལོག་མ་ཐག་ཡིན་ལ། གསར་འགྱུར་སྣ་ཚོགས་པ་ཤྭ་འོད་བཞིན་བརྡོལ་བས་ཁོང་གིས་སྐབས་དེར་ཅི་ཞིག་བཤད་པ་ད་སྐབས་དྲན་དཀའ་ལ། སེམས་ལ་ཐོག་མར་ཤར་བ་ནི“ཀྱེ་མ། བདག་གི་དཀོན་མཆོག འདི་ངོ་མ་ཅི་ཞིག་རེད་དམ”ཞེས་པ་དེ་རེད་ཟེར།
        ཁ་ལི་ཧྥོ་ནུ་མངའ་སྡེའི་ཚན་རྩལ་སློབ་གླིང་གི་སློབ་དཔོན་ཆེན་མོ་དང་། LIGOཚོད་ལྟ་ཁང་གི་ལག་བསྟར་སྤྱི་དཔོན་གྱི་འགན་གཅིག་ལྕོགས་སུ་བཞེས་པའི་དྷེ་ཝི་དྷི་རཱེ་ཙི(David Reitze)མཆོག་གིས་མིའི་རིགས་ཀྱིས་ཆེས་ཐོག་མར་འཐེན་རླབས་འཚོལ་ཞིབ་ཐིག་ལེན་ཐུབ་པའི་སྐོར་ཀུན་ལ་སྒྲོག་བཞིན་པའི་ཚུལ།
        ནུབ་བྱང་སློབ་ཆེན་གྱི་དངོས་ཁམས་རིག་པ་དང་མཁའ་དཔྱད་རིག་པའི་སློབ་དཔོན་ཆེན་མོ་ཝི་ཁི་ཁཱ་ལོ་རྗི་ར(Vicky Kalogera)ཡིས་ནི་ཉིན་དེར་ཉིན་གང་བོར་འཚོགས་འདུར་ཞུགས་ཤིང་། དགུང་ཟས་བཟའ་རན་པའི་སྐབས་སུ་ད་གཟོད་གནས་ཚུལ་དེ་ཐོས་པ་རེད། མོས་བཤད་རྒྱུར། “སྐབས་དེར་ཁྱོ་ཀས་ང་ལ་གསོལ་ཅོག་སྟེང་ལ་རས་འདིང་བར་བསྐུལ་ནའང་ངས་ཁྱད་མཚར་བའི་གློག་ཟམ་གྱི་ཡི་གེ་འགའ་ཞིག་ཀློག་བཞིན་དངོས་གནས་དོན་ཅི་ཞིག་བྱུང་བ་ཡིན་ནམ་ཞེས་རང་གི་རང་ལ་དྲི་བ་འདོན་པ་ལས་ཁོས་ཅི་བཤད་ལ་མཉམ་མ་བཞག”རེ་ནེར་ཝེ་སི(Rainer Weiss)སྟེ། ད་ལྟ་དགུང་ལོ་83ལ་སོན་ཅིང་། དེ་སྔ་1972ལོར་LIGOལས་གཞིའི་སྐོར་ལ་གྲོས་གཞི་ཐོག་མར་འདོན་ཁམས་ཀྱི་དངོས་ཁམས་རིག་པ་བ་དེས་སྐབས་དེར་མེ་ཡེན་མངའ་སྡེ་རུ་གུང་གསེང་གཏོང་བཞིན་ཡོད། ཁོང་གིས་རྒྱང་རིང་ནས་LIGOམ་ལག་ནང་འཛུལ་ཏེ་བརྡ་རྟགས་དེ་དག་མཐོང་བའི་སྐབས་སུ་སྐད་ཤུགས་ཆེན་པོས“ཀྱེ་མ། ང་ཡི་དཀོན་མཆོག”ཟེར་ཅིང་དེས་ཁོང་གི་སྐུ་ཟླ་དང་ཕྲུ་གུ་འཚབ་པར་བྱས་ཏེ་ཁོང་སར་མྱུར་ཏུ་བརྒྱུགས་ཡོང་། 
        དེའི་རྗེས་སུ་LIGOཚོགས་པའི་ཞིབ་འཇུག་པའམ་ཚན་རིག་པ་རྣམས་ཀྱིས་ཞིབ་མོ་རྣམ་པར་འཐག་པའི་སྒོ་ནས་དེའི་གཞི་འཛིན་གྲངས་ཀར་ཡང་ཡང་དཔྱད་ཅིང་མཇུག་བསྡོམས་བཀོད།  དེའི་སྐོར་ལ་རཱེ་ཙི་ལགས་ཀྱིས“ངེད་ཚོས་ཕན་ཚུན་ལ། ངེད་ཅག་གིས་ནི་ཆེ་ཆུང་ལ་རྒྱུ་རྡུལ(Proton, 质子)གྱི་ཚངས་ཐིག་གི་སྟོང་ཆ་གཅིག་ཙམ་ལས་མེད་པའི་ཚད་ཅིག་བཅལ་བ་དང་དེས་ངེད་ཅག་ལ་ལོ་ངོ་ཐེར་འབུམ་གཅིག་གི་སྔོན་དུ་ཕུག་པ་ནག་པོ་གཉིས་གཅིག་ཏུ་འདྲེས་པའི་ཚུལ་བཤད་བཞིན་པས་ན། དེ་དོན་བསྒྲག་རྒྱུ་ནི་ལས་སླ་མོ་ཞིག་མིན་པར་དེ་ལ་ཐུན་མོང་མ་ཡིན་པའི་དཔང་རྟགས་ནི་ཅིས་ཀྱང་དགོས་སོ།། ཞེས་སྨྲས་པ་ཡིན”ཟེར། དེ་དང་ལྷན་ཅིག LIGOཚོགས་པའི་ཚན་རིག་པ་རྣམས་ལ་དེ་དོན་ཕྱིར་མ་བསྒྲགས་པའི་སྔོན་དུ་གསང་བ་དེ་ཅིས་ཀྱང་བསྲུང་དགོས་པར་བསྐུལ། དེ་ལྟ་ནའང་ཟླ་དགུ་བ་ནས་མགོ་བརྩམས་ཏེ། དེའི་སྐོར་གྱི་གཏམ་ལྡོམ་པོ་དག་ག་ས་ག་རུ་མཆེད་ཅིང་། ཉེ་བའི་བདུན་ཕྲག་གཅིག་གི་སྔོན་ལ་གསར་འགྱུར་བརྒྱུད་ལམ་ཁག་ནས་དེའི་སྐོར་སྔ་ན་མེད་པ་ཞིག་འུར། ཡིན་ཡང་LIGOཡི་ཚོགས་མི་དང་དེའི་མཉམ་ལས་མཁན་ཡོད་དོ་ཅོག་གིས་ཕྱི་རོལ་ཀྱི་དྲི་བ་མཐའ་དག་ལ“ངེད་ཅག་གིས་ད་དུང་ཡང་གཞི་འཛིན་གྲངས་ཀར་དབྱེ་ཞིབ་བྱེད་ཀྱིན་ཡོད་པས་ད་དུང་མཇུག་བསྡོམས་ཐོབ་མེད”ཅེས་གཅིག་གྱུར་ཏུ་ལན་བཏབ། ཝི་ཁི་ཁཱ་ལོ་རྗི་ར་མཆོག་གིས་ཐ་ན་མོའི་ཁྱོ་ཀ་ལའང་དོན་དེ་བཤད་མེད་པ་རེད། 
        ཟླ་9བའི་ཚེས་14ཉིན་འཐེན་རླབས་འཚོལ་ཞིབ་ཐིག་ལེན་ཐུབ་པ་དེར་དེང་འདིར་དངོས་སུ་GW50914ཞེས་མིང་དུ་བཏགས་ཡོད། དེ་ལ་བརྟེན་ནས་འཐེན་རླབས་འཚོལ་ཞིབ་ཐིག་ལེན་ཐུབ་པ་ཙམ་མིན་པར་དེ་དང་འབྲེལ་བའི་བར་སྣང་གི་དངོས་ཁམས་རིག་པའི་སྣང་ཚུལ་མང་པོ་ཞིག་གསར་དུ་ཤེས་ཡོད། དཔེར་ན། དེ་ནི་ཐེངས་དང་པོར་ཕུག་པ་ནག་པོ་མཚེ་མ་ཡོད་པའི་བདེན་དཔང་ཁུངས་ཕེར་རྙེད་པ་ཡིན། ད་ལྟའི་བར་དུ། ཕུག་པ་ནག་པོ་མཚེ་མ་ཡོད་པ་ནི་གཞུང་ལུགས་ཀྱི་ཚོད་དཔག་ཙམ་ཡིན། དེའང་ཕུག་པ་ནག་པོས་དེའི་ཉེ་འཁོར་གྱི་འོད་མཐའ་དག་འཇོམས་པར་བྱེད་པས་སྲོལ་རྒྱུན་རྒྱང་མཐོང་གིས་དེ་ལ་ལྟ་ཞིབ་དང་དེའི་ཚད་གཞལ་མི་ནུས། 
