མདོ་དབུས་མཐོ་སྒང་གི་གཞི་ཁྱོན་ནི་རྡི་ཁེ་ས་ཟི་ས་ཆའི(德克萨斯)ལྡབ་བཞི་ཡོད་པ་དང་ཆ་སྙོམས་རྒྱ་མཚོའི་ངོས་ལས་མཐོ་ཚད་རྨི་4000གི་ས་ཆར་གནས་ཡོད་པས་སའི་གོ་ལའི་སྟེང་འཚོ་གནས་ཀྱི་དཀའ་ཚེགས་ཆེ་ཤོས་དང་ཁོར་ཡུག་ཞན་པའི་གྲས་སུ་གཏོགས་མོད།འོན་ཀྱང་ལོ་ངོ་ཁྲི་4ཡི་སྔོན་རོལ་ནས་ཨེ་ཤ་ཡའི་གླིང་ཕྲན་གང་སར་ཁྱབ་པའི་དེང་རབས་ཀྱི་མིའི་རིགས་ཀྱིས་ཕྱིར་བཤོལ་བྱས་མེད། ཡི་གེ་མ་བྱུང་གོང་གི་མིའི་རིགས་མདོ་དབུས་མཐོ་སྒང་གི་སྟེང་རིམ་གྱིས་མཆེད་པའི་བརྒྱུད་རིམ་དང་དེ་བཞིན་ས་མཐོའི་གསོ་རླུང་མི་འདང་བའི་ཁོར་ཡུག་ཞན་པོར་འཕྲོད་སྦྱོར་བྱེད་པའི་ཐད། མིའི་རིགས་རིག་པ་མཁས་ཅན་དང་གནའ་རྫས་རྟོག་ཞིབ་རིག་པ་མཁས་ཅན། སྐྱེ་དངོས་རིག་པ་མཁས་ཅན། སའི་གོ་ལའི་ཚན་རིག་རིག་པ་བ། མིའི་རིགས་ཀྱི་རྒྱུད་འཛིན་རིག་པ་མཁས་ཅན་ལ་སོགས་པའི་རིག་ཚན་ཞིབ་འཇུག་གནང་མཁན་ཚོས་དོ་སྣང་གནང་བ་མ་ཟད་སྐྱེ་བོ་མང་པོ་ཞིག་གིས་ཡ་མཚན་བྱེད་པའི་གནད་དོན་ཞིག་ཏུ་གྱུར།
མིག་སྔར། མདོ་དབུས་མཐོ་སྒང་གི་སྟེང་ཡི་གེ་མ་བྱུང་གོང་གི་མིའི་རིགས་ཀྱིས་འཚོ་གནས་བྱེད་པའི་ལོ་རྒྱུས་དང་འགུལ་ཤུགས་བཅས་ཀྱི་ཞིབ་འཇུག་ཐད་གནད་དོན་མང་པོ་ཞིག་གསེད་བཀྲོལ་བྱ་རྒྱུར་ལུས་ཡོད། དཔེར་ན། མིའི་རིགས་མདོ་དབུས་མཐོ་སྒང་གི་ཐོག་འཚོ་གནས་བྱེད་པའི་དུས་ཚོད་སྔ་ཤོས་ནི་ནམ་ཞིག་ཡིན་ནམ།འགུལ་ཤུགས་ཇི་ལྟ་བུ་ཞིག་གིས་ཁོང་ཚོ་གནས་འདིར་སླེབས་པ་ཡིན་ནམ།དུས་ཚིགས་རང་བཞིན་ལྟར་གནས་ངེས་མེད་དུ་རྔོན་རྒྱག་པ་ཡིན་ནམ། ཡང་ན་ལོ་ཁོར་མོ་ཡུག་གཏན་སྡོད་བྱེད་ཀྱི་ཡོད་མེད་ཀྱི་སྐོར་བཅས་ཡིན། 《ཚན་རིག》དུས་དེབ་ཀྱི་གསར་འགོད་པ་Jane Qiuཞེས་པ་ཡིས་མདོ་དབུས་མཐོ་སྒང་གི་ས་ཡུལ་དངོས་ལ་རྟོག་ཞིབ་གནང་བ་དང་དུས་མཚུངས་རིག་ཚན་སྣ་མང་དང་ལྟ་བ་མི་གཅིག་པའི་མཁས་དབང་མང་པོར་བཅར་འདྲི་བྱེད་པར་བསྐྱོད་ནས《བོད་མི་ཆེས་སྔ་ཤོས་སུ་ཞིག་ཡིན་ནམ》ཞེས་པ་བརྩམས་གནང་སྟེ། ཉེ་དུས་གནའ་རྫས་རྟོག་ཞིབ་བྱས་ནས་གསར་རྙེད་བྱུང་བ་དང་རིག་ཚན་མི་གཅིག་པ་ལས་ཐོན་པའི་ལྟ་བ་མི་འདྲ་བའི་དགག་སྒྲུབ་དག་ཕྱོགས་གཅིག་ཏུ་འདྲིལ་ནས་གླེང་གནང་མཛད།
དང་པོ། ཉེ་ཆར་མདོ་དབུས་མཐོ་སྒང་གི་ཐོག་ནས་གསར་རྙེད་བྱུང་བའི་གནའ་རྫས་རྟོག་ཞིབ།
ལ་ཀྱྰ་རྗེས་ཤུལ(喇家遗址)ནི་མདོ་དབུས་མཐོ་སྒང་གི་ཤར་ངོས་དང་། མཚོ་སྔོན་ཞིང་ཆེན་གཞོང་ཐང་རྫོང་ཀོན་ཐིང་གཞོང་སའི་ལ་ཀྱྰ་སྨད་ཀྱི་གྲོང་ཚོར་གནས་ཡོད་པ་དང་ཆ་སྙོམས་རྒྱ་མཚོའི་ངོས་ལས་རྨི་1780~1800བར་ཡོད། རྗེས་ཤུལ་འདི་སྔོག་འདོན་བྱེད་མཁན་མཚོ་སྔོན་ཞིང་ཆེན་རིག་དངོས་གནའ་རྫས་རྟོག་ཞིབ་ཞིབ་འཇུག་སོའོ་ཡི་གནའ་རྫས་རྟོག་ཞིབ་མཁས་ཅན་ཚའེ་ལིང་ཧེས་རྗེས་ཤུལ་འདིར“མདོ་དབུས་མཐོ་སྒང་གི་ཕོམ་པེ”ཞེས་འབོད་ཀྱི་ཡོད། (སྒྱུར་པ་པོས།ཕོམ་པེ་ཞེས་པ་ནི།དབྱི་ཏ་ལི་རྒྱལ་ཁབ་དུ་གནས་པའི་གནའ་གྲོང་གི་རྗེས་ཤུལ་ཞིག་གི་མིང་ཡིན།)
ལ་ཀྱྰ་ཞེས་པ་ནི་རྨ་ཆུའི་སྟོད་རྒྱུད་དུ་གནས་ཤིང་། ཚོད་དཔག་ལྟར་ན། ས་ཆ་དེ་ནི་ས་ཡོམ་ཆེན་པོ་བརྒྱབ་རྗེས་འདམ་རྡོའི་ཆུ་རུད་ཀྱི་གནོད་འཚེ་ཐོན་ནས་འཇིག་པར་གྱུར་བ་ཞིག་ཡིན་པ་དང་མིག་སྔར་ད་དུང་དོགས་གཞི་མང་པོ་ཞིག་གསེད་བཀྲོལ་བྱ་ཐུབ་མེད། རྗེས་ཤུལ་ཁྲོད་ནས་སྔོག་འདོན་བྱས་པའི་རྫ་ཆས་དང་གཡང་ཊིའི་དངོས་ཆས་དེ་དག་གི་འབྱུང་ཁུངས་ནི་ཧ་ལམ་དབྱང་ཧྲའོ་རིག་གནས་དང་ཆ་འདྲ་བ་དང་།དབྱང་ཧྲའོ་རིག་གནས་ནི་དེང་རབས་ཀྲུང་གོའི་ཤེས་དཔལ་གྱི་ཆེས་ཐོག་མའི་རྣམ་པར་ངོས་འཛིན་བྱེད་ཀྱི་ཡོད། སྐབས་འདིར་གནད་དོན་ཞིག་མཆིས་པ་ནི། རྐྱེན་ལམ་དུ་ཤོར་བའི་མི་དེ་ནི་རྒྱ་རིགས་ཞིག་ཡིན་ནམ་ཡང་ན་རྒྱ་རིགས་ཀྱི་གཉེན་ཉེ་ཞིག་ཡིན་ནམ། མེས་པོ་ཚོས་འགུལ་ཤུགས་ཇི་ལྟ་བུ་ཞིག་ལ་བརྟེན་ནས་དཀའ་ཚེགས་ཆེ་ལ་གསོ་རླུང་དཀོན་པའི“འཛམ་གླིང་ཡང་རྩེའི”ཐོག་འཚོ་བ་བསྐྱལ་བ་ཡིན་ནམ།
