ཀྲུང་གོའི་བོད་ལྗོངས་དྲ་བ།>མི་སྣ།

ཨུ་རུ་སུའི་སྙན་ངག་པ་གསུམ།

2015-06-17 Tomas Venclova

ཟླ་བས་བསྒྱུར།

ཐོ་མ་སི་ཝེན་ཚི་ལོ་ཝ།
   རྩོམ་འདི་ནི་ལི་ཐོ་ཝན་ཉི་ཡ(Lithuania)རྒྱལ་ཁབ་ཀྱི་སྙན་ངག་པ་གྲགས་ཅན་དང་མཁས་པ།   ལོ་ཙཱ་བ་ཐོ་མ་སི་ཝེན་ཚི་ལོ་ཝ་ལགས་ཀྱིས1996ལོར་བརྩམས་ཤིང་།   ཁོས་མཚམས་སྦྱོར་བར་བྱ་བའི་ཨུ་རུ་སུའི་སྙན་ངག་པ་གསུམ་པོ་ནི1958ལོར་ནོ་པེལ་རྩོམ་རིག་བྱ་དགའ་ཐོབ་མཁན་ཕ་སི་ཐེར་ནག(Pasternak,1890-1960)དང་།   སྐྱེས་མ་སྙན་ངག་པ་གྲགས་ཅན་ཨག་མ་ཐོ་ཝ(Akhmatova,1889-1966)དང་།   1987ལོའི་ནོ་པེལ་རྩོམ་རིག་བྱ་དགའ་ཐོབ་མཁན་པུ་རོད་སི་ཀེ(Joseph Brodsky,1940-1996)བཅས་སོ། །
   ཝིལ་ཉིག་སི(Vilnus)སྟེ་བདེ་སྐྱིད་དཔལ་རྫོགས་ཀྱི་བསྐལ་བ་བརྒྱུད་མྱོང་བའི་ཡོ་རོབ་ཀྱི་གྲོང་ཁྱེར་རྙིང་པ་འདི་སོ་ཝི་ཨེད(Soviet)ཀྱིས་དབང་བསྒྱུར་བའི་སྐབས་སུ་གྲོང་ཁྱེར་མུན་པས་བདག་ཅིང་ནོན་པ་ཞིག་ཏུ་གྱུར།   ད་ལྟ་ལོ་རབས་དེ་དག་ཡིད་ལ་གསལ་གྱི་ལེར་འཆར་ཐུབ་མི་འདུག་ལ།   ཐ་ན་ལན་རེར་ང་རང་གི་ཞེ་ལའང་དེ་དག་ཤོང་དཀའ་བ་ཞིག་ཏུ་གྱུར་འགྲོ།  ད་སྐབས་ཁོར་ཡུག་ཆེན་པོ་གང་ཞིག་སླར་ལྡོག་ཐབས་མེད་པར་ཡལ་ཚར་བ་ཁོ་ཐག་ཆོད།  འཛམ་བུ་གླིང་ནི་སྟོང་བ་ཉིད་ཀྱིས་གྲུབ་པ་སྟེ།   ནུབ་ཕྱོགས་ཀྱི་རྒྱལ་ཁབ་དག་ལྕགས་ཡོལ་གྱིས་ཡོངས་སུ་ཟིན་པར་མ་ཟད།  ང་ཚོ་རང་ཉིད་ཀྱི་ལོ་རྒྱུས་བྱུང་བ་ལ་རང་ཉིད་ཀྱིས་རེག་ཐབས་མེད་པ་ཞིག་ཏུ་ཆགས་ཚར།   ང་ཚོ་ལ་ཕ་རོལ་པོས་བཙན་གྱིས་ཨུ་རུ་སུའི་སྐད་བསླབ་ཏུ་བཅུག་ཅིང་།  དེ་འོ་སྐོལ་རང་གི་སྐད་ཡིག་དང་སྲོལ་རྒྱུན་ལ་གནོད་ཉེན་ཆེ་བ་ནི་སུ་ལའང་བསྙོན་དུ་མེད།  དེ་ལྟ་ནའང་ཨུ་རུ་སུ་ནི་འུ་ཅག་ལ་མཚོན་ན་སི་ཏ་ལེན(Stalin,1878-1953)དང་དམར་དམག་གི་རྒྱལ་ཁབ་འབའ་ཞིག་སྟེ།  འཇིགས་སུ་རུང་བ་དང་།   བཙན་དྲག་ཆེ་བ།   སྙིང་པོ་ཅི་ཡང་བྲལ་བ་ཞིག་ཡིན་པ་སྨྲས་མ་དགོས།   འུ་ཅག་གིས་བཀླག་ཏུ་རུང་བའམ་བཙན་གྱིས་བཀླགས་ཏུ་བཅུག་པའི་དུས་རབས་ཉི་ཤུ་པའི་ཨུ་རུ་སུའི་སྙན་ངག་པ་གཅིག་པུ་ནི་མཱ་ཡཱ་ཁོབ་སི་ཀེ(Mayakovsky,1893-1930)ཡིན།   ལར་ཁོས་སོ་ཝི་ཨེད་ཀྱི་མུན་བསྐལ་མགོ་བརྩམས་མ་ཐག་པའི་སྐབས་དེར་རང་ཤི་བརྒྱབ་ཅིང་།   དེ་ནི་ཁོ་མི་སྒེར་ཉམ་ཆུང་བའི་དབང་གིས་རེད་ཅེས་ང་ཚོ་ལ་བསྒྲགས་པ་རེད།  འདི་ཁ་སྐྱེངས་དགོས་པ་ཞིག་ཡིན་ལ་གུ་ཡངས་གཏོང་རུང་བ་ཞིག་ཀྱང་ཅིས་མ་ཡིན།  སྟེས་དབང་ཞིག་གིས་ངས་མཱ་ཡཱ་ཁོབ་སི་ཀེ་ཡི་སྙན་ངག་ཞིབ་ཏུ་བཀླགས་པ་ཡིན་ལ་ཁོའང་དེ་འདྲའི་ཐབས་ཆག་ཅིག་རེད་མི་འདུག    