        དེ་བཞིན་དུ། LIGOཚོགས་པའི་ཚན་རིག་པ་དག་གིས་ཐེངས་འདིར་ཐོབ་པའི་བརྡ་རྟགས་ལ་བརྟེན་ཏེ་མི་རྣམས་ཧ་ལས་པར་བྱེད་པའི་གནས་ཚུལ་ལེན་ཐུབ་སྟེ། དཔེར་ན་ཐེངས་འདིའི་འཐེན་རླབས་ཉིད་མཆེད་སའི་ཕུག་པ་ནག་པོའི་སྤུས་ཚད་དང་། འཁོར་ལམ་གྱི་མགྱོགས་ཚད། དེའི་མཐའ་གཉིས་ཀ་འཕྲད་དུས་ཀྱི་གནས་སྐབས་སོགས་སོ།། ཡང་དེ་ལ་བརྟེན་ནས་དགུ་ཚིགས་ཀྱི་ཀློང་དུ་ཡོད་ཅིང་གཏོས་ཤིན་ཏུ་ཆེ་ལ་མི་མངོན་པར་ཡོད་པའི་ཕུག་པ་ནག་པོའང་ཇི་ལྟར་གྲུབ་པ་ཤེས་ཐུབ།
        མིའི་རིགས་ཀྱི་ལོ་རྒྱུས་སུ་གྷ་ལེ་ལེའོ་དང་ཉོའུ་ཊུན་བཞིན་ཆེས་རླབས་ཆེ་བའི་ཚན་རིག་པ་རུ་བཀུར་ཅིང་དེང་རབས་ཚན་རིག་གི་ཡབ་ཆེན་དུ་བསྔགས་པའི་སློབ་དཔོན་ཆེན་མོ་ཨལ་བྷ་ཊི་ཨེན་སི་ཐན(Albert Einstein,1879-1955)མཆོག
        དེ་མིན་ཐེངས་འདིར་འཐེན་རླབས་འཚོལ་ཞིབ་ཐིག་ལེན་ཐུབ་པ་དེས་ཨེན་སི་ཐན་གྱིས་སྲིད་པ་ཆེན་པོ་འདིར་རང་བཞིན་གཞན་ཞིག་ཡོད་པར་འདོད་པའི་ལྟ་བ་དེའང་བདེན་པར་བསྒྲུབས་པ་རེད། LIGOཡི་ཚོད་ལྟའི་འབྲས་བུ་ལྟར་ན། ཨེན་སི་ཐན་གྱི་སྔོན་གྱི་གཞུང་ལུགས་དང་དེང་གི་དོན་དངོས་ཀྱི་འཚོལ་ཞིབ་ཐིག་ལེན་བྱས་པ་གཉིས་ཕལ་ཆེར་གཉིས་སུ་མེད་པ་རེད། 
        “དེས་ན་ཨེན་སི་ཐན་གྱིས་དོན་དེ་ཇི་ལྟར་ཤེས་པ་ཡིན་ནམ”རེ་ནེར་ཝེ་སིས་མུ་མཐུད་དུ།
        “ངས་ཉིན་དེའི་ཞོགས་པར་གཞི་འཛིན་གྲངས་ཀ་དེ་དག་ཁོང་ལ་བསྟན་རྒྱུ་བྱུང་ན་ཅི་མ་རུང་སྙམ། ངས་ཁོང་གི་ཞལ་ནས་ཉམས་འགྱུར་ཅི་འདྲ་འབྱུང་བར་བལྟ་འདོད”
(རྩོམ་སྒྲིག་འགན་འཁུར་པ། འཇམ་དཔལ།)
འབྲེལ་ཡོད་རྩོམ་ཡིག