ཀྲུང་གོའི་བོད་ལྗོངས་དྲ་བ།>མི་སྣ།

སྤོ་འགུལ་དྲ་རྒྱས་ལྷ་སའི"Vཆེན"ནོར་བུ་དགྲ་འདུལ་གྱི་རྨི་ལམ་ལ་གཤོག་ཟུང་སྤྲད།

2014-11-12 ཟླ་བ།

དགེ་རྒན་ནོར་བུ་དགྲ་འདུལ་གྱིས་སློབ་ཕྲུག་དང་ལབ་གླེང་བྱེད་བཞིན་པ།
    བོད་ལྗོངས་ལྷ་ས་གྲོང་ཁྱེར་དུ་ཀུན་གྱི་མིག་ནང་དུ་ཁྱད་མཚར་བའི་མི་འདི་ལྟ་བུ་ཞིག་ཡོད་དེ། ཨ་རིའི་ཨིན་སྐད་ཆུ་རྒྱུག་རྒྱུག་ཤོད་ཐུབ་ལ། སྐད་འཕྲིན་སྒང་ནས་རྗེས་འཇུག་པ་ཁྲི ༦ལྷག་ལ་རིན་པ་མི་དགོས་པར་ཨིན་སྐད་ཁྲིད་ཀྱི་ཡོད་པ་མ་ཟད། ད་དུང་རྗེས་འཇུག་པ༦༠༠༠ལྷག་ལ་གླ་དངུལ་ཤིག་ཙམ་ཡང་མ་བླངས་པར་དབུས་སྐད་ཁྲིད་པ་རེད། སློབ་ཕྲུག་ལ་ལས་ཁོར་དད་རྟེན་དུ་འཛིན་ཏེ། ཁོས་ལས་དོན་་བླ་ན་མེད་པ་ཞིག་སྟེ་བོད་སྐད་ཡིག་དང་བཅས་པའི་རིག་གནས་རྒྱུད་འཛིན་བྱེད་ཀྱི་ཡོད་སྙམ་གྱི་ཡོད་པ་རེད། ཡིན་ནའང་ཁོ་རང་ཉིད་ཀྱིས་དམིགས་ཡུལ་མཐོན་པོ་འདི་འདྲ་ཞིག་བཅངས་མྱོང་མེད། ཁོ་ནི་ནོར་བུ་དགྲ་འདུལ་ཏེ། ད་ལོ་ལོ༣༤སོན་ཞིང་ལྷ་སའི་བོད་ཕྲུག་མར་དྲི་རྩམ་དྲི་མ་ཡལ་བ་དེ་འདྲ་ཞིག་ཡིན་ལ། དྲ་བའི་གྲགས་མི་དང་ལྷ་སའི་སྒྲོན་མེ་སློབ་གསོ་སྦྱོང་བརྡར་ལྟེ་གནས་གསར་འཛུགས་གནང་མཁན་ཡང་ཡིན།
    ཤ་མདངས་སྨུག་ལ་གདོང་དུ་མཐའ་ནག་པོ་ཡིན་པའི་མིག་ཤེལ་བསྐྱོན་པའི་ནོར་བུ་དགྲ་འདུལ་ལ་བལྟས་པ་ཙམ་གྱིས"འཇོན"མདོག་མི་སྟེར་མོད། ཁོང་ཧ་ཅང་བག་ཡངས་པོར་སློབ་མའི་ལས་བྱ་གཅལ་དུ་བཀྲམས་པའི་སྒྲོག་ཙེའི་རྒྱབ་ཏུ་བསྡད་དེ་གསར་འགོད་པར་ཁོ་རང་གི་ལོ་རྒྱུས་གླེང་བྱུང་།
གཞུང་ཞབས་ལས་ཀ་གཡུག་སྟེ་ལས་ཀ་གཞན་བཙལ་བས། གློ་བུར་དུ་དྲ་བའི་ཐོག་འབར་བྱུང་།
   ནོར་བུ་དགྲ་འདུལ་ཀུན་དང་མི་འདྲ་བ་དེའང་ཁོའི་སྐད་ཆའི་སྐྱེས་ཐོབ་ཁོ་ན་མ་ཡིན་ཏེ། ༢༠༠༥ལོར་ཁོས་ལྷ་ས་གྲོང་ཁྱེར་སློབ་འབྲིང་གསུམ་པའི་ཨིན་ཡིག་དགེ་རྒན་གྱི་ལས་ཀ་གཡུག་སྟེ་རང་གི་ལས་ཀ་གཉེར་མགོ་ཚུགས་པ་རེད། དེའི་རྗེས་ཁོ་གཞུང་འབྲེལ་མ་ཡིན་པའིNGOརྩ་འཛུགས་སུ་ཞུགས་མྱོང་ལ། ཨོ་ཏ་ལི་ཡའི་ཨེད་ཙི་ནད་སྔོན་འགོག་ལ་དྲིལ་སྒྲོག་རྩ་འཛུགས་བྱས་མྱོང་བ་དང་། པེར་ཀྲེམ་གྱི་དབང་པོ་སྐྱོན་ཅན་ལ་བྱམས་སྐྱོང་བྱེད་པའི་རྩ་འཛུགས་ལས་ཁུངས་ལ་ལོ་ཙཱའང་བྱས་མྱོང་། དེ་རྗེས་ཡང་ཁོ་པེ་ཅིང་དུ་རྡོག་ཐོན་བྱས་ཤིང་། ཧྥིན་ཞོ་ཀང་གི་ཟློས་གར་སློབ་གྲྭའི་ལས་ཀ་སྣ་ཚོགས་གཉེར་བ་དང་། ཁོམ་གསེང་གི་སྐབས་སུ་ཀྲུང་དབྱང་མི་རིགས་སློབ་ཆེན་གྱི་སློབ་ཕྲུག་ཚོར་རིན་པ་མ་བླངས་པར་ཨིན་ཇིའི་ཁ་སྐད་ཁྲིད་མྱོང་ཡོད།

ནོར་བུ་དགྲ་འདུལ་གྱི་སྒྲོན་མེ་སློབ་གསོ་ཟབ་སྦྱོང་ལྟེ་གནས་ཀྱིས་ཉིན་ཤས་གོང་དུ་བོད་ཀྱི་དམངས་སྲོལ་སློབ་ཚན་ཞིག་ཕྱེ་བའི་འགྲེམ་པར་ཆུང་ཆུང་དང་ཟབ་སྦྱོང་ལྟེ་གནས་ཀྱི་ཨིན་ཡིག་ཚགས་དེབ་འཇོག་ས།
   “ལས་ཁུངས་དང་ཀུང་ཟིའམ་ཡང་ན་ཚོགས་པ་རྩ་འཛུགས་ག་འདྲ་ཞིག་གིས་ཀྱང་ང་རང་གིས་འདོད་པའི་རང་དབང་གི་ཁོར་ཡུག་དང་ལས་ཀ་བྱེད་སྟངས་སྐོར་སྟེར་ཐུབ་ཀྱི་མི་འདུག བྱས་ཙང་ང་རང་གིས་ལས་ཀ་བསྒྲུབས་ན་ད་གཟོད་རང་གི་རེ་བ་ཇི་བཞིན་འགྲུབ་ཡོང་གི་རེད”ཁོས་དེ་སྐད་ཟེར་ཞིང་། “ལོ༢༠ཙམ་ནས་བཟུང་མགོ་ནས་བལྟས་ན་གཞུག་གུ་མཐོང་བའི་འཚོ་བ་རོལ་འདོད་མེད”
   “ཉིན་ཁ་ཤས་གོང་ལའང་ངས་འདི་ལྟར་པ་ཕར་ལབ་པ་ཡིན། པ་ལགས། གལ་སྲིད་སྔོན་མ་ངས་ལས་ཀ་གཡུག་མེད་པ་ཡིན་ན། དེ་རིང་ཁྱོད་ལ་འཁོར་ལོ་སྐོར་རོགས་བྱེད་རྒྱུའི་དུས་ཚོད་ཡོད་ཀྱི་རེད་པས? ཁྱོད་ལ་ང་མཁོ་དུས་ངས་ལས་ཀ་བསྐྱུར་ཏེ་ཁྱེད་ཀྱི་འཁྲིས་ལ་ཡོང་ཐུབ་ཀྱི་རེད་པས?” ཁོ་དགའ་སྣང་ཆེན་པོས་རང་གི་མྱོང་ཚོར“ཁྱད་མཚར”དེ་གསར་འགོད་པར་སྨྲས་བྱུང་།
   ནོར་བུ་དགྲ་འདུལ་གྱིས་སྔོན་མར་རང་གི་མི་ཚེའི་དམིགས་འབེན་དེ་བོད་ཡིག་དང་བོད་ཀྱི་རིག་གནས་སོགས་དར་སྤེལ་ལ་གཏད་མེད་དེ། “ངས་དང་པོ་ལས་འདི་སྒྲུབ་དུས་རྒྱུ་མཚན་དང་དམིགས་ཡུལ་ཆེན་པོ་རྫིག་པོ་དེ་འདྲ་དྲན་མྱོང་མེད། རང་མོས་པ་ཡོད་པའི་དོན་བྱ་དེ་བསྒྲུབས་པ་དེ་ཁོ་ན་ཡིན” ཁོ་ན་རེ། དེ་དུས་སེམས་ལ“ལས་ཀ་འདི་མི་གཞན་གྱི་སྒྲུབ་ཀྱི་རེད་དམ། ཨིན། མ་རེད། དེས་ན་ཡོང་ང་། ངས་བསྒྲུབ་ཡོང”  