དེ་ལས་གལ་ཆེ་བ་ཞིག་ལ་ཁོའི་རྩོམ་དང་སྙན་ངག་དག་ཏུ་སྙན་ངག་པ་གཞན་དག་གླེང་ཡོད་ཅིང་།  དེ་དག་ཀྱང་སྤྲོ་བ་དང་བྲལ་བ་འབའ་ཞིག་ཁྱོན་ནས་མ་རེད་མོད།  འུ་ཅག་གིས་ཧ་ལམ་གཅིག་ཀྱང་གོ་ཐོས་བྱུང་ཚོད་མི་འདུག   དཔེར་ན་ཡེ་སེ་ཉིན(Sergey Yesenin, 1895-1925)དང་།  པོ་ལོག(Alexander Blok, 1880-1921)།  ཕ་སི་ཐེར་ནག་ལ་སོགས་པ་ལྟ་བུའོ། །འུ་ཅག་གིས་ཤེས་པ་ལྟར་ན་ཕ་སི་ཐེར་ནག་ནི་ཐ་ན་མཱ་ཡཱ་ཁོབ་སི་ཀེ་ཡི་གྲོགས་པོ་ཡིན་པར་འདུག་པས།   གློ་བུར་དུ་ཁོས་ཅི་དང་ཅི་ཞིག་འབྲི་མྱོང་ཡོད་པ་དང་།    ཁོ་རང་སྙན་ངག་པ་ག་འདྲ་ཞིག་ཡིན་པ་ཤེས་འདོད་སྐྱེས།
   རྩོམ་པ་པོ་ཤིན་ཏུ་མང་པོ་ཞིག་སྐྱེ་བོ་བགྲང་ལས་འདས་པ་བཙོན་རྭ་ཆེན་མོ་རུའམ་དམར་གསོད་ལས་འདས་པ་རྣམས་དང་ལྷན་ཅིག་དུར་ས་རུས་མིང་བྲལ་བ་དག་ཏུ་གཟིམ་བསྡད་ཡོད།  དེ་དག་དང་མི་འདྲ་བར་ཕ་སི་ཐེར་ནག་གསོན་ཡོད་པ་སྟེ།  རེག་ཐབས་མཆིས་པའི་ཁོར་ཡུག་གི་གྲུ་ག་གང་རུང་ཞིག་དང་།  མོ་སི་ཁོ(Moscow)ཡི་གྲོང་མཐའི་གཞིས་ཁང་ཆེན་མོ་ཞིག་ཏུ།  ཁོས་ཤིག་སི་ཕེར(William Shakespeare, 1564-1616)གྱི་གསུང་རྩོམ་དག་ལོ་ཙཱ་གནང་ཡོད་ཅིང་།   གོ་ཐོས་སུ་ཁོས་ད་དུང་ཡང་རྩོམ་འབྲི་མཚམས་བཞག་མེད་སྐད།
   སྙན་ངག་པ་ཆེན་མོ་གཞན་ཞིག་སྟེ་ཨག་མ་ཐོ་ཝ་ཡང་ད་རུང་གསོན་ཡོད།   སྤྱིར་ན་གཞུང་ཕྱོགས་ཀྱིས་མོ་རང་མི་དམངས་ཀྱི་དགྲ་བོ་ཡིན་པར་དངོས་སུ་བསྒྲགས་པར་མ་ཟད།   ཏང་གི་དབུ་ཁྲིད་ཀྱིས་མོ་རང་འཆལ་མོ་ཞིག་ཡིན་པར་མངོན་སུམ་འཛེམ་མེད་དུ་བཤད་ནའང་།   མོ་རང་ད་དུང་འཚོ་བཞིན་ཡོད་པར་མ་ཟད།  འུ་ཅག་གི་ངོ་ཤེས་སྐོར་ཞིག་གིས་ཐག་རིང་ས་ནས་མོ་དངོས་སུ་མཐོང་མྱོང་།
   རྩོམ་པ་པོ་འདི་གཉིས་ཀྱིས་མྱངས་པའི་ལོ་རྒྱུས་ཀྱི་ལྗིད་ཤུགས་ཆེན་མོ་དེ།  ནུབ་ཕྱོགས་ཀྱི་ཡུལ་གྲུ་ཁག་གི་རྩོམ་པ་པོ་ཞིག་གི་སེམས་ཁུར་ཙམ་དང་བསྡུར་ཐབས་ག་ལ་ཡོད།   ཧ་ལམ་ན་མཉམ་གྱི་གྲོགས་པོ་ཡོད་ཚད་དང་།   ཕ་སི་ཐེར་ནག་དང་ཨག་མ་ཐོ་ཝ་ཡི་མི་ཐོག་གཅིག་གི་རྩོམ་པ་པོ་མང་པོ་ཟླ་འགའི་ཡུན་ལ་གཅིག་རྗེས་གཉིས་མཐུད་ཀྱིས་འཆི་བདག་གི་ལག་ཏུ་ཚུད།   ཁོ་གཉིས་རང་ཉིད་རྒྱུ་རྐྱེན་གང་མང་གི་དབང་གིས་བཙོན་ལས་ཐར།   རྒྱུ་མཚན་གཙོ་བོ་ཞིག་ནི་གཞུང་ཕྱོགས་ཀྱིས་ཁོ་གཉིས་དཔེ་བཟང་མི་སྣ་བྱས་ཏེ།  གཞན་དག་ལ་འཇིགས་པ་བཟོ་བའམ་རེ་བ་ལྟར་སྣང་བ་ཞིག་སྟེར་བསམ་པ་དེ་རེད།   ཁོ་གཉིས་ཀྱི་གློ་ཤིན་ཏུ་ཉེ་བའི་གྲོགས་པོ་དང་ཉེ་འབྲེལ་དག་ཀྱང་བཙོན་དུ་བཅུག་མྱོང་།  ཁ་ཤས་ད་དུང་བཙོན་ལས་འདས་པར་གྱུར་པས།   སྙན་ངག་པ་གཉིས་ཀར་སྐྱེ་བོ་སྲོག་ཐར་བྱུང་བ་དག་གིས་འཇིགས་པ་ལས་མ་ཐར་བ་དག་ལ་འཆང་བའི་ནོངས་པ་ཟབ་མོ་སྐྱེ་མྱོང་།   ཁོ་གཉིས་ལ་རྩོམ་སྤེལ་བའི་སྐལ་བ་མེད་ལ།   ཕ་རོལ་པོས་གླེང་དུས་ཀྱང་ལྡོག་ཕྱོགས་ནས་བཤད་པ་ཙམ་རེད་མོད།  འདི་སྡུག་བསྔལ་ཆེན་པོ་དེ་དང་བསྡུར་ཐབས་ག་ལ་ཡོད།  ཨུ་རུ་སུའི་སྲོལ་རྒྱུན་གྱི་རིག་སྨྲ་བའི་སྡེ་རུ་ནར་སོན་ཅིང་།  ཡོ་རོབ་ལའང་གསལ་ཆ་ཤིན་ཏུ་ཆེ་ནའང་།   ཁོ་གཉིས་ནུབ་ཕྱོགས་ཀྱི་རྒྱལ་ཁབ་དག་ལ་རྦད་དེ་བཀག་ནས་གསང་བ་གསང་རྐྱང་བྱས་ཡོད།   ཧ་ལམ་ལོ་ངོ་སུམ་ཅུ་ལྷག་གི་ཡུན་ལ།  ནུབ་ཕྱོགས་ཀྱི་སྐྱེ་བོ་གཉིས་ཨག་མ་ཐོ་ཝར་བཅར་མྱོང་།  དེ་ལས་གཅིག་ནི་སྐུ་དྲག་ཨི་སེ་ཨ་པེར་ལིན(Isaiah Berlin,1909-1997)ཡིན་ཅིང་།   ཁོ་གཉིས་ངོ་འཕྲད་པ་དེས་གཞུང་ཕྱོགས་ལ་མོར་ཉེས་པ་ཡ་མ་བརླ་ཞིག་འགེལ་བར་ཁ་གཡར་ས་ཞིག་བཟོས།    མོ་དང་ཕ་སི་ཐེར་ནག་གཉིས་ཀ་དུས་རབས་བཅུ་དགུའི་ལོ་རབས་ཉི་ཤུའི་རྗེས་ནས་འཛམ་གླིང་རྩོམ་རིག་དང་འབྲེལ་ཐག་ཡོངས་སུ་ཆད།   དེ་བས་ཁོ་གཉིས་ཀྱིས་སར་ཐྲེ(Jean-Paul Sartre, 1905-1980)རམ་པེ་ཁེ་ཐི(Samuel Beckett, 1906-1989)ཡི་སྨྱུག་འོག་གི་མི་སྣ་དག་ལས་ཀྱང་འགྲོ་བ་མིའི་ཁུངས་མེད་དགོད་བྲོ་བའི་རང་བཞིན་ཚོར་ཐུབ།    སྙན་ངག་ཁོ་ན་སྟེ།    རང་དབང་ལྡན་ཅིང་འཇིགས་པ་བྲལ་བའི་རྩོམ་ལུས་འདིས་ད་གཟོད་མངོན་སུམ་གྱི་སྟོང་བ་འདི་དག་གསབ་ཅིང་།    རིགས་པ་དང་ལྡན་པར་བྱས་ནས།    འཇིག་རྟེན་དེའི་གཅིག་རྐྱང་བ་དང་བཀོད་སྒྲིག་རང་བཞིན་གང་དེ་འགོག་པར་རྩོམ་ནུས།  སོ་ཝི་ཨེད་ཀྱིས་དབང་བསྒྱུར་སྐབས་ཆོས་ལུགས་བཅོམ་ཞིང་།   ཆབ་སྲིད་ནི་སྨྱོ་ཧམ་ཆེ་བའམ་སྙིང་པོ་བྲལ་བའི་ཆོ་ག་ཙམ་དུ་གྱུར།    དོན་ལ་དེ་གཉིས་ཀའང་དོན་གཅིག་ཡིན།    སྙན་ངག་གིས་ཆོས་ལུགས་དང་ཆབ་སྲིད་ཀྱི་ཚབ་ཏུ་གྱུར།   འདི་ནི་སྙན་ངག་ལ་ཤིན་ཏུ་གནོད་པ་ཆེ་མོད།    རླབས་ཆེ་བའི་ཨག་མ་ཐོ་ཝ་དང་ཕ་སི་ཐེར་ནག་གཉིས་ཀྱི་སྙན་ངག་དག་འགག་སྒོ་འདི་ལས་ཡོངས་སུ་གྲོལ་ཡོད།
ཕ་སི་ཐེར་ནག
   ཕ་སི་ཐེར་ནག་གིས《སྨན་པ་རི་ཝ་གོ》(Doctor Zhivago, 1956)ཞེས་པར་བརྟེན་ནས་ནོ་པེལ་རྩོམ་རིག་བྱ་དགའ་ཐོབ་དུས་ང་རང་ལོ་ན21ལོན་པ་ཙམ་ཡིན།    དེ་རག་བར་ངས་ཧ་ལམ་ཁོའི་སྙན་ངག་ཐམས་ཅད་བཀླགས་མྱོང་ཞིང་མང་པོ་ཞིག་བློ་ལའང་ཟིན་ཡོད།    ཕ་སི་ཐེར་ནག་གིས་ཀློག་པ་པོ་དང་ཐོ་རེ་ལོང་ཙམ་གྱིས་ཞལ་བརྡ་གནང་དུས་ཀྱི་མགྱོགས་ཚད་དང་གནད་དུ་ཁེལ་ཚད།    