གནད་དོན་དེར་དྲིས་ལན་མི་འདྲ་བ་མང་པོ་ཡོད།ཀྲུང་གོའི་རྒྱལ་ནང་དུ་ལྟ་བ་འཛིན་ཕྱོགས་གཙོ་བོར་གྱུར་བ་ནི “རྒྱ་བོད་འབྱུང་ཁུངས་གཅིག་མཚུངས”ཞེས་པ་སྟེ། བོད་མི་དང་རྒྱ་མིའི་འབྱུང་ཁུངས་ནི་ཐུན་མོང་གི་མེས་པོ་གཅིག་ལས་མཆེད་པ་ཞིག་ཡིན་པ་དང་། ཉེ་དུས་ལོ་ངོ་སྟོང་ཕྲག་གི་སྐབས་གཞི་ནས་ཁག་སོ་སོར་དབྱེ་བར་འདོད་ཀྱི་ཡོད། རིག་གཞུང་ཞིབ་འཇུག་པ་འགའ་ཤས་ཀྱིས་ལ་ཀྱྰའི་རྗེས་ཤུལ་ནི་ལྟ་བ་འདི་རིགས་ཀྱི་ཁུངས་འཛིན་སར་ངོས་འཛིན་བྱེད་པ་དཔེར་ན། མཚོ་སྔོན་ཞིང་ཆེན་རིག་དངོས་གནའ་རྫས་རྟོག་ཞིབ་སོའོ་ཡི་འགོ་འཛིན་པ་རེན་ཞའོ་ཡྰན་གྱིས། “བོད་མི་དང་རྒྱ་མི་ནི་མ་གཞི་ནས་རིགས་རྒྱུད་གཅིག་པ་ཡིན་ཞིང་ཐུན་མོང་གི་མེས་པོ་ཡོད་པ་དང་ཉེ་དུས་གཞི་ནས་དབྱེ་བ་ཕྱེས་པ་རེད”ཅེས་ངོས་འཛིན་གནང་གི་ཡོད།
རིག་གཞུང་ཞིབ་འཇུག་པ་ཉུང་ཤས་ཤིག་གིས་ལྟ་ཚུལ་མི་འདྲ་བ་འཛིན་གྱི་ཡོད། སི་ཁྲོན་སློབ་ཆེན་གྱི་གནའ་རྫས་རྟོག་ཞིབ་མཁས་ཅན་ལུད་ཧུང་ལེང་གིས། “བོད་མི་ནི་ས་མཐོའི་ཐོག་གནས་སྤོས་བྱས་པའི་མི་རིགས་རྐྱང་པ་ལས་མཆེད་པ་ཞིག་མ་རེད”ཅེས་ངོས་འཛིན་གནང་གི་ཡོད།
ཉེ་ཆར། གནའ་རྫས་རྟོག་ཞིབ་རབ་དང་རིམ་པ་བྱས་ནས་གསར་རྙེད་བྱུང་བ་དེ་དག་གིས་ས་རྒྱ་ཆེ་བའི་ས་མཐོའི་ཐོག་མི་འདྲ་མིན་སྣ་ཚོགས་འཚོ་གནས་བྱ་མྱོང་བ་གསལ་སྟོན་བྱས་ཡོད། དེ་ནི་ཧ་ལམ་དེང་རབས་ཀྱི་མི་ཨེ་ཤ་ཡ་གླིང་ཕྲན་དུ་འབྱོར་བ་དང་ཆབས་ཅིག་སྐྱས་སྤོ་བའི་འབྲོག་པ་གཙང་ཆུའི་སྟོད་རྒྱུད་དུ་སླེབས་པ་དང་འདྲ་པོ་ཡོད། ཁོང་ཚོ་ནི་ཤར་ཕྱོགས་—ཀྲུང་གོའི་རྒྱལ་ནང་ནས་ཡོང་བ་ཞིག་ཡིན་པ་མ་ཟད།དུས་མཚུངས་ནུབ་གླིང་དང་ལྷོ་ཕྱོགས་ཁུལ་ནས་ཡོང་བའི་སྐྱེ་བོ་ཡང་ཡོད་སྲིད། ཅྰ་ཀྲའུ་སློབ་ཆེན་མུའུ་སེ་རྡེ་ཡན་ལག་སློབ་གྲྭའི་གནའ་རྫས་རྟོག་ཞིབ་མཁས་ཅན་MarkAldenderferཡིས་མདོ་དབུས་མཐོ་སྒང་ནི“ཡི་གེ་མ་བྱུང་གོང་གི་དུས་རབས་སུ་བསམ་ཡུལ་ལས་འདས་པའི་འཛམ་གླིང་རང་བཞིན་གྱི་ས་ཆ་ཞིག་ཡིན་པ་དང་ཕྱོགས་བཞི་མཚམས་བརྒྱད་ཀྱི་སྐྱེ་འགྲོ་རྣམས་གནས་འདིར་ཐུག་འཕྲད་ཡོང་གི་ཡོད”ཅེས་གདེང་འཇོག་གནང་ཡོད།
གཞི་རྒྱུ(དབྱིན་ཡིག་ཏུ། Gene)དང་གནའ་རྫས་རྟོག་ཞིབ་ཀྱི་ཞིབ་འཇུག་འབྲས་བུ་ལས་ལ་ཀྱྰའི་རྗེས་ཤུལ་ཁྲོད་ཀྱི་རྐྱེན་ངན་འཕྲད་པའི་མི་དེ་ནི་ཀྲུང་གོའི་གནས་སྤོས་ཡུལ་མི་གསར་པ་ཡིན་པ་དངོས་སུ་ར་སྤྲོད་བྱུང་ཡོད། འོན་ཀྱང་དཔང་རྟགས་གཞན་དག་གིས་དེ་ལས་ཀྱང་རྙོག་འཛིང་ཆེ་ལ་ཕྲ་ཞིང་ཞིབ་པའི་ཕྱོགས་ལ་བསམ་གཞིག་བྱེད་པ་དང་། ལོ་ངོ་སྟོང་ཕྲག་གི་སྔོན་རོལ་དུ་ཨེ་ཤ་ཡ་གླིང་ཕྲན་གྱི་ས་ཕྱོགས་ཁག་གི་སྐྱས་སྤོས་འབྲོག་པ་ཚོས་ཉེན་ཁར་མ་འཛེམས་པར་ས་མཐོའི་ཐོག་བསྐྱོད་ཅིང་། ད་ལྟའི་བོད་མིའི་ལུས་པོའི་ནང་དེ་ལས་བྱུང་བའི་རྒྱུད་པའི་རྗེས་ཤུལ་མངོན་གསལ་དོད་པོ་མཆིས།