ཕྱིས་སུ་རང་གི་སྐད་འཕྲིན་མིང་ལ“圣地美句”དང“Sound of lhasa”ལ་ལམ་སེང་རྗེས་འཇུག་པ་ཁྲི་ཕྲག་ཡན་ལ་སླེབས་པ་མཐོང་བས། སེམས་ལ“འབར་བྱུང་། ལས་ཀ་འདི་དངོས་འབྲེལ་དོན་སྙིང་ཏོག་ཙམ་ཡོད་མདོག་ཁ་པོ་ཞིག་འདུག འོ་ན་མུ་མཐུད་ཡོང”དྲན། ཁོ་ལ་སྙིང་པོ་ག་རེ་འདུག་ཅེས་འདྲི་དུས། ཁོས་དོན་ལ་གཞན་གྱིས་རང་ལ་དོ་སྣང་བྱུང་བའི་གཏམ་འདོད་ཚ་པོ་དེ་བསྐོངས་བྱུང་། གཞན་ཞིག་ནི་མི་གཞན་ལ་བོད་ཡིག་དང་བོད་ཀྱི་རིག་གནས་རྒྱུས་ལོན་དུ་འཇུག་འདོད་སྐྱེས་པ་དེ་རེད། “ལས་ཀ་འདིར་སྙིང་པོ་ཏོག་ཙམ་འདུག་གམ། ཧ་ཧ”
ནོར་བུ་དགྲ་འདུལ་གྱི་སྒྲོན་མེ་སློབ་གསོ་ཟབ་སྦྱོང་ལྟེ་གནས་ཀྱི་ཐོག་རྩེག་དང་པོའི་གཞུང་དོན་ཁང་དུ་ཁོས་དེ་སྔ་དཔེ་ཤག་ཅིག་འབྱེད་རྩིས་བྱས། ད་ཆ་དཔེ་སྒྲོམ་དུ་ཨིན་ཡིག་དང་བོད་ཡིག་གི་དཔེ་དེབ་མང་པོ་ཞིག་བྱིས་པ་རྣམས་ཀྱིས་ལྟ་ཀློག་བྱ་རྒྱུར་བཞག་འདུག
“ལྷ་སའི་དགེ་རྒན་ཡག་ཤོས། ལྷ་སའི་སློབ་ཕྲུག་ཡག་ཤོས”
   སློབ་མ་ཚོར་ནོར་བུ་དགྲ་འདུལ་ཇི་འདྲ་ཡིན་ཚུལ་འདྲི་དུས། ཁོ་ཚོས་མ་བགྲོས་གཅིག་མཐུན་གྱིས་ཨིན་སྐད་ཀྱིས“ཁོ་ལྷ་སའི་དགེ་རྒན་ཡག་ཤོས་དེ་ཡིན(he is the best teacher in Lhasa)”ཟེར་ཞིང་། ནོར་བུ་དགྲ་འདུལ་གད་མོ་དགོད་ཞོར་ཨིན་སྐད་ཀྱིས“ཁྱོད་ཚོ་ནི་ལྷ་སའི་སློབ་ཕྲུག་ཡག་ཤོས་ཡིན(you are the best students in Lhasa)”ཞེས་ལན་བསྐྱོན་བྱུང་།
   ནོར་བུ་དགྲ་འདུལ་གྱི་སྒྲོན་མེ་སློབ་གསོའི་བོད་ཡིག་ཟབ་སྦྱོང་འཛིན་གྲྭ་རུ་རྒྱ་དང་ཕྱི་གླིང་བའི་སློབ་ཕྲུག ༡༠ ཡོད་པ་དང་། བོད་ཀྱི་དམངས་སྲོལ་རིག་གནས་འཛིན་གྲྭ་རུ་བོད་རིགས་སློབ་ཕྲུག ༧༠ གདའ། བོད་ཕྲུག་དེ་དག་དང་ནོར་བུ་དགྲ་འདུལ་འདྲ་བའི་ཆ་ཞིག་ཡོད་པ་ནི་སྦྱངས་འབྲས་ཕུལ་ཏུ་བྱུང་བ་དེ་རེད། ཁོ་ཚོ་དམའ་འབྲིང་ནས་བཟུང་ནང་སའི་བོད་ལྗོངས་སློབ་འབྲིང་དང་བོད་ལྗོངས་འཛིན་གྲྭ་སོགས་སུ་བསྐྱོད་དེ་མང་པོ་ཞིག་གིས་མཐོ་འབྲིང་ནས་བཟུང་བོད་ཡིག་སྦྱངས་མྱོང་མེད། ནོར་བུ་དགྲ་འདུལ་གྱིས་གུང་གསེང་གི་ཟབ་སྦྱོང་འཛིན་གྲྭ་འདི་བརྒྱུད་ནས་ཕྲུ་གུ་འདི་ཚོར་རང་མི་རིགས་ཀྱི་རིག་གནས་གོམས་སྲོལ་ཤེས་སུ་འཇུག་འདོད་ཆེ་ཞིང་། དེ་ལྟར་ན་ཁོ་ཚོས་ནང་ས་རུ་སློབ་གཉེར་བྱེད་སྐབས་རང་མི་རིགས་ཀྱི་རིག་གནས་འདི་མི་དེ་བས་ཀྱང་ངོ་སྤྲོད་བྱ་ཐུབ་པ་ཡིན།
   ནོར་བུ་ནི་ཧྲང་ཧའེ་རུ་སློབ་གྲྭ་འགྲིམ་བཞིན་པའི་སློབ་ཕྲུག་ཅིག་ཡིན་ཏེ། ད་ལོ་མཐོ་འབྲིང་མཐར་ཕྱིན་རྗེས་པེ་ཅིང་སྐད་ཡིག་སློབ་ཆེན་གྱིས་བསྡུས་པ་རེད། ཁོས་ཁོ་པ་དེ་སྔ་བོད་ལ་རྒྱུས་མངའ་ཏིལ་འབྲུ་ཙམ་ཡང་མེད་པའི་སློབ་གྲོགས་སམ་ཐ་ན་དགེ་རྒན་དང་ཡང་འཕྲད་མྱོང་ཟེར། མི་ཁག་ཅིག་གིས་བོད་ལྗོངས་སུ་མོ་ཊ་ཡོད་མེད་དང་། བོད་པ་དག་གིས་འབྲས་བཟའ་ཐུབ་མིན་ལྟ་བུའི་སྐད་ཆ་དྲིས་ཡོང་ཟེར། “དངོས་གནས་ཡི་ཆད་ཡོང་། མགོ་རྨོངས་པ་མ་རེད་དམ། བོད་དུ་འགྲོ་མ་མྱོང་ཡང་བོད་ཀྱི་སྐོར་ནས་དྲ་བའི་སྒང་ལ་མང་པོ་འདུག་གཱ ཁོ་ཚོས་མཐོང་གི་མ་རེད་པས? ”  ནོར་བུ་ཚིག་པ་ཟོས་འདུག
   ནོར་བུ་དགྲ་འདུལ་གད་མོ་དགོད་ཞོར་ནོར་བུ་དང་ཁོའི་སློབ་ཕྲུག་བྱིངས་ལ་བཤད་རྒྱུར། “དགེ་རྒན་ངའི་རེ་བ་ཡིན་ན་ཁྱོད་ཚོས་མི་སར་རང་བཞག རང་སར་མི་བཞག་ནས་བསམ་བློ་བཏང་ན་ཡག་པོ་འདུག ཕར་ཚུར་བསམ་ཤེས་བྱེད་དགོས་རེད། ང་པེ་ཅིང་དུ་ཡོད་དུས་པའི་ཟླ་ཕོགས་ཟླ ༡ ལ་ཁྲི ༡.༢ ཡིན། ཡིན་ནའི་སྐོར་བཞི་པའམ་ལྔ་པ་ནས་ཁང་པ་ཉོ་དགོས་ཚེ་་ངའི་མི་ཚེ་ཕྱེད་རིང་གི་རྔུལ་ཁྲག་གཏོང་དགོས་ཀྱི་འདུག གྲོང་ཁྱེར་ཆེན་པོའི་མི་རྣམས་ཀྱིས་ཁང་པ་དང་མོ་ཊ་ཆེད་དང་། རྒན་བྱིས་གཉོར་སྐྱོང་། ཕྲུ་གུའི་སློབ་ཡོན། ནང་མིའི་སྨན་རིན། ལྟོ་གོས་སོགས་ཀྱི་ཆེད་སྡུག་རུས་བྱེད་དགོས་པས་གནོན་ཤུགས་ཆེན་པོ་ཞེ་དྲགས་ཡོད་རེད། ཁོ་ཚོ་གཅིག་བྱས་ན་དངོས་འབྲེལ་བྲེལ་བ་ཞེ་དྲགས