ཁོའི་དཔེ་དང་གཟུགས་འགོད་སྟངས་སྔོན་མེད་དཔེ་གསར་ཆེ་བ།    ཁོས་འཇིག་རྟེན་འདི་དང་སྙན་ངག་གི་བརྗོད་གཞིའི་བར་མཚམས་ཆད་མེད་དུ་སྦྲེལ་བའི་སྟོབས།    ཁོས་ཞིབ་ཆ་གནད་དུ་བཏོན་ནས་འབྲི་ཞིང་དཀོན་མཆོག་གིས་ག་ས་གང་དུ་ཁྱབ་པ་བཅས་འདི་དག་གིས།    གཞོན་ནུ་ཞིག་གི་སྐབས་དེ་དང་དུས་ཕྱིས་ཀྱིས་མི་ཚེའི་ལམ་རིང་ནང་སྙན་ངག་གི་སྐྱོན་ཡོན་འབྱེད་པ་ལ་བླང་དོར་གྱི་ཐིག་ཤིང་ཞིག་སེམས་སུ་བཞག     ཁོའི་སྙན་ངག་གི་དེབ་ཅིག་ག་ས་གང་དུ་སྤེལ་བཞིན་པ་ལས་ཁོའི་སྒྲུང་གཏམ་སྐབས་དེར་ད་དུང་བཀླགས་མྱོང་མེད།    ལན་ཅིག་ངས་ཁོའི་སྙན་དེབ་སློབ་གྲྭའི་ཇ་ཁང་དུ་བརྗེད་དེ་ཆུ་ཚོད་ཕྱེད་ཀྱི་འཕྲོར་གཞི་ནས་ཡིད་ལ་ཤར་ནས་བརྒྱུགས་ནས་ཡིག་གཏག་འཕྲུལ་ཆས་ཀྱིས་གཏག་པའི་ངའི་སྙན་དེབ་ཅིག་མཐོང་ཨེ་བྱུང་དྲིས་དུས།    ཞབས་ཞུ་མ་ཞིག་གིས་འབྲི་དེབ་ཁྱེར་ཡོང་ཞིང་ཀུ་རེའི་ཉམས་ཀྱིས་ཁྱོད་ཀྱི་སྙན་ངག་དངོས་གནས་ཡག་པོ་འདུག་ཟེར།   ཕ་སི་ཐེར་ནག་གི་སྙན་དེབ་ལ་ངའི་སྙན་དེབ་ཅེས་བོས་པའང་སྐབས་དེ་དུས་ལ་མཚོན་ན་གུ་ཡངས་གཏོང་ཆོག་ཆོག་གི་བྱ་ཐབས་ཤིག་ཅི་ལ་མིན།
   ཕ་སི་ཐེར་ནག་ལ་ནོ་པེལ་རྩོམ་རིག་བྱ་དགའ་ཐོབ་རྗེས་གཞན་གྱི་འཚེ་བ་ཐེབས་པའང་བློ་ལས་འདས་པ་ཞིག་ཁྱོན་ནས་མ་རེད།    ཡིན་ནའང་སྐབས་དེར་ཐོག་དང་པོར་ངས་རྒྱལ་ཁབ་དེའི་མི་མ་ལུས་པ་གཞུང་ཕྱོགས་ནས་འགྲེང་གི་ཡོད་པ་མིན་པའང་ཤེས།    ཚོགས་འདུའི་སྐབས་སམ།    ཚགས་ཤོག་གང་རུང་དུ་ཕ་རི་ཐེར་ནག་ལ་ཉེས་པ་བཙུགས་ཏེ།   རང་རློམ་ཆེ་པོས་ཁོའི་རྩོམ་དག་བཀླག་མ་མྱོང་ནའང་མ་བཀླག་པས་ཀྱང་དེ་དག་སྐྱུག་བྲོ་བ་ཞིག་ཡིན་པ་ཤེས་ཡོང་ཞེས་སྒྲོག  ངེད་ཅག་མི་བཞི་ཡིས་ཁོའི་སྙན་ངག་ལ་བློ་ཤོར་ཚུལ་གྱི་འཕྲིན་པ་ཞིག་སྤྲིངས།  དེའང་གཞུང་ཕྱོགས་ཀྱི་སྦྲག་ཟམ་མ་ལག་ཏུ་མེད་པའི་སྙན་ངག་པར་བསྐུར་བ་ཡིན།  ཧ་ལམ་ལོ་གཅིག་ལྷག་གི་རྗེས་སུ།  ཕ་སི་ཐེར་ནག་གི་ཕེ་རེ་ཏེལ་ཀི་ནོ(Peredelkino)ཡི་གྲོང་མཐའི་གཞིས་ཁང་དུ་ང་རང་ཁོ་ལ་འཕྲད་ཐུབ་པ་བྱུང་།  དེ་ནི་འཕྲད་ཐེངས་གཅིག་པུ་དེ་ཡིན།    ཁ་བ་བབས་ཏེ་ནམ་ཟླ་གསལ་དྭངས་ངེར་ཡོད་པའི་ཉིན་དེར།  སྐྱེས་པ་ལུས་ལ་སིའུ་ཐི(Suit)ལྷོད་ཆ་ཅན་ཞིག་གོན་པ།   དབུ་སྐྲ་སྐྱ་བོར་གྱུར་ནའང་།    རྣམ་རིག་གསལ་ཞིང་བཀྲ་བ་ཞིག་གིས་ང་དང་ངའི་ཟླ་བོ་ལ་སྒོ་ཕྱེས་ཏེ།    གཞིས་ཁང་གི་ཉི་ཁྱམས་སུ་ཤིང་གི་ཅོག་ཙེ་ཞིག་གི་མདུན་དུ་སྡོད་དུ་བཅུག་པ་དང་།    བགྲོ་བ་མགོ་བརྩམས་ཏེ་གླེང་གཞི་གཅིག་ནས་གཅིག་ལ་བསྒྱུར་ཅིང་།    