ས་མཐོའི་ལྟེ་བའི་ཁུལ་དུ་གྲོང་རོང་གཏིང་རིང་པོ་ཐོན་པ་དེས “གཅིག་བྱས་ན་འགྲོ་བ་མིའི་རིགས་ལ་འཚོ་གནས་བྱ་ཡུལ་ལེགས་པོ་ཞིག་བྱུང”བ་དང་། འཁྱགས་རོམ་དུས་རིམ་ཐེངས་ཐ་མ(Last Glacial Maximum)དང་ཡང་ན་ཉེ་དུས་དང་ཐག་ཉེ་ཤོས་ཡིན་པའི་འཁྱགས་རོམ་གྱི་དུས་རིམ་ཐེངས་གཅིག་སྟེ། ཧ་ལམ་ལོ་ངོ་ཁྲི་1.5—2.6སྔོན་རོལ་གྱི་གྲང་ངད་ཧ་ཅང་ཆེ་བའི་དུས་སྐབས་སུའང་འདི་ལྟར་ཡིན་སྲིད། ཀྲུང་གོ་ཚན་རིག་ཁང་མདོ་དབུས་མཐོ་སྒང་ཞིབ་འཇུག་སོའོ་ཡི་ཞུས་པེ་ཆིང་གིས“རི་དྭགས་བརྔོན་པ་དང་རི་སྐྱེས་སོ་བ།(野生大麦)དེ་བཞིན་ཟས་རིགས་གཞན་དག་གིས་གཞི་ཁྱོན་ཆུང་བའི་མི་འབོར་གྱི་འཚོ་གནས་འགན་ལེན་ཐུབ་ནས་དུས་ཡུན་རིང་པོ་གསོན་ཐུབ”ཅེས་དཔྱད་བརྗོད་བྱས།
མདོ་དབུས་མཐོ་སྒང་གི་ཤར་ལྷོའི་མཚམས་སུ་གནས་པའི་ཡུན་ནན་ཡུས་ཧྲུའེ་ཕིན་རྡོ་ཆས་རྙིང་པའི་སྐབས་ཀྱི་རྗེས་ཤུལ་དེ་ནི་རྒྱ་མཚོའི་ངོས་ལས་མཐོ་ཚད་རྨི་2500ཡི་སར་གནས་ཡོད་པ་དང་། ལན་ཀྲུའུ་སློབ་ཆེན་གནའ་རྫས་རྟོག་ཞིབ་མཁས་ཅན་ཏུང་ཀོང་ཧུད་དང་ལས་རོགས་ཀྱིས་རྗེས་ཤུལ་གནས་ཡུལ་ནས་ཧ་ལམ་བོད་ཀྱི་འགྲོ་བ་མིའི་རིགས་ཀྱི་དཔང་རྟགས་སྔ་ཤོས་འདྲ་པོ་ཞིག་སྔོག་འདོན་བྱས་པ་དེ་ནི་ལོ་ངོ་ཁྲི་2.9—3.7སྔོན་རོལ་གྱི་རྡོ་ཆས་དང་སྲོག་ཆགས་ཀྱི་རུས་པ་ཞིག་རེད། འོན་ཀྱང་ཞིབ་འཇུག་དེས་མདོ་དབུས་མཐོ་སྒང་གི་འགྲོ་བ་མིའི་རིགས་ཆེས་སྔ་ཤོས་དེ་ས་ཕྱོགས་གང་ནས་ཡོང་མིན་ཐད་ལ་གསལ་བཤད་བྱས་མེད།
མདོ་དབུས་མཐོ་སྒང་གི་ནུབ་མཚམས་སུ་གནས་པའི་རྗེས་ཤུལ་གྱི་ས་འོག་ནས་ཐོན་པའི་རྡོ་ཆས་དང་ནེ་པ་ལའི་ས་འོག་ནས་ཐོན་པའི་ལོ་ངོ་ཁྲི་1.8—2.3ལྷག་གི་ལོ་རྒྱུས་ལྡན་པའི་རྡོ་ཆས་དབར་ཕན་ཚུན་འདྲ་བའི་ཆ་ཧ་ཅང་མང་པོ་ཡོད། ཅཱ་ཀྲའུ་སློབ་ཆེན་མུའུ་སེ་རྡེ་ཡན་ལག་སློབ་གྲྭའི་གནའ་རྫས་རྟོག་ཞིབ་མཁས་ཅན་MarkAldenderferཡིས། འདི་ཐོག་ནས “འགྲོ་བ་མི་རིགས་ནི་རི་བོ་ཧི་མ་ལ་ཡའི་ལྷོ་ངོས་ནས་ས་མཐོར་བསྐྱོད་པ་ཞིག་ཡིན་སྲིད་པ”དང་།བོད་མི་ཆེས་སྔ་ཤོས་ནི་ནུབ་གླིང་ནས་ཡིན་ཡང་སྲིད་ཅེས་གསལ་སྟོན་བྱས།
མདོ་དབུས་མཐོ་སྒང་གི་ནུབ་རྒྱུད་ནས་སྔོག་འདོན་བྱས་པའི་རྡོ་ཆས་ཁྲོད་ནས་འགའ་ཤས་ནི་ད་བར་ལོ་ངོ་ཁྲི་1.8ཀྱི་ལོ་རྒྱུས་ལྡན་པ་དང་།དེ་ནི་སི་སྦོ་ལི་ཡྰ(Siberia)ལྷོ་ཕྱོགས་ཀྱི་ཨའར་ཐེ་རི་རྒྱུད་ས་ཁུལ་གྱི་ས་འོག་ནས་ཐོན་པའི་རྡོ་ཆས་དང་འདྲ་པོ་ཡོད། ཨའར་ཐེའི་མི་ཡང་གཅིག་བྱས་ན་གཞི་རྒྱུ་ཐོལ་འགྱུར(基因突变)གྱི་འབྱུང་ཁུངས་ཀྱང་ཡིན་སྲིད་པ་དང་། དེ་ནི་འགྲོ་བ་མིའི་རིགས་ས་བབ་མཐོ་བའི་ས་ཁུལ་དུ་འཚོ་གནས་བྱེད་པར་གལ་འགངས་ཧ་ཅང་ཆེ།
2014ལོའི《རང་བྱུང》དུས་དེབ་ཐོག་ཧྲེན་ཀྲེང་ཧྭ་ཏྰ་གཞི་རྒྱུ་ཞིབ་འཇུག་གླིང་གི་ལག་བསྟར་འགོ་འཛིན་པ་ཝང་ཅུན་དང་།ཅྰ་ཀྲའུ་སློབ་ཆེན་སྦོ་ཁེ་ལི་ཡན་ལག་སློབ་གྲྭའི་མི་འབོར་རྒྱུད་འཛིན་རིག་པ་མཁས་ཅན་Rasmus Nielsenཡིས་སྣེ་འཁྲིད་པའི་ཚོགས་པས་མཉམ་ལས་ཞིབ་འཇུག་གི་བྱས་འབྲས་ལས། མིའི་ལུས་པོའི་ཟུངས་ཁྲག་དོ་སྙོམས་བྱེད་པའི་ཁྲག་དམར་སྤྲི་དཀར་འདྲེས་གྲུབ་ལས་བྱུང་བའི་གཞི་རྒྱུ་གཞན་འགྱུར་EPAS1གི་འབྱུང་ཁུངས་ནི་ཐན་ཉི་སོ་ཝ་མི(丹尼索瓦人)ཡིན་སྲིད།(EPAS1གི་ཚད་ལྡན་གཞི་རྒྱུ་ལྡན་པའི་སྐྱེ་བོ་ཞིག་ས་མཐོའི་ཁུལ་དུ་བསྐྱོད་རྗེས། ཟུངས་ཁྲག་ནང་ཁྲག་རིལ་དམར་པོ་ལྡན་ཚད་མང་བའི་རྐྱེན་གྱིས་ཁྲག་གར་པོ་ཆགས་ནས་ཁྲག་ཤེད་མཐོ་པོའི་ནད་དང་སྙིང་ནད་ཕོག་གི་ཡོད། EPAS1གི་གཞི་རྒྱུ་གཞན་འགྱུར་བྱུང་བའི་སྐྱེ་བོ་ཞིག་ཡིན་ཚེ། ཟུངས་ཁྲག་ནང་གི་ཁྲག་རིལ་དམར་པོ་ཅུང་ཟད་མཐོ་རུ་འགྲོ་བ་ལས། ཀླད་སྙིང་ཁྲག་རྩའི་ཐད་ཀྱི་གནད་དོན་ཐོན་མི་སྲིད)གཞི་རྒྱུ་གཞན་འགྱུར(变异基因)དེ་ནི་ཐན་ཉི་སོ་ཝ་མི་ཡི་ལུས་པོ་ཁོ་ནའི་ནང་ཡོད་པ་དང་། ཐན་ཉི་སོ་ཝ་མིའི་འགྱུར་རྡོ་ནི་ཨའར་ཐེ་རི་རྒྱུད་ས་ཁུལ་ནས་གསར་རྙེད་ཐུབ་པ་རེད།