་ཚ་བྱས་ཆེད་དམིགས་དྲ་བའི་སྒང་ནས་བོད་དམ་ས་གཞན་སོགས་ལ་རྒྱུས་ལོན་བྱེད་ལོང་ཡོད་ཀྱི་མ་རེད། འདི་ལ་ཏན་ཏན་ཁྱོད་ཚོ་དགོས་མཁོ་ཆེན་པོ་ཆགས་པ་རེད་པ། མི་ཞིག་གིས་ཁྱོད་ལ་འདྲི་དུས། ཁྱོད་ཀྱིས'ང་ཚོར་མོ་ཊ་ཡོད། ང་ཚོས་འབྲས་ཟ་གི་ཡོད། བོད་ཀྱི་དེང་རབས་ཅན་འཕེལ་རྒྱས་དངོས་འབྲེལ་ཡག་པོ་ཡོད’ལྟ་བུའི་ཚིག་གཅིག་གཉིས་ཤིག་གིས་ངོ་སྤྲོད་སྲིད་ཀྱི་རེད་ལ། ཡང་ཀུ་རེ་དང་བཅས། ‘ཨིན། ང་ཚོས་རྡོ་ཟ་བ་ལས་འབྲས་མི་ཟ། ཧ་ཧ’  ཞེས་བཤད་དེ་དོགས་མི་བདེ་བ་དེ་བསལ་ནས་སྐད་ཆ་ལབ་ན། སྐྱིད་པོ་འབྱུང་ངེས་ལ་གྲོགས་པོར་འགྱུར་ཡང་སྲིད། དེ་ཡག་པོ་མི་འདུག་གས?”  ཁོའི་སློབ་ཕྲུག་ཚོས་རྣ་བ་བླགས་ནས་ཉན་ཞིང་། ནོར་བུ་དགྲ་འདུལ་གྱིས“བསམ་ཤེས། ཁོག་རྒྱ་ཆེན་པོ། གོ་བརྗེས་ནས་བསམ་བློ་གཏང་དགོས”ཟེར་དུས། ཁོ་ཚས་མགོ་བོ་ལྕོག་ལྕོག་བྱེད།
    ཐོག་རྩེག་གསུམ་པའི་ཟབ་སྦྱོང་ལྟེ་བ་ཡི་ཁྱམས་རའམ་ཐེམ་སྐས་ཀྱི་རྩིག་ངོས་གང་རུང་དུ་མི་ལ་ཡར་སྐུལ་གཏོང་བྱེད་ཨིན་ཡིག་གི་གཏམ་དཔེ་བཀལ་འདུག་ཅིང་། དེ་བས་སློབ་ཁྲིད་ལ་ཞུགས་པའི་ཕྲུ་གུར་ཚོར་གཟུགས་མེད་ཀྱི་སྟོབས་ཤུགས་ཤིག་སྟེར་བར་གདའ།
   ནོར་བུ་དགྲ་འདུལ་གྱིས་བོད་ཡིག་གི་དགེ་རྒན ༡ དང་། ཨིན་ཡིག་གི་དགེ་རྒན ༣ གདན་ཞུ་བྱས་འདུག་ཅིང་། ཁོས་ཚོགས་པ་བོད་རྐྱང་རྐྱང་མ་ཡིན་པར་མི་རིགས་གཞན་དང་ཕྱི་གླིང་བའང་ཞུགས་པའི་རེ་བ་བཅངས་འདུག་སྟེ། མི་རིགས་སྐད་ཡིག་སྣ་ཚོགས་ཀྱི་ཚོགས་པ་ལས་སྣ་མང་རིག་གནས་ཀྱི་ཁོར་ཡུག་ཡག་པོ་ཞིག་བསྐྲུན་ཐུབ་ཅིང་། དེ་རིག་གནས་ཆིག་རྐྱང་བ་དང་བསྡུར་ན་སློབ་ཕྲུག་ཚོ་འཚར་ལོངས་འབྱུང་བར་ཕན་ཐོགས་འདུག་སྙམ།