ཧ་ལམ་ངེད་ཅག་ལ་མིན་པར་ཁོ་རང་གིས་རང་ཉིད་ལ་བགྲོ་བཞིན་པ་དང་འདྲ།    དེ་ལྟ་ནའང་ཁོའི་ལེ་ལོའི་བརྟུལ་ཞུགས་འཛིན་པའི་མིག་གིས་སྔར་བཞིན་དོན་མང་པོ་ཞིག་ལ་སྣང་བ་བྱུང་སོང་།   ཁོའི་སྐད་ཆ་དག་ལ་མགོ་རྔ་མི་འདུག་ནའང་།    བརྗོད་གཞི་གཉིས་ལྟེ་བ་རུ་བཟུང་ཡོད།  གཅིག་ནི་བྱུང་ཟིན་པའི་དོན་གང་མང་ཞིག་གི་རྐྱེན་གྱིས་ཁོ་རང་བླང་དོར་གྱི་ཚད་གཞི་མི་འདྲ་བའི་འཇིག་རྟེན་ཞིག་ཏུ་འཚོ་ཐབས་མི་བྱ་ཐབས་མེད་ཡིན་ཅིང་།  ཚགས་ཤོག་ཏུ་ཅི་ཞིག་སྨྲས་ཡོད་པ་དང་།    ཐ་ན་གཞུང་ཕྱོགས་ཀྱིས་ཁོ་ལ་འཚེ་བ་ག་འདྲ་བཟོ་སྲིད་པའང་གལ་མི་ཆེ་བ་ཞིག་ཏུ་གྱུར་ཡོད་ཚུལ་དང་།    ཅིག་ཤོས་ནི་མི་རྣམས་ཀྱིས་རྩོམ་རིག་གང་དེ་འདུ་ཤེས་འཛིན་སྟངས་དང་འདུ་ཤེས་འཛིན་སྟངས་མ་ཡིན་པ་དང་།    ཀུན་སྤྱོད་དང་ཀུན་སྤྱོད་མ་ཡིན་པ་ཞེས་གཉིས་སུ་བཀར་བ་ནོར་ཡོད།    དོན་ལ་རྩོམ་མཛེས་ཙམ་པ(belles lettres)དང་།   རྩོམ་ཡང་དག་པ་གཉིས་སུ་མ་གཏོགས་ཕྱེ་ཡི་མེད།   རིགས་སྔ་མ་དེ་རིག་པ་བཀྲ་ལ་སྤྲོ་བས་དོད་པ་ཞིག་ཡིན་སྲིད་པ་སྟེ་དཔེར་ན་ཐོ་མ་སི་མན(Thomas Mann, 1875-1955)ལྟ་བུ་དང་།   ཕྱི་མ་ནི་འཇིག་རྟེན་རང་རྐྱ་འཕེར་བ་འབའ་ཞིག་ཡིན་པ་སྟེ་ཏོ་སི་ཐོ་ཡེབ་སི་ཀེ(Fyodor Dostoevsky, 1821-1881)དང་ཧེ་མིང་ཝེ(Ernest Hemingway, 1899-1961)གཉིས་ཀྱི་སྒྲུང་ལྟ་བུ་རེད་ཅེས་སྨྲས་སོང་།   སྐབས་དེར་ཁོ་དང་ངེད་ཅག་ནང་བཞིན《གདུང་ཅོང་སུ་ལ་དཀྲོལ》(For Whom the Bell Tolls, 1940)དང《རྒད་པོ་དང་རྒྱ་མཚོ》(The Old Man and the Sea, 1952)གཉིས་བཀླགས་མ་ཐག་པ་ཡིན་འདུག    ཁོས་རང་གི་སྙན་ངག་དག་རྩོམ་མཛེས་ཙམ་པ་དང་།  《སྨན་པ་རི་ཝ་གོ》ཁོ་ན་རྩོམ་ཡང་དག་པའི་ཁོངས་སུ་བསྡུས་ཤིང་།  དེ་ལྟར་ཤོད་དུས་དོགས་ཀྱང་ཅུང་ཟོན་གྱི་འདུག    ང་ལྟ་བ་འདི་ལ་མི་འཐད་ཚུལ་བཤད་ནའང་ཁོའི་རིག་པ་མྱུར་ཅིང་བློ་གསར་འཕེལ་བས་འབྲས་བུ་མ་བྱུང་།  གཞིས་ཁང་དང་ཁ་གྱེས་དུས་ངའི་ཟླ་བོས་དཀོན་མཆོག་གིས་མཁྱེན།   ཁོ་ད་དུང་ལོ་ཉི་ཤུ་ལྷག་ལ་གསོན་ཐུབ་ཀྱི་འདུག་ཅེས་སྨྲས་སོང་ནའང་།   ཟླ་བ་དྲུག་གི་རྗེས་སུ་ཁོ་སྐྲན་ནད་ཀྱི་དབང་གིས་ཕྱི་མའི་ཡུལ་དུ་ཆས་སོང་།