རྩོམ་པ་པོས་ཁུངས་དེར་བཅོལ་ནས་རིགས་འདེད་བྱས་ན། ལོ་ངོ་ཁྲི་2—5ཡི་སྔོན་རོལ་དུ།ད་ལྟའི་སྐྱེ་བོ་རིག་སྟོབས་ཅན་གྱིས་མདོ་དབུས་མཐོ་སྒང་གི་མཐའ་འཁོར་དུ་ཐན་ཉི་སོ་ཝ་མི་དང་ཁྲག་རྒྱུད་འདྲེས་མྱོང་བ་དང་། དེའི་ཕྱི་རབས་པ་ཚོར་ད་ལྟའི་ཚུན་དུའང་ཐན་ཉི་སོ་ཝ་མི་ཡི་གཞི་རྒྱུའི་ཚན་པ(基因组)1%སྔར་བཞིན་གནས་ཡོད་པ་དང་། སྐྱེ་བོ་རིག་སྟོབས་ཅན་དེས་གཅིག་བྱས་ན་གཞི་རྒྱུ་དེ་འཁྱེར་ནས་བོད་དུ་འབྱོར་བ་དང་།ཡང་གཅིག་བྱས་ན་ཨེ་ཤ་ཡ་གླིང་ཕྲན་དུ་རིགས་རྒྱུད་སྤེལ་རྗེས་མདོ་དབུས་མཐོ་སྒང་དུ་འབྱོར་བ་ཞིག་ཀྱང་ཡིན་སྲིད།
ཡུན་ནན་རྗེས་ཤུལ་ནས་ཐོན་པའི་རྡོ་ཆས་དང་སྲོག་ཆགས་ཀྱི་འགྱུར་རྡོ་ལས་རིགས་འདེད་བྱེད་ཐུབ་པ་ནི།བོད་མི་ཆེས་སྔ་ཤོས་ནི་རྔོན་པ་དང་། འབྲི་གཡག་དང་སྲོག་ཆགས་གཞན་དག་འདུལ་མཁན་དག་ཡིན། སྐྱེ་འགྲོ་འགའ་ཤས་ནི་དགུན་དུས་སྐབས་ས་བབ་དམའ་བའི་ས་ཁུལ་དུ་གནས་སྤོ་བྱེད་མཁན་ཡིན་སྲིད་པ་དང་སྐྱེ་འགྲོ་འགའ་ཤས་ནི་ལོ་ཁོར་མོ་ཡུག་གཏན་སྡོད་བྱེད་མཁན་ཡང་ཡིན་སྲིད། གལ་སྲིད་བོད་མི་ཆེས་སྔ་ཤོས་རྣམས་ས་མཐོའི་ལྟེ་བའི་ས་ཁུལ་དུ་འཚོ་སྡོད་བྱེ་ཀྱི་ཡོད་ཚེ།“ཁོང་ཚོ་ས་མཐོ་དང་ས་བབ་དམའ་བའི་ཁུལ་དབར་དུས་ཚིགས་རང་བཞིན་གྱི་གནས་སྤོ་བྱེད་མི་སྲིད”ཅེས་སློབ་དཔོན་ཆེན་མོ་Mark Aldenderferཡིས་རིགས་འདེད་དེ་ལྟར་བྱས། མཚོ་སྔོན་དགེ་འོས་སློབ་ཆེན་གྱི་གནའ་རྫས་རྟོག་ཞིབ་མཁས་ཅན་ཧའོ་ཀོང་ལེང་གིས། ཡི་གེ་མ་བྱུང་གོང་གི་དུས་སྐབས་ཀྱི་བོད་མིས “བོད་ཀྱི་དཀྱིལ་རྒྱུད་དང་ནུབ་རྒྱུད་ཀྱི་ཆུ་ཚན་ཐོན་ཁུལ་དུ་འགེབས་སྲུང་ཁུལ་བཙལ་འཚོལ”བྱས་ན་འགྲིག་པ་མ་ཟད། ཁོང་ཚོས་མེ་དོང་ལ་བརྟེན་ནས་དྲོད་ཁུག་ཐབས་བྱས་ཀྱང་ཆོག་ཅེས་ཚོད་དཔག་བྱས། ཧའོ་ཀོང་ལེང་དང་ལས་རོགས་ཀྱིས་མཚོ་སྔོན་པོའི་ཅང་ཞི་གྲོག་རོང་རྗེས་ཤུལ(青海湖江西沟遗址)ནས་ཆེས་སྔ་ཤོས་ཀྱི་མེ་དོང་ཞིག་གསར་རྙེད་ཐུབ་པ་དང་ད་ལྟའི་བར་ལོ་ངོ་ཁྲི་1.3གྱི་ལོ་རྒྱུས་ལྡན།
ལྷ་སའི་ཆུ་བཟང་ཁུལ་ནས་ཉེ་དུས་གསར་རྙེད་བྱུང་བའི་རྗེས་ཤུལ(རྒྱ་མཚོའི་ངོས་ལས་ས་བབ་མཐོ་ཚད་རྨི་4200ཡོད)ལས། ཉུང་ཤོས་ལའང་ལོ་ངོ་6000—9000གི་སྔོན་རོལ་ནས་འགྲོ་བ་མི་གནས་དེར་ལོ་ཁོར་མོ་ཡུག་གནས་སྡོད་བྱེད་ཀྱི་ཡོད་པ་གསལ་སྟོན་བྱས། དེ་ལྟར་མིན་ཚེ། ཆུ་བཟང་ཁུལ་གྱི་སྡོད་མི་རྣམས་ངེས་པར་དུ་སྤྱི་ལེ་700ཡི་ལམ་ཐག་བརྒྱུད་རྗེས་གཞི་ནས་ས་མཐོ་ནས་མར་འབབ་ཐུབ་ཀྱི་ཡོད། ལམ་ཐག་རིང་པོ་འདི་འདྲ་ཡོད་པའི་དུས་ཚིགས་རང་བཞིན་གྱི་གནས་སྤོ་བྱེད་པ་ནི་སྐབས་དེ་དུས་རྔོན་པ་ཚོའི་ངོས་ནས་བརྗོད་ན་སྒྲུབ་ཐབས་བྲལ་བ་ཞིག་རེད། རྗེས་ཤུལ་དེ་དག་ལས་ཞིང་ལས་མ་དར་བའི་སྔོན་རོལ་དུ། མིའི་རིགས་ས་མཐོའི་སྟེང་གནས་སྡོད་བྱས་ཟིན་པ་དང་། གཞི་རྒྱུ་དང་རིག་གནས་བཅས་གང་ཅིའི་ཐད་ནས་ས་བབ་མཐོ་ཞིང་གསོ་རླུང་དཀོན་པའི་ས་ཁུལ་དུ་འཚོ་གནས་བྱེད་པར་གོམས་གཤིས་ཆགས་ཟིན་པ་མཚོན་ཐུབ།
དུས་ཀྱི་འགྱུར་བ་དང་བསྟུན་ནས་རི་དྭགས་རྔོན་པའི་འཚོ་བའི་ཐབས་ལམ་དེ་རིམ་བཞིན་སྐྱས་སྤོ་དང་ར་ལུག་འཚོ་བ།འབྲི་གཡག་འདུལ་བ་བཅས་ལ་འགྱུར་ལྡོག་ཕྱིན།འཇར་མན་མྰར་སྦའོ་སློབ་ཆེན་གྱི་སྣོད་བཅུད་རིག་པ་མཁས་ཅན་Georg Mieheསོགས་ཀྱིས་2014ལོར《དུས་མཚམས་བཞི་པའི་ཚན་རིག་དཔྱད་གཏམ》(Quaternary Science Reviews)ཐོག་སྤེལ་བའི་ཞིབ་འཇུག་ནང་། སྐྱས་སྤོས་འབྲོག་ལས་གོང་འཕེལ་འགྲོ་བའི་སྟབས་ཀྱིས་ལོ་ངོ8000སྔོན་དུ་བོད་ཀྱི་སྔོ་ཁེབས་ལ་འགྱུར་ལྡོག་འགྲོ་འགོ་ཚུགས་ཡོད་ཚུལ་བཏོན་ཡོད། ཁོང་ཚོས་མཚེའུ་ཡི་གཏིང་དུ་གནས་པའི་མེ་ཏོག་གི་རྡུལ་བེད་སྤྱད་ནས། དེ་དཔང་རྟགས་སུ་བྱས་ཏེ་བོད་ཀྱི་འབྲོག་རྩྭའི་རིགས་གཙོ་བོ་ནི་ལོ་ངོ་8000གོང་ནས་ཐོན་ཟིན་པ་གསལ་བཤད་བྱས། ཁོང་ཚོས་ད་དུང་གནའ་བོའི་ས་རྒྱུའི་ངོས་ཀྱི་སོལ་བ་དང་ནགས་ཚལ་ཁྲོད་ཀྱི་མེ་ཏོག་གི་རྡུལ་བལྟོས་བཅས་ཀྱིས་མང་ཉུང་འགྲོ་ཚུལ་དག་ཟིན་ཐོར་བཀོད་ནས། སྔ་རབས་བོད་མིས་ནགས་ཚལ་མེར་བསྲེགས་ཏེ་དེ་དག་འབྲོག་རར་གྱུར་བའི་སྐོར་རིགས་པས་ཁུངས་སྐྱེལ་བྱས་ཡོད།