   ནོར་བུ་དགྲ་འདུལ་གྱི་ཁྲིད་ལུགས་ཀྱང་ཐུན་མོང་མ་ཡིན་པ་ཞིག་ཡིན། སློབ་ཁྲིད་དངོས་མིན་ད་དུང་བསླབ་ཕྱིའི་ལག་ལེན་ཡང་འདུག གསར་འགོད་པ་བཅར་འདྲི་བྱེད་དུ་བསྐྱོད་དུས་ཏག་ཏག་ཁོས་སློབ་ཕྲུག་ཚོར་བསླབ་ཕྱིའི་ལག་ལེན་སློབ་ཁྲིད་བྱེད་པར་ཁེལ་བྱུང་། ཁོས་སློབ་ཕྲུག་ཚོར་སློབ་ཐུན་གཅིག་གི་རིང་སྦྱངས་པའི་ཁ་སྐད་ཀྱིས་ཁྲོམ་སྲང་གི་དང་ཕྱི་གླིང་བ་དང་སྐད་ཆ་བཤད་དེ། ཁོ་ཚོའི་རྒྱལ་ཁབ་ཀྱི་ཡི་གེས"ང་ཁྱོད་ལ་དགའ་པོ་ཡོད"ཅེས་པ་འབྲི་རུ་འཇུག་གིན་འདུག ཕྱི་དྲོའི་ཆུ་ཚོད ༦ པ་ཙམ་ན། སློབ་ཕྲུག་ཚོས་ལག་ཏུ་དྲི་ཤོག་བཟུང་ནས་ཚང་མ་ཕྱིར་སླེབས་པ་དང་། ཚང་མས་སྔ་རྟིང་རྩོད་ཞོར་རང་ཉིད་ཀྱི་གྲུབ་འབྲས་སྙན་སེང་ཞུས། གོ་རིམ་ཕལ་ཆེ་བར་ཨིན་སྐད་དང་བོད་སྐད་བཤད་ཅིང་། སྐད་ཡིག་སློབ་སྦྱོང་ཕུད་བོད་ཀྱི་རིག་གནས་སྐོར་བརྗེ་རེས་ཀྱང་ཡོད་པ་རེད། དགེ་སློབ་ཚོས་རྩད་བསྡུར་དང་རྩོད་གླེང་བྱེད་ཅིང་། སྐབས་རེར་གད་མོ་བགད་ནས་ཕོ་བ་སྐྱོར་ཞིང་། ཡང་སྐབས་རེར་ངོ་གདོང་དམར་པོར་འགྱུར་བཞིན་ཚ་ཚ་འུར་འུར་དུ་འདུག ས་རུབ་པའི་དུས་སུ། མ་གཞིའི་སློབ་ཐུན་གྲོལ་བའི་དུས་ཚོད་ནས་ཆུ་ཚོད ༡ འགྱངས་ཚར་བས། སློབ་ཕྲུག་རྣམས་གཞི་ནས་འབྲལ་མི་ཕོད་པའི་ངང་ཁ་གྱེས་སོང་།
   ནོར་བུ་དགྲ་འདུལ་ན་རེ། “ཕྲུ་གུ་ཟེར་བ་འདི་འདྲ་རེད། གལ་སྲིད་ཁྱོད་ཀྱིས་ཐད་ཀ་ཐད་ཀར་བོད་ཡིག་འཛིན་གྲྭར་ཞུགས་སུ་བཅུག་ན་ཁོ་ཚོས་སྣང་བ་གཏོང་གི་མ་རེད། དེའང་ཁོ་ཚོ་བོད་རིགས་ཡིན་པ་དང་། སློབ་གྲྭ་ནས་ཀྱང་བོད་ཡིག་བསླབས་མྱོང་ཡོད་པས་རེད། བྱས་ཙང་ཁོ་ཚོར་སོ་སོར་ཕྱི་ནས་སྦྱོང་བརྡར་ཅུང་ཟད་བྱེད་དུ་བཅུག ཞབས་འདྲེན་ཞུ་རུ་བཅུག་ན། ཁོ་ཚོས་གཞི་ནས་རང་ཉིད་མུ་མཐུད་ཤུགས་རྒྱག་དགོས་པ་ཧ་གོ་ཡོང་གི་རེད། ཁྱོད་ཀྱིས་ཁོ་ཚོར་ཐོག་མ་ཉིད་ནས་ལོ་རྒྱུས་ཁྲིད་ན་ཁོ་ཚོ་ཉན་འདོད་བྱེད་ཀྱི་མ་རེད། དེ་བས་ཁོ་ཚོའི་བློ་འགུག་པ་ཞིག་བྱེད་དགོས། ཆགས་བཞག་ན། རྒྱའི་དགའ་རོགས་དུས་ཆེན་སླེབས་དུས། ཁོ་ཚོར་བོད་ཀྱི་རིག་གནས་ནང་ན་དགའ་རོགས་དུས་ཆེན་ཡོད་མེད་སྐད་ཆ་དྲིས་ན། ཁོ་ཚོ་སྤྲོ་བ་ཡོང་གི་རེད། དེའི་རྗེས་ལ་ཁོ་ཚོར་བོད་ཀྱི་གཉེན་སྲོལ་དང་བོད་ཁུལ་གྱི་གཉེན་སྲོལ་མི་འདྲ་བ་ལྟ་བུ་ཤོད་དགོས་པ་རེད”