   ངས་ཕ་སི་ཐེར་ནག་གི་སྙན་ངག་ཁག་ཅིག་ལི་ཐོ་ཝན་ཉི་ཡའི་སྐད་དུ་བསྒྱུར་ཅིང་།  ཁོ་ཚེ་ལས་འདས་རྗེས་ཐབས་ཤེས་སྣ་ཚོགས་འཐེན་ནས་འགྱུར་དེ་དག་སྤེལ་བ་ཡིན།    རྒྱུ་མཚན་ནི་གཞུང་ཕྱོགས་དོན་དེ་དག་ལ་ནོངས་པ་སྐྱེས་ཤིང་།   ནོ་པེལ་རྩོམ་རིག་བྱ་དགའི་སྐོར་གྱི་བྱ་ངན་དེ་དག་ཕྱི་ལ་གསང་ཐབས་བྱེད་ཀྱི་འདུག  ལར་རྒྱ་མི་ཆེ་ལ་འཁྲུག་ཆ་མི་དོད་ནའང་།    ལི་ཐོ་ཝན་ཉི་ཡ་ནི་སྐབས་དེར་སྙན་ངག་པ་འདི་ཉིད་དགུང་ལོ་དོན་ལྔ་བཞེས་པའི་འཁྲུངས་སྐར་ལ་རྗེས་དྲན་བྱས་པའི་སོ་ཝི་ཨེད་ཀྱི་ས་ཆ་གཅིག་པུ་ཡིན།    ལི་ཐོ་ཝན་ཉི་ཡའི་གནས་སྐབས་དམིགས་བསལ་པ་འདི་ལ་བརྟེན་ནས་ངེད་ཅག་གིས་དོན་གལ་པོ་ཆེ་རེ་བཟོ་འཆར་བྱས།   དེ་ནི་ཨག་མ་ཐོ་ཝ་ཡི་སྙན་འབུམ་པར་དུ་བསྐྲུན་རྒྱུ་དེ་ཡིན།  སྐབས་དེར་རྒྱལ་ཁབ་ལའང་འགྱུར་བ་འགྲོ་ཡི་འདུག་པས་མོ་ལ་འཕྲད་པའི་སྐལ་བ་ཡག་པོ་གཅིག་མིན་མང་དུ་བྱུང་།    ཨག་མ་ཐོ་ཝ་ནི་བཙོན་ཁང་དང1937ལོའི་དྲག་གནོན་ཆེན་མོའི་སྐོར་གྱི་སྙན་དེབ་ཅིག་བྲིས་མྱོང་བའི་སྙན་ངག་པ་གཅིག་པུ་ཡིན་པར་མ་ཟད།   སྐབས་དེར་ད་དུང་དོན་མང་པོ་ཞིག་བྱུང་མ་ཐག་ཅིང་།    དེབ་དེ་མོ་དང་མོའི་གྲོགས་པོ་བློས་ཐུབ་སྐོར་ཞིག་གི་བློ་ལ་ཡོད་པ་ཙམ་ཡིན་པས།    རྒྱུ་ཆ་འདི་དག་ནི《སྨན་པ་རི་ཝ་གོ》ལས་ཀྱང་གླེང་གཞི་ཛ་དྲག་དང་བརྗོད་རིན་ཆེ།   ཆེ་ཕྱོགས་ནས་དེབ་འདི་ནི་ཨུ་རུ་སུའི་ཡོན་ཏན་པ་དག་གིས་མཚན་ཉིད་རིག་པའི་སྙིང་པོ་ཞིག་འཚོལ་བའི་སྒྲུང་གཏམ་འབའ་ཞིག་ཡིན་ནའང་།  1963ལོར་མིང་ལ《རྣམ་ཤེས་ཞི་བྱེད་ཀྱི་གདངས》ཞེས་པའི་དེབ་དེ་ནུབ་ཕྱོགས་རྒྱལ་ཁབ་དག་ཏུ་སླེབས་དུས།    གཞུང་ཕྱོགས་ཀྱིས་ཁ་རོག་གེར་སྡོད་པ་ནི་ཐབས་ཤེས་ཤིག་ཡིན་པར་འདོད་ནས།    ཨག་མ་ཐོ་ཝ་ལ་ཁ་ཡ་མ་བྱས་པར་བསྡད།
   སྙན་ངག་པ་ཆེན་མོ་དག་བསྡུར་བ་ལ་སུ་རྒྱལ་སུ་ཕམ་གྱི་འབྲས་བུ་འབྱུང་བ་ཧ་ལམ་མེད་མོད།   ངས་ཕ་སི་ཐེར་ནག་གིས་ཁོས་ལན་རེར་ལྷན་སྐྱེས་ཀྱི་ཤེས་རབ་གང་དེ་ཁོང་དུ་སྡུད་ཐུབ་མི་འདུག་པས།   སྙན་ངག་དག་ཀྱང་དོ་མཉམ་པ་ཞིག་ཡོང་མེད་པར་འདོད།   དེ་ལས་ལྡོག་སྟེ་ཨག་མ་ཐོ་ཝ་ཡིས་ཤེས་རབ་དེའི་མདུན་དུ་ཁེངས་པ་སྐྱུང་བས་དེ་ལ་དབང་ཡོངས་སུ་འབྱོར་འདུག    སྔ་མ་དེ་དང་མི་འདྲ་བར་ཨག་མ་ཐོ་ཝ་སྙན་ངག་གསར་པ་བའི་འབྲི་ལུགས་ལ་འདུན་པ་ཆེན་པོ་མེད།    མོའི་སྙན་ངག་གི་ཚིག་གནད་དུ་ཁེལ་བ།    རབ་ཏུ་དྭངས་པ།   སྒྲའི་འདེགས་འཇོག    བརྡ་སྤྲོད་པ་དང་ཚིག་གི་གྲུབ་སྟངས་ཐམས་ཅད་ཀྱང་ཀུན་སྤྱོད་ཀྱི་འགན་ལ་བབ་པ་ཞིག་ཏུ་མཐོང་བས།   ཧ་ལམ་ལེགས་བཤད་ཀྱི་ལུགས་སྤྱད་པ་མང་བས།   ཕྱི་ངོས་ཀྱི་གསར་ཉམས་ལ་དང་དོད་བགྱིས་ནས་ཀློག་པ་པོའི་མིག་ལ་མཚར་ཉམས་ཀྱི་ངལ་བ་མི་སྟེར།  རྣམ་པ་འདི་དག་གིས་སྙན་ངག་པའི་འབྲི་རྩལ་གྱི་ཆའམ་བརྩེ་བ་ཡི།  ཡང་ན་ཀུན་སྤྱོད་ཀྱི་ངོས་ཀྱི་ཞན་ཆ་མ་ལུས་ལག་མཐིལ་གྱི་སྐྱུ་རུ་ར་བཞིན་འཛེམ་མེད་དུ་བཀྲམ་ཡོད།  