མིའི་རིགས་གཞིས་ཆགས་ཡུལ་སྔར་བས་རྒྱ་ཆེ་བ་ཞིག་ཡོང་དགོས་ན་ངེས་པར་དུ་ཟས་རིགས་ཀྱི་དགོས་མཁོ་ཤུགས་ཆེ་རུ་འགྲོ་རྒྱུ་ནི་གདོན་མི་ཟ་བ་དང་།གྲང་ངར་ཆེ་ལ་སྐམ་ཤས་ཆེ་བའི་ས་མཐོའི་ཐོག་འདི་ནི་དཀའ་ཚེགས་ཆེ་བའི་གནད་དོན་ཞིག་རེད། གོ་ལ་ཧྲིལ་པོ་གྲང་ངད་ཆེ་རུ་འགྲོ་བའི(global cooling)རེས་འཁོར་གཅིག་དེས་ཁོར་ཡུག་ལ་འཕྲོད་ཐུབ་པའི་འགག་རྩའི་འགྱུར་ལྡོག་ལ་སྐུལ་འདེད་བཏང་བ་ཞིག་ཀྱང་ཡིན་སྲིད།
དེང་གི་ཆར། བོད་ཀྱི་ས་བབ་མཐོ་བའི་གྲོག་རོང་ཁུལ་དུ་ནས་ཞིང་གིས་ཁེངས་ཡོད། འོན་ཀྱང་ཆེས་སྔ་ཤོས་ཀྱི་མེས་པོ་ཚོས་ལོ་ཏོག་གཞན་ཞིག་བཏབ་ཀྱི་ཡོད་པ་དེ་ནི་ཁྲེ་རེད། མིག་སྔར་རྟོགས་པའི་བོད་ཀྱི་མིའི་རིགས་ཆེས་སྔ་ཤོས་གནས་སྡོད་བྱ་ཡུལ་ནི་ཆབ་མདོ་ས་ཁུལ་ཆབ་མདོ་རྫོང་ཁ་རུབ་གྲོང་ཚོ་ཡིན་པ་དང་རྒྱ་མཚོའི་ངོས་ལས་ས་བབ་མཐོ་ཚད་ལ་རྨི་3100ཡོད། སི་ཁྲོན་སློབ་ཆེན་གནའ་རྫས་རྟོག་ཞིབ་མཁས་ཅན་ལུད་ཧུང་ལེང་སོགས་ཀྱིས་ཁ་རུབ་རྗེས་ཤུལ་ནས་ད་བར་ལོ་ངོ་3050ཡི་ལོ་རྒྱུས་ལྡན་པའི་ཁྲེ་གསར་རྙེད་བྱུང་།
ཁ་རུབ་ནི་རྫ་ཆུའི་སྟོད་རྒྱུད་དུ་གནས་པས་སོ་ནམ་བྱེད་པར་འཚམས་པ་དང་ས་ཆ་དེ་ནི“ས་མཐོའི་ཐོག་གི་དྲོ་སྐྱིད་བརླན་བཤེར་ཆེ་བའི་ས་ཆའི”ཁོངས་སུ་གཏོགས། འོན་ཀྱང་གྲང་ངད་དང་སྐམ་ཤས་ཆེ་བའི་ས་མཐོའི་བྱང་ཕྱོགས་སུ་འཚོ་གནས་བྱ་དགོས་ཚེ་ལོ་ཏོག་རིགས་མི་འདྲ་བ་གཞན་དག་འདེབས་དགོས་ཀྱི་ཡོད། འདི་ལོ་ཟླ་བ་1པོའི《ཚན་རིག》དུས་དེབ་སྟེང་ལན་གྲུའུ་སློབ་ཆེན་གྱི་ཏུང་ཀོང་ཧུད་དང་ཀྲང་ཏུང་ཅུད། གནམ་གཤིས་ཚན་རིག་རིག་པ་མཁས་ཅན་གྲེན་ཧྥ་ཧུའུ་སོགས་ཀྱིས་ཞིབ་འཇུག་བྱས་འབྲས་སྤེལ་བ་དང་། ཁོང་ཚོས་འཕྲོ་ནུས་ལྡན་པའི་རྫས་འགྱུར་ཐྰན་གྱིས་ལོ་རབས་ཚད་འཇལ་དང་གཏན་ཁེལ་བྱེད་པའི་ཐབས་ལམ་སྤྱད་ནས་མདོ་དབུས་མཐོ་སྒང་གི་བྱང་ཤར་ཁུལ་གྱི་རྗེས་ཤུལ་53གྱི་འབྲུ་རིགས་འཚིག་རོ་དེ་དག་ལ་ཚད་ལེན་ཞིབ་རྩིས་བྱེད་སྐབས། ལོ་ངོ་1600ཡི་གོང་ནས་རྒྱ་མཚོའི་ངོས་ལས་ས་བབ་མཐོ་ཚད་རྨི་2500མན་ལ་འཚོ་གནས་བྱེད་པའི་བོད་རིགས་ཀྱིས་བཏབ་པའི་ལོ་ཏོག་ཚང་མ་ནི་ཁྲེ་ཡིན་པ་ཤེས་རྟོགས་བྱུང་། དེའི་རྗེས་ཀྱི་གཏན་སྡོད་བྱེད་མཁན་ཚོ་གཞི་ནས་ས་མཐོའི་ས་བབ་དེ་བས་མཐོ་བའི་ཁུལ་དུ་གནས་སྤོས་བྱས་པ་དང་གཙོ་བོ་ནི་ནས་དང་དེ་བཞིན་གྲོ་ཉུང་ཤས་བཏབ་ཀྱི་ཡོད།
“འདི་ནི་ཏག་ཏག་ཐད་ཀའི་ཚོར་སྣང་དང་ཐ་དད་རེད”ཅེས་ཏུང་ཀོང་ཧུད་ཀྱིས་གསལ་འགྲེལ་བྱས་པ་དང་།“ནས་དང་གྲོ་ནི་ཁྲེ་དང་བསྡུར་ན་འབྲས་བུ་སྨིན་པའི་དུས་ཡུན་འགོར་བས།ལོ་ཏོག་སྐྱེས་འཚར་གྱི་དུས་ཚིགས་ཅུང་ཐུང་བའི་ས་མཐོའི་ཁུལ་གྱི་ངོས་ནས་བརྗོད་ན་དེ་ནི་གདམ་ག་ལེགས་པོ་ཞིག་མ་རེད”ཅེས་བརྗོད། འོན་ཀྱང་ནས་དང་གྲོ་ནི་ཁྲེ་དང་བསྡུར་ན་སད་འགོག་གི་ནུས་པ་ཤུགས་ཆེ་བས།ལོ་ངོ་2550ཡི་གོང་ནས་འགོ་ཚུགས་པའི་འཁྱགས་རོམ་གྱི་དུས་རིམ་དེ་ལོ་ངོ་ཆིག་སྟོང་བར་གནས་པའི་དུས་ཡུན་རིང་།སོ་ནམ་པས་ལོ་ཏོག་རིགས་གསར་པ་འདེབས་གསོ་མ་བྱེད་ཀ་མེད་དུ་གྱུར། ནས་དང་གྲོར་བརྟེན་ནས་བོད་རིགས་ཀྱིས་ས་བབ་དེ་བས་མཐོ་བའི་ས་ཁུལ་དབང་དུ་བསྒྱུར་ཐབས་བྱས། “གྲོ་དང་ནས་ཀྱིས་མེས་པོ་རྣམས་འཁྱགས་རོམ་གྱི་དུས་རིམ་དེའི་ནང་འཚོ་གནས་ཐུབ་པར་མཐུན་རྐྱེན་བསྐྲུན་པ་རེད”ཅེས་གྲེན་ཧྥ་ཧུའུ་ཡིས་གསལ་འགྲེལ་བྱས་པ་དང་། “མ་ཟད་ད་དུང་ཁོང་ཚོའི་རྐང་རྗེས་ས་མཐོའི་ལྟེ་བར་སྤོ་ཐུབ་པར་སྐུལ་འདེད་བྱས་པ་རེད”ཅེས་བརྗོད།