   འགའ་ཤས(བོད་ཀྱི་དམངས་སྲོལ་རིག་གནས)ང་ཚོས་ཤེས་ཏ་ཤེས་ཀྱི་རེད་དེ། ཞིབ་མོ་ཧ་གོ་གི་མ་རེད། དགེ་རྒན་གྱིས་དེ་འདྲ་སེ་ལབ་པ་ཡིན་ན། ང་ཚོས་གཞི་ནས་དེ་ལ་ལོ་རྒྱུས་ཀྱི་རྒྱབ་ལྗོངས་འདི་འདྲ་བ་ཡོད་པ་ཧ་གོ་ཡོང་གི་འདུག རྒན་ལགས་དངོས་ནས་འཇོན་པོ་འདུག" མགོ་ལ་དབྱུག་གྲུག་ཞྭ་མོ་གྱོན་ཞིང་། "སུས་ང་ལ་དགེ་རྒན་གྱིས་བཀོད་སྒྲིག་བྱས་པའི་སྒྲུབ་རོགས་བྱས་ཡོང"ཞེས་པའི་ཨིན་ཡིག་གི་སྦྱར་བྱང་ལག་པས་བཏེགས་ཏེ་ཕྱི་གླིང་བ་འགུགས་པའི་སློབ་ཕྲུག་ཅིག་གིས་ང་ཚོར་འདི་སྐད་སྨྲས་བྱུང་།

ནོར་བུ་དགྲ་འདུལ་གྱི"Sound of lhasa"ཞེས་པའི་སྐད་འཕྲིན་སྤྱི་ཨང་གི་ཁ་པར་དྲས་རིས།
ཕུགས་འདུན་འགྲུབ་པར་བསྒྲུབ་རྒྱུ་ལས་གཞན་གཅིག་ནི་རྒྱུན་འཁྱོངས་སོ། །
   ནོར་བུ་དགྲ་འདུལ་གྱིས་རང་ཉིད་ད་ལྟ་མདའ་མདུང་གང་ལའང་སྐྲག་པ་མེད་ཟེར། དེའི་རྒྱུ་མཚན་ཡང་ཁོ་ཡང་དམའ་འབྲིང་ནས་བཟུང་ནང་སར་སློབ་གྲྭར་ཕྱིན་པས་བོད་སྐད་ཤུལ་མེད་དུ་བརྗེད་མེད་ནའང་། ལྷ་སར་འཚོ་བ་རོལ་བའི་ལྷ་ས་བ་རྣལ་མ་དེ་ཚོ་དང་ཏན་ཏན་བསྡུར་ཐབས་ག་ལ་ཡོད། དེ་བས་ཁོས"ལྷ་སའི་བོད་སྐད"གསར་དུ་འཛུགས་དུས་སྐྱོན་བརྗོད་སྣ་ཚོགས་ཕོག་པ་རེད། ཁ་ཅིག་གིས་ཁོ་རང་གི་ཆུ་ཚད་དེ་ཙམ་གྱིས་ད་དུང་གཞན་ལ་བོད་སྐད་ཁྲིད་ཀྱི་འདུག་ཟེར་ཞིང་། ཡང་འགའ་རེས་ཕྱི་རྒྱལ་ལ་ཕྱིན་མ་མྱོང་བ་ཞིག་གིས་གཞན་ལ་ཨིན་སྐད་ཁྲིད་་་"ཡིན་ནའི་བཤད་ན་ང་ལས་ལྷག་པ། ཤེས་ཡོན་ང་ལ་ཆེ་བ། ནུས་པ་ང་ལས་འཕགས་པའི་མི་ཚོས་ལས་ཀ་འདི་ལྟ་བུ་མི་བསྒྲུབས་པ་ག་རེ་ཡིན་ན? བྱས་ཙང་ད་ཆ་བསམ་ན་སྐད་ཆ་དེ་ཚོར་སྣང་བ་གཏོང་དགོས་དོན་ཆེན་པོ་མི་འདུག"ཟེར།
   ནོར་བུ་དགྲ་འདུལ་གྱི"སྒྲོན་མེ་སློབ་གསོ"ནི་དང་ཐོག་སྐད་འཕྲིན་སྤྱི་ཨང ༢ ལས་མ་འདས་ཏེ། "Sound of lhasa"འདི་ལ་ཆ་བཞག་ན། ཉིན་རེར་བོད་ཡིག་གི་ཐ་སྙད་དམ་ཚིག་གཅིག་རེ་ཁྲིད་ཀྱི་ཡོད་ཅིང་། ཞོར་དུ་སྐར་མ ༡ གི་རྒྱ་སྐད་འགྲེལ་བཤད་དང་སྐར་མ༡གི་ཨིན་སྐད་ཀྱི་འགྲེལ་བཤད་འཇོག་གི་ཡོད། ཕྱིས་སུ་རྗེས་འཇུག་པ་ཇེ་མང་དུ་སོང་བ་བསྟུན་ནས་ཁོའི་མིང་གྲགས་ཀྱང་ཡུན་གྱིས་ཇེ་ཆེར་ཕྱིན་པས། སློབ་གསོའི་ཚན་པ་འདི་འཛུགས་དགོས་པ་བྱུང་།