ཨག་མ་ཐོ་ཝ་ཡི་སྙན་ངག་གིས་སྒྲ་གདངས་ཀྱིས་ཐམས་ཅད་ལ་དབང་བྱེད་པ་དང་།  སྐད་ཆར་སྡུད་པ་ཆེ་ཞིང་དཀྱུས་གཅིག་ཏུ་ངེས་པའི་སྟོབས་ཀྱིས་མི་རྣམས་ངོ་མཚར་བར་བྱེད་ཅིང་།  སྐད་ཀྱི་གདངས་དང་སྐད་ཆ་འདི་ལྟ་བུས་སྨྲ་བསམ་བརྗོད་འདས་ཀྱི་ཆོས་དེ་དག་ཀྱང་བརྗོད་ཐབས་མཆིས་པ་ལྟར་སྣང་།  《རྣམ་ཤེས་ཞི་བྱེད་ཀྱི་གདངས》དེ་དེབ་གཞན་དག་ལས་ཀྱང་དེ་ལྟའོ།  །དོན་ལ་ངས་སྐབས་དེར《རྣམ་ཤེས་ཞི་བྱེད་ཀྱི་གདངས》ནང་གི་སྙན་ངག་ཁ་ཤས་མ་གཏོགས་བཀླགས་མ་མྱོང་མོད།   ངས་བསྒྱུར་བའི་སྙན་ངག་དེ་དག་མོར་སོ་ཝི་ཨེད་དུ་སྤེལ་ཐུབ་མིན་ལྟ་བསམ་པ་ཡིན།  དེ་ལ་དཀའ་ཁག་ཆེ་བ་སྨྲས་མ་དག
ཨག་མ་ཐོ་ཝ།
   ན་གཞོན་སྙན་ངག་པ་མང་པོས་ཨག་མ་ཐོ་ཝས་ཁོ་ཚོའི་སྙན་ངག་ལ་བསྟོད་པའི་ཕྱིར་མོ་དེད་ནས་མ་བཏང་བས།   གཞན་གྱིས་ང་ལ་གཟབ་གཟབ་ཀྱིས་ཞེས་སྨྲས་མྱོང་།    མོས་ན་གཞོན་སྙན་ངག་པ་དེ་དག་ལ་ཤོད་རྒྱུའི་ཚིག་ཐུང་ངུ་འགའ་རེ་གྲབས་བྱས་འདུག་པ་སྟེ།    དཔེར་ན་ཁྱོད་ཀྱིས་སྙན་ངག་གི་དཔེ་དགོད་སྟངས་ཤེས་འདུག    ཡང་ན་ཁྱོད་ཀྱི་སྙན་ངག་ལ་སྒྲ་རྒྱན་ཡག་པོ་བྱུང་འདུག་ཅེས་པ་ལྟ་བུ་སྟེ།    སྐད་ཆ་འདི་ལྟ་བུའི་དོན་ནི་གླེང་བར་བྱ་བའི་སྙན་ངག་དེ་ཅི་ཡང་མ་ཡིན་པར་བསྟན་ཡོད།   སྙན་ངག་འདི་ལ་གསང་བ་ལྐོག་གྱུར་གྱི་ཚོར་བ་ཞིག་འདུག་ཅེས་སྨྲ་དུས་ད་གཟོད་མོར་སྤྲོ་བ་སྐྱེས་པ་ཡིན་འདུག   སྐབས་དེར་སོལ་རེན་ཉི་ཚེན(Solzhenitsyn, 1918-2008)གྱིས་སྙན་ངག་ཁ་ཤས་སྟོན་དུས་མོས་ཁྱོད་ཀྱི་སྙན་ངག་ལ་གསང་བའི་ཆ་ཤས་ཤིག་ཆད་འདུག་ཅེས་སྨྲས་པར།    ཁོས་དེས་ན་ཁྱོད་ཀྱི་སྙན་ངག་ལ་གསང་བའི་གྲུབ་ཆས་ཅུང་མང་འདུག་པ་མ་རེད་དམ་ཞེས་ལན་གདབ་དགོས་པར་དགོངས།  ཨག་མ་ཐོ་ཝས་ཚིག་ཐུང་སྤྱིར་བཏང་བ་ཁ་ཤས་ཀྱིས་ངའི་འགྱུར་ལ་བསྔགས་པ་བརྗོད།  ལས་ཡག་པ་ཞིག་ལ་མོའི་གྲོགས་པོ་དང་སྐད་བརྡ་རིག་པ་བ་ཡི་ཝན་ནོབ(ད་ལྟ་ཁ་ལི་ཧྥོར་ཉི་ཡ་སློབ་ཆེན་གྱི་ལོ་སི་ཨན་ཇེ་ལོ་སི་ཡན་ལག་སློབ་གྲྭའི་སློབ་དཔོན་ཆེན་མོ་ཡིན)ལགས་ཀྱིས་ལི་ཐོ་ཝན་ཉི་ཡའི་སྐད་མཁྱེན་གྱི་ཡོད་སྟབས།   མོར་འགྱུར་འདི་དག་ལ་གསང་བའི་ཚོར་བ་ཞིག་འདུག་ཅེས་སྨྲས་སོང་བས།  ང་རང་མོ་ལ་ཐེངས་དུ་མར་འཕྲད་ཐུབ་པ་བྱུང་།  ངའི་སྙན་ངག་བསྒྱུར་ཁག་པོ་འདུག་གམ་ཞེས་མོས་ལན་ཅིག་དྲིས་པར།   ངས་ཤིན་ཏུ་ཁག་པོ་འདུག་ཅེས་དྲང་གཏམ་བཤད།    ཕ་སི་ཐེར་ནག་གི་སྙན་ངག་བསྒྱུར་སྐབས་ཚིག་གནད་ལ་མ་ཁེལ་བ་དང་ཚབ་བྱེད་རུང་བ་རེ་ཡོད་ཆོག་མོད།  ཁྱོད་ཀྱི་སྙན་ངག་ལ་སྒྲིག་གཞི་ཧྲིལ་པོ་ཡོང་ཆེད་ཡི་གེ་རེ་རེ་བྱས་ནས་བསྒྱུར་དགོས་ཀྱི་འདུག་ཅེས་སྨྲས།    མོས་མོ་རང་གི་སྙན་ངག་ལ་འདི་ལྟར་བྱ་རིན་ཡོད་སྙམ་གྱི་འདུག