སྲོལ་རྒྱུན་གྱི་ལྟ་བའི་ཁྲོད་མིའི་རིགས་ནི་དྲོ་སྐྱིད་ལྡན་པའི་དུས་རིམ་སྐབས་ས་མཐོའི་ཐོག་གཞི་ཁྱོན་ཆེ་བའི་གནས་སྤོ་བྱས་པ་དང་། སྐབས་དེ་དུས་སྔོ་ལྗང་ཁེབས་ཚད་ཧ་ཅང་སྟུག་པའི་རྐྱེན་གྱིས་ཡིན་པ་རེད། འོན་ཀྱང་ལྟ་བ་གསར་པ་ཞིག་རིམ་གྱིས་ཐོན་ཡོང་བ་སྟེ། “མིའི་རིགས་ཀྱིས་ས་མཐོ་དབང་དུ་བསྒྱུར་བ་ཞེས་པ་སྟེ་ཡུན་རིང་གཏན་སྡོད་ཁུལ་བསྐྲུན་པ་དེ་ནི་གཅིག་བྱས་ན་དུས་རིམ་ཕྱི་པོའི་སྐབས་ཐོན་པ་ཞིག་ཡིན་སྲིད”ཅེས་ཅྰ་ཀྲའུ་སློབ་ཆེན་ལའོ་ཧྲན་ཅི་ཡན་ལག་སློབ་གྲྭའི་P.Jeffrey Brantinghamཡིས་ཚོད་རྩིས་བྱས།
གཉིས་པ། ཡང་སྙིང་བོད་མི་སྔ་ཤོས་སུ་ཞིག་ཡིན་ནམ།
བོད་འདིར་སྤྱི་ལོའི་དུས་རབས་7པ་ཆོས་རྒྱལ་སྲོང་བཙན་སྒམ་པོའི་སྐབས་གཞི་ནས་ལོ་རྒྱུས་ཐོ་རུ་བཀོད་ཡོད་པ་དང་། བོད་ཀྱི་ལྷ་སྒྲུང་དང་ཤོད་རྒྱུན་ཁྲོད། བོད་མི་ནི་ཕ་སྤྲེལ་རྒན་བྱང་ཆུབ་སེམས་པ་དང་མ་བྲག་སྲིན་མོ་གཉིས་བོད་ལྗོངས་ལྷོ་ཁ་ཡར་ཀླུང་རྒྱུད་དུ་གཉེན་སྒྲིག་ནས་མི་རྒྱུད་འཕེལ་བ་ཞིག་ཡིན།
བོད་མི་དང་ཨེ་ཤ་ཡ་གླིང་ཕྲན་གཞན་གྱི་མི་འབོར་དབར་ཁྱད་པར་མངོན་གསལ་དོད་པོ་འདི་འདྲ་བྱུང་དོན་ནི་བོད་མི་རྣམས་གསོ་རླུང་དཀོན་ལ་ས་བབ་མཐོ་བའི་ཁུལ་གྱི་འཚོ་བར་འཕྲོད་ཐུབ་པ་བྱུང་ནས་ས་མཐོར་མི་འཕྲོད་པའི་སྣང་ཚུལ་མེད་པས་རེད། བོད་མི་རྣམས་སྤྱིའི་ཆ་ནས་རྒྱ་མཚོའི་ངོས་ལས་ས་བབ་མཐོ་ཚད་རྨི་3500ཡན་གྱི་ས་ཁུལ་དུ་འཚོ་གནས་བྱེད་པ་དང་། མཁའ་དབུགས་ཁྲོད་གསོ་རླུང་ལྡན་ཚད་དེ་རྒྱ་མཚོའི་ངོས་ལས་40%དམའ་བ་ཡོད་པས། ལུས་པོའི་ལྗིད་ཚད་དམའ་བའི་ཕྲུ་གུ་དམར་འབྱར་སྐྱེ་ཚད་དང་ཕྲུ་གུ་དམར་འབྱར་ཤི་ཚད་དེ་ས་ཁུལ་གཞན་དག་དང་བསྡུར་ན་ལྡབ་འགའ་ཤས་ཀྱིས་མང་བ་ཡོད།
རྒྱུད་འཛིན་རིག་པ་མཁས་ཅན་གྱིས་གཞི་རྒྱུའི་གོ་རིམ་ཚད་ལེན་ཐབས་ཤེས་སྤྱད་ནས་དོགས་གཞི་དེ་སེལ་འགོ་ཚུགས། ཧྲེན་ཀྲེང་ཧྭ་ཏྰ་གཞི་རྒྱུ་ཞིབ་འཇུག་གླིང་གི་ལག་བསྟར་འགོ་འཛིན་པ་ཝང་ཅུན་གྱིས་བོད་རིགས་50དང་རྒྱ་རིགས་40ལ་གཞི་རྒྱུའི་གོ་རིམ་ཚད་ལེན་བྱས་ནས་གཞི་རྒྱུ་92%ལ་ཚད་ལེན་ཚོད་ལྟ་བྱས་པའི་འབྲས་བུ་ལས་གསལ་བར། མ་མཐར་ལའང་གཞི་རྒྱུ་30ཡོད་པ་དེ་དག་གཞན་འགྱུར་གྱི་སྣང་ཚུལ་བོད་རིགས་ཀྱི་ཁྲོད་ཐོན་མང་བ་དང་རྒྱ་རིགས་ཀྱི་ཁྲོད་ཐོན་དཀོན། དཔེར་ན་གོང་དུ་བརྗོད་པའི་མིའི་ལུས་པོའི་ཟུངས་ཁྲག་དོ་སྙོམས་བྱེད་པའི་ཁྲག་དམར་སྤྲི་དཀར་འདྲེས་གྲུབ་ལས་བྱུང་བའི་EPAS1ཞེས་པ་དེ་བོད་རིགས་ཁྲོད་གཞི་རྒྱུ་གཞན་འགྱུར་EPAS1ལྡན་མཁན་80%ཡན་ཟིན་པ་དང་། རྒྱ་རིགས་ཀྱི་ཁྲོད་གཞི་རྒྱུ་དེ་ལྡན་མཁན་9%ལས་ཟིན་གྱི་མེད། དཔྱད་འབྲས་དེར་འགྲེལ་པ་བྱེད་ཆེད། ཅྰ་ཀྲའུ་སློབ་ཆེན་སྦོ་ཁེ་ལི་ཡན་ལག་སློབ་གྲྭའི་མི་འབོར་རྒྱུད་འཛིན་རིག་པ་མཁས་ཅན་Rasmus Nielsenཡིས་མི་འབོར་གྱི་གཞི་ཁྱོན་དང་ཁ་གྱེས་པའི་དུས་ཚོད། གཞི་རྒྱུ་འགུལ་སྐྱོད་བྱེད་པའི་ཚད་གཞི་མི་འདྲ་བ་སོགས་དཔེར་བཞག་ནས། མི་འབོར་མི་འདྲ་བའི་ལོ་རྒྱུས་ཀྱི་འཕེལ་རྒྱས་ལ་རྣམ་པ་འདྲ་མིན་གྱི་ཚད་ལེན་བྱས་ཏེ་2750ལོའི་ཁ་གྱེས་པའི་དུས་ཚོད་དེས་གཞི་རྒྱུ་གཞན་འགྱུར་འདི་རིགས་ཐོན་ཐུབ་རྒྱུ་ཡིན་པར་ངོས་འཛིན་བྱས།