   ཡང་ཁོར་ཁོ་རང་ཡི་ཐང་ཆད་ཅིང་ནང་མིས་རྒྱབ་སྐྱོར་མི་བྱེད་པའི་དུས་སུ་འདོར་འདོད་སྐྱེས་མྱོང་མིན་དང་ད་ལྟ་བསམ་ན་གདམ་ཀ་གཞན་ཞིག་ཡོད་མེད་སྐོར་འདྲི་དུས།
   ཁོ་དགོད་བཞིན་མགོ་བོ་གཡུག་ཙམ་བྱེད་ཅིང་། “ལས་ཀ་ག་རེ་ཐང་ཆད་ཀྱི་མ་རེད? ངས་རྒྱལ་ཁ་བླངས་ཡོད་རེད་ཟེར་ན། ཤོད་ཁག་པོ་རེད། ངས་རྒྱལ་ཁ་དང་ཕམ་ཁས་འདིས་ཚད་འབྱེད་འདོད་མི་འདུག ངས་དོན་དག་ཧང་སངས་དགོས་པ་དེ་འདྲ་ནི་བསྒྲུབས་མེད། ངས་ནི་མགོ་མ་སྨད་པར་རང་གིས་སྒྲུབ་འདོད་ཡོད་པའི་དོན་དེ་བསྒྲུབས་པ་དེ་ག་ཡིན། འབྲས་བུ་ཡོད་ན་ཧུར་བརྩོན་དགོས་དང་དགོས། དེ་འདྲ་མཉམ་རེད་པ། དེ་མ་ཟད། ངས་བསམ་ན། ང་རླུང་རྟ་ཡག་པོ་རེད། ད་ཆ་ངའི་ཕ་མ་གཉིས་ནས་ང་ལ་རྒྱབ་སྐྱོར་ཆེན་པོ་བྱེད་ཀྱིས། སོ་སོས་ཧ་གོ་གི་ཡོད་པས? མཚན་ལ་མར་ཉལ་དུས་ངའི་མ་ལགས་ཀྱིས་འོ་ཇ་ཚ་པོ་ཕོར་བ་གང་འཐུངས་རྗེས་ཉོལ་ཟེར་གྱི་རེད། ངའི་པཱ་ལགས་ཀྱིས་ང་ལ་ན་ཚ་ཕོག་དུས། མཚན་ཕྱེད་ལ་ཡར་ལངས་ནས་ངའི་ཁང་པའི་ཡོང་སྟེ་མགོ་བོར་ལག་པ་བཞག་ནས་ཚ་བ་ཞི་ཡོད་མེད་ལྟ་གི་རེད། བྱས་ཙང་། ང་དངོས་གནས་སྐྱིད་པོ་འདུག ཡིད་ཚིམས་ཀྱི་འདུག ངས་ང་རང་སོ་སོ་དགའ་པོ་ཡོད་པའི་དོན་དེ་སྒྲུབ་ཐུབ་པ་དང་། ཡང་ཁྱོད་ཀྱིས་བཤད་པ་ནང་བཞིན་ལས་ཀ་སྙིང་པོ་ཅན་ཞིག་སྒྲུབ་ཐུབ་ཚེ། དེ་དངོས་འབྲེལ་ཡག་པོ་རེད། དངོས་གནས་ང་སྐལ་བ་ཡག་པོ་རེད”
  
ནོར་བུ་དགྲ་འདུལ་གྱིས"ལྷ་ལྡན་སྙན་ཚིག"སྐད་འཕྲིན་སྤྱི་སྟེགས་ཀྱི་ཁ་པར་དྲས་རིས་ལས་འདྲ་པར་དང་ཡི་གེ་ཉིས་འདུས་ཀྱི་སློབ་ཁྲིད་བྱེད་ཐབས་གསོན་ཉམས་དོད་པོ་འདུག

ནོར་བུ་དགྲ་འདུལ་གྱི"ལྷ་ལྡན་སྙན་ཚིག"སྐད་འཕྲིན་སྤྱི་ཨང་གི་ཁ་པར་དྲས་རིས།
(རྩོམ་འགན་པ། རྟ་མགྲིན)
འབྲེལ་ཡོད་རྩོམ་ཡིག