   དང་ཐོག་ང་དང་ཨག་མ་ཐོ་ཝར་ཁ་བརྡ་བྱ་ཁག་པོ་བྱུང་ཞིང་།   མོ་རྩེད་མཚར་ཆེ་ལ་སྐད་ཆ་བཙན་པོ་སྨྲ་མཁན་ཞིག་རེད་པས།    ངའོ་སྙམ་པའི་ཉམས་ཀྱིས་ཕ་རོལ་པོས་ལབ་པའི་སྐད་ཆ་དག་ལ་སྙིང་པོ་ཅི་ཡང་མེད་པར་འདོད་ཚེ་དེ་མ་ཐག་ཕ་རོལ་པོའི་བཤད་མཚམས་གཅོད་པའམ།    ཡང་ན་ཁ་བརྡའི་ཁྲོད་གླེང་བའི་རྩོམ་པ་པོ་ཁ་ཤས་ལ་འཛེམ་མེད་ངང་ཟུར་ཟ་བའམ་ཁྱད་གསོད་བྱས་ཡོང་།  ཕྱི་ཚུལ་ལ་བལྟས་པ་ཙམ་གྱིས་ཀྱང་མོ་རང་རྒྱལ་མོ་ཞིག་སྟེ་དཔེར་ན་རྒྱལ་མོ་ཁཱ་སེ་རེན(Catherine the Great, 1729-1796)ལྟ་བུ་གཟུགས་རིང་ལ་སྟོབས་ཆེ་བ།  ལས་ཀ་དལ་བ།    གཞོན་ནུ་མའི་སྐབས་དང་རིང་དུ་བྲལ་ཏེ་ལོ་ན་བདུན་ཅུ་ལྷག་ལ་སླེབས་པའི་ཉམས་མངོན་ཡོད་པ་ཞིག་རེད།    ཕྱིས་སུ་ངས་གཞི་ནས་མོ་རང་ཤིན་ཏུ་ཁེར་ཧྲེང་བ་དང་།   རེ་ཐག་ཆད་པའི་ངང་འཚོ་ཞིང་།  གྲོགས་པོ་ཤིན་ཏུ་མཁོ་བར་ཤེས།    དོན་ལ་སྐབས་དེར་མི་རབས་གསར་པའི་གཞོན་ནུ་ཕོ་མོ་སྐོར་ཞིག་མོའི་འཁོར་དུ་འདུས་ཡོད།    མོ་སི་ཁོ་རུ་མོ་ལ་སྡོད་ཁང་མེད་པས་གྲོགས་པོ་ཞིག་གི་ཁྱིམ་དུ་བསྡད་ཡོད་ཅིང་།    རྒྱུན་དུ་གློག་སྐས་མེད་པའི་ཐོག་བརྩེགས་ལྔ་པའམ་དྲུག་པ་ཡིན་ལ།    དེ་གར་སླེབས་རྗེས་མོ་རང་ཧ་ལམ་ཁ་མི་གྱེས་པ་ལྟར་དུ་སྡོད་པར་བྱེད།    མོ་འདྲ་བར་སྙིང་ནད་ཡོད་པ་དག་ཐོག་བརྩེགས་གཅིག་ལ་ཡར་འགོ་བར་ཆུ་ཚོད་ཕྱེད་དམ་གཅིག་དགོས།   མོས་སྙན་ངག་པ་དག་ལོ་ན་ངེས་གཏན་ཞིག་ལ་སླེབས་ཚེ་ངེས་པར་དུ་གཟབ་གཟབ་བྱ་དགོས།  སྙན་ངག་གང་རུང་ཞིག་ཀྱང་སྙན་ངག་མཐའ་མ་ལ་འགྱུར་ཉེན་ཆེ་བས་སྙན་ངག་ཞན་པོ་གཅིག་ཀྱང་འབྲི་མི་ཉན་ཞེས་ཟེར།
   ངས་མོ་དང་ནུབ་ཕྱོགས་ཀྱི་རྩོམ་རིག་འདུས་པའི་དོན་མང་པོ་ཁ་བརྡ་བྱས་ཤིང་།  དེའང་སྐབས་དེར་སྔར་ལས་སླ་པོར་ཀློག་ཐུབ་པར་འདུག  སྤྱིར་ན་ཁོ་ཚོ་ཤིན་ཏུ་མི་འདྲ་ནའང་མོ་ཨ་རིའི་རྩོམ་པ་པོ་ཧྥོལ་ཁི་ནེར(William Faulkner, 1897-1962)དང་།  ཨེར་ལན་གྱི་རྩོམ་པ་པོ་ཅོ་ཡེ་སི(James Joyce, 1882-1941)ལ་མོས་པ་འདུག    མོས་དགོད་ཞོར་ངས《ཡུག་ལེ་སེ་སི》(Ulysses, 1922)ཐེངས་ལྔ་དྲུག་ཙམ་ལ་བཀླགས་རྗེས་གཞི་ནས་དེར་ཅི་ཞིག་འཆད་བཞིན་པ་ཧ་གོ་སོང་ཟེར།  ལན་ཅིག་མོ་ན་རེ།    “ངའི་སྙན་ངག་འདི་ལ་ཉོན་དང་།    འདི་ཁབ་ཁའི་སྒྲུང་གཏམ《བཅད་ཁྲ》(Der Prozess, 1925)ཡི་བརྗོད་གཞི་གཞིར་བཟུང་ནས་བྲིས