ཁོང་ཚོའི་མཇུག་བསྡོམས་དེར་རྩོད་གླེང་ཧ་ཅང་ཆེན་པོ་ཡོད། ལུད་ཧུང་ལེང་གིས། དེ་དང་མིག་སྔའི་བོད་དང་འབྲེལ་ཡོད་སྐོར་གྱི་ངོས་འཛིན་མང་པོའི་དབར་ཕན་ཚུན་འགལ་བ་ཆགས་ཡོད།དཔེར་ན་ཁ་རུབ་རྗེས་ཤུལ་དེ་ཉུང་ཤོས་ལའང་ལོ་ངོ་2000ལྷག་ཙམ་གྱིས་སྔ་བ་ཡོད་ཅེས་བཏོན་པ་རེད།མི་འགའ་ཤས་ཤིག་གིས་ཞིབ་འཇུག་བྱ་ཐབས་ཐད་དོགས་པ་བྱེད་ཀྱི་ཡོད། ཧྥུའུ་ཏན་སློབ་ཆེན་མི་འབོར་རྒྱུད་འཛིན་རིག་པ་མཁས་ཅན་ཅིན་ལི་ཡིས། མ་དཔེའི་ཚད་གཞི་དང་མི་འབོར་ཁྱབ་ཚད་ཉུང་དྲགས་པས་བོད་ཀྱི་མི་འབོར་གྱི་ལོ་རྒྱུས་རྙོག་འཛིང་ཡོད་རིགས་དག་གསལ་སྟོན་བྱ་མི་ཐུབ་པར་འདོད་ཀྱི་ཡོད། སྐད་བརྡ་རིག་པ་མཁས་ཅན་གྱིས་བོད་རིགས་དང་རྒྱ་རིགས་ལ་ཐུན་མོང་གི་ཆ་ཡོད་མོད།འོན་ཀྱང་དེ་ནི་དུས་ཡུན་ཧ་ཅང་རིང་པོའི་འབྱུང་རྩ་ཞིག་ཡིན་པར་འདོད་ཀྱི་ཡོད། 1998ལོར། ཤང་ཀང་གྲོང་ཁྱེར་སློབ་ཆེན་སྐད་བརྡ་རིག་པ་མཁས་ཅན་ཝང་ཧྲེ་ཡོན་གྱིས་སྒྲ་གདངས་དང་ཡུལ་སྐད། སྐད་བརྡའི་གོ་རིམ་གྱི་ཁྱད་ཆོས་གཤིབ་བསྡུར་གྱི་ཐོག་ནས། ཁྱིམ་ཚང་ལྗོན་ཤིང་གི་དབྱིབས་རིས་བློས་བསླངས་བྱས་ཏེ། རྒྱ་བོད་ཁག་སོ་སོར་གྱེས་པའི་དུས་ཚོད་ནི་ལོ་ངོ་6000གི་གོང་རོལ་དུ་ཡིན་པར་གཏན་ཁེལ་བྱས། ཕའོ་ཨན་སློབ་ཆེན་གྱི་ཧི་མ་ལ་ཡའི་སྐད་བརྡ་རིག་པ་མཁས་ཅན་George van Driemཡིས་གོང་དང་འདྲ་བར་ཁག་སོ་སོར་གྱེས་པའི་དུས་ཚོད་ཅིག་བཏོན་ཡོད། སྐད་བརྡའི་འགྱུར་ལྡོག་ལ་ཞིབ་འཇུག་བྱས་པ་བརྒྱུད། ཁོང་གིས་ཧ་ལམ་ལོ་ངོ་7000གི་གོང་རོལ་དུ་མདོ་དབུས་མཐོ་སྒང་གི་ཤར་རྒྱུད་དང་སི་ཁྲོན་གྱི་ནུབ་རྒྱུད་ལ་བོད་སྐད་ཤོད་མཁན་གྱི་འགྲོ་བ་མི་ཨང་དང་པོ་ཐོན་ཚུལ་རིགས་སྒྲུབ་གནང་།
ཀྲུང་གོ་ཚན་རིག་གླིང་ཁུན་མིང་སྲོག་ཆགས་ཞིབ་འཇུག་སོའོ་ཡི་སུའུ་པིན་གྱིས་རྙོག་འཛིང་སྔར་བས་ཆེ་བ་དང་དུས་ཚོད་ཧ་ཅང་སྔ་བའི་བོད་མིའི་འབྱུང་ཁུངས་སྐོར་ཞིག་བཏོན་པ་དང་། སུའུ་པིང་དང་ཁོང་གི་ཚོགས་པས་2011— 2013ལོའི་རིང《ཆ་རྡུལ་སྐྱེ་དངོས་རིག་པ་དང་འཕེལ་འགྱུར》(Molecular Biology and Evolution)ཞེས་པའི་ཐོག་རྩོམ་ཡིག་རབ་དང་རིམ་པ་སྤེལ་ནས། ཁོང་ཚོས་མདོ་དབུས་མཐོ་སྒང་གི་གྲོང་ཚོ་41ཡི་བོད་མི་6109ལ་DNAཡི་གོ་རིམ་ཚད་ལེན་བྱས་པའི་དཔྱད་འབྲས་སྙན་ཞུ་ཕུལ་བ་དང་། ཁོང་ཚོས་བོད་མིར་དམིགས་བསལ་གྱི་Yཚོས་ལེན་རྫས་ཕྲ(Y染色体)དང་སྐུད་རྡོག་གཟུགས་ཀྱི་DNAགོ་རིམ(线粒体DNA序列)གསར་རྙེད་བྱུང་བ་དང་དེ་ཨེ་ཤ་ཡ་གླིང་ཕྲན་གྱི་མི་འབོར་གཞན་དག་ལ་མེད་པ་དང་ཡང་ན་མཐོང་དཀོན་པ་ཞིག་རེད། རྟོགས་ཟིན་པའི་གཞན་འགྱུར་བྱེད་ཚད་ལ་གཞིགས་ན། སུའུ་པིང་གིས་རིགས་འདེད་བྱས་པའི་གོ་རིམ་འདི་དག་ནི་ཧ་ལམ་ལོ་ངོ་ཁྲི་2—3གྱི་སྔོན་རོལ་དུ་ས་མཐོའི་ཐོག་གཏན་སྡོད་བྱས་པའི་སྐྱས་སྤོས་འབྲོག་པའི་ལུས་པོའི་ནང་འགྱུར་བ་འགྲོ་འགོ་ཚུགས་པ་ཞིག་རེད།
གོ་རིམ་གྱི་ཁྱད་པར་དེས་ད་དུང་སྔོན་མའི་མི་འབོར་འཕར་སྣོན་འགྲོ་བའི་ཚད་བཀག་དང་རྒྱ་བསྐྱེད་སྐོར་ཚོད་རྩིས་བྱེད་ཐུབ། DNAཡི་གྲངས་གཞི་ལ་གཞིགས་ན། སུའུ་པིང་གི་ཚོགས་པས་བོད་རིགས་ཀྱི་མི་འབོར་ནི་ལོ་ངོ7000 —10000གི་གོང་དུ་འཕར་སྣོན་ལྡབ་4ཕྱིན་པ་རྟོགས་ཐུབ་པ་དང་། རྒྱ་བོད་དབར་གཉེན་ཉེའི་འབྲེལ་བ་དམ་ཟབ་ཡོད་པའི་འདོད་ཚུལ་ཁྲོད་ནས་ཆ་ཤས་ཁ་ཅིག་ཡང་དག་ཡིན་པར་ངོས་འཛིན་བྱེད་པ་དང་། གྲངས་གཞི་ལས་གསལ་བར།བོད་དུ་མི་འབོར་གནས་སྤོས་ཐེངས་གཉིས་པ་བྱེད་མཁན་ནི་ཧ་ལམ་རྒྱ་རིགས་ཡིན་སྲིད་པ་དང་། རྒྱ་རིགས་གནས་སྤོས་ཡུལ་མི་འདི་དག་དང་སྔ་དུས་ནས་གཞིས་ཆགས་པའི་ཡུལ་མིའི་དབར་འབྲེལ་བ་བྱུང་ནས་ད་ལྟའི་བོད་མི་ཆགས་པ་རེད།
ད་ཡོད་ཀྱི་གཞི་རྒྱུའི་གྲངས་གཞིས་དོགས་གཞི་དེ་དག་ཡོངས་སུ་སེལ་ཐབས་བྲལ་བས།ད་དུང་ས་མཐོའི་ལྟེ་བ་ནས་ཐོན་པའི་གནའ་རྫས་རྟོག་ཞིབ་ཀྱི་དཔང་རྟགས་དེ་བས་མང་བ་དང་གཞི་རྒྱུའི་ཞིབ་འཇུག་དང་གནའ་རབས་ཀྱི་DNAཡི་ཁུངས་སྣེའི་གཞི་ཁྱོན་དེ་བས་ཆེ་བར་བརྟེན་དགོས་ཀྱི་ཡོད།
གང་ལྟར་འབྱུང་ཁུངས་ཇི་འདྲ་ཡིན་ནའང་འདྲ། བོད་མི་ནི་དུས་ནམ་ཡང་འཛམ་གླིང་དང་རྒྱང་དུ་བཀྱེད་ནས་ས་མཐོའི་མཁར་རྫོང་ཞིག་ནང་གབ་ཡིབ་ལྟ་བུས་བསྡད་མྱོང་མེད།ས་ཆ་དེ་ནི་ཡོ་རོབ་དང་ཨེ་ཤེ་ཡའི་མི་འབོར་གི་ཚོགས་པ་འབྲེལ་འདྲིས་བྱ་ཡུལ་ཞིག་དང་དེར་གནས་སྤོས་ཡུལ་མི་གསར་པ་ཟམ་མི་ཆད་པར་འབྱོར་གྱི་ཡོད། སྐྱེ་བོ་ཚོས་དུས་རྟག་ཏུ་རི་མཐོན་པོ་དེ་དག་ནི་གབ་སྦས་བྱ་ཡུལ་དང་སྲུང་ཡོལ་ལྟ་བུ་ཞིག་ཏུ་བརྩི་ཡི་ཡོད། འོན་ཀྱང་ཡི་གེ་མ་བྱུང་གོང་གི་ལོ་རྒྱུས་དུས་རིམ་དང་ཡང་ན་དེང་གི་དུས་ཚོད་གང་འདྲ་ཞིག་ཡིན་རུང་། སྲོག་ཆགས་དང་སྐྱེ་དངོས་ཀྱི་ཐོན་ཁུངས་ཕུན་སུམ་ཚོགས་པའི་རི་བོ་མཐོན་པོའི་གནས་དེར།དུས་ནམ་ཡང་ས་བབ་དམའ་ཁུལ་དུ་འཚོ་གནས་བྱེད་པའི་སྐྱེ་བོ་རྣམས་ཀྱི་བློ་ཁ་ཕྱོགས་ནས་དེར་ཡོང་གི་ཡོད།
ཧྭ་ཧྲེང་ཏུན་སློབ་ཆེན་གྱི་གནའ་རྫས་རྟོག་ཞིབ་མཁས་ཅན་Michael Frachettiཡིས“ཨེ་ཤ་ཡ་ནང་མའི་རི་མཐོའི་བར་ཁྱམས(Inner Asian Mountain Corridors)”ཞེས་པ་བཏོན་པ་དང་། ཨེ་ཤ་ཡ་དཀྱིལ་རྒྱུད་དང་རི་བོ་ཧི་མ་ལ་ཡ་ནས་བོད་དང་ཨའར་ཐེ་རི་རྒྱུད་དབར་གྱི་བར་ཁྱམས་དེ་བརྒྱུད་ནས་གནའ་རྫས་རྟོག་ཞིབ་མཁས་ཅན་ཚོར་ཡི་གེ་མ་བྱུང་གོང་གི་དུས་མཚམས་ཀྱི་གཏན་སྡོད་ཁུལ་མང་པོ་གསར་རྙེད་ཐུབ་ཡོད། ཧ་ལམ་ལོ་ངོ་3000གི་སྔོན་རོལ་ནས་ཚོང་ལས་ཀྱི་འབྲེལ་བ་བྱེད་འགོ་ཚུགས་པ་མཐོང་རྒྱུ་ཡོད་པ་དང་། རི་མཐོའི་བར་ཁྱམས་དེ་ནི་གཅིག་བྱས་ན་དར་གོས་ཚོང་ལམ་གྱི་འབྱུང་ཁུངས་ཀྱང་ཡིན་སྲིད་པ་དང་། གཞི་རྒྱུ་དང་དངོས་ཟོག དེ་བཞིན་བསམ་བློ་བརྗེ་རེས་བྱ་ཡུལ་གྱི་ལམ་བུ་ཡང་ཡིན་སྲིད།
བོད་ནི་རིག་གནས་འབྲེལ་མཐུད་བྱེད་པའི་ལྟེ་བའི་ཁུལ་དུ་གནས་ཡོད།Aldenderfe ཡིས། “ལོ་ངོ་ཁྲི་སྟོང་མང་པོའི་སྔོན་རོལ་དུ་བོད་ནི་ཁབ་ལེན་རྡོ་དང་འདྲ་བར་ཕྱོགས་བཞི་མཚམས་བརྒྱད་ཀྱི་སྐྱེ་འགྲོ་རྣམས་འདུ་བར་བྱེད་ཀྱི་ཡོད”ཅེས་སྡོམ་ཚིག་བཞག་པ་དང་། དོན་དངོས་སུའང་འདི་ལྟར་ཡིན་པ་སྟེ། ད་ལྟའི་བོད་ཀྱི་འབྱུང་ཁུངས་ནི་རིག་གནས་དང་རིགས་ཚོ་རྐྱང་པ་ཞིག་གཏན་ནས་ཡིན་མི་སྲིད་དོ།།
སྔ་དུས་བོད་མི་སོ་ནམ་པའི་རྒྱུན་སྤྱོད་འཚོ་བའི་དངོས་པོ་དེ་དག་ལོ་ངོ་4000སྔོན་རོལ་དུ་ཐོན་པའི་འདམ་རྡོའི་ཆུ་རུད་ཀྱི་ཁྲོད་ཉར་ཚགས་ཐུབ་པ་བྱུང་ཡོད་མོད། འོན་ཀྱང་ཁོང་ཚོའི་འབྱུང་ཁུངས་ནི་ད་དུང་ཡང་གསང་བ་ཞིག་ཏུ་གྱུར།
ལོ་ངོ་3600ཡི་གོང་། གོ་ལ་ཧྲིལ་པོ་གྲང་ངད་ཆེ་རུ་ཕྱིན་པ་དེས་བོད་ཀྱི་ས་བབ་མཐོ་བའི་ཁུལ་དུ་གྲང་ངད་འགོག་ཤུགས་ཆེ་བའི་ནས་བཏབ་དགོས་བྱུང་།
མདོ་དབུས་མཐོ་སྒང་གི་ཐོག་གནའ་རྫས་རྟོག་ཞིབ་ཀྱི་རྗེས་ཤུལ་གང་སར་ཁྱབ་ནས་ཡོད་པ་དང་། ལོ་ངོ་ཁྲི་3ལྷག་ཙམ་གྱི་གོང་རོལ་ནས་མིའི་རིགས་ས་མཐོའི་ཐོག་འབྱོར་ཟིན། ལོ་ངོ་6000གི་གོང་རོལ་ནས་མེས་པོ་ཚོ་
ལོ་ཁོར་མོ་ཡུག་གནས་དེར་འཚོ་སྡོད་བྱས་པ་དང་རྡོ་ཆས་གསར་མའི་རྗེས་ཤུལ་3800ལས་བརྒལ་བ་མཆིས་ཞིང་། པར་རིས་ནང་ཞིང་ལས་འཕེལ་རྒྱས་ཀྱི་ལམ་བུ་འཁོད་ཡོད།
(རྩོམ་འགན་པ། འཇམ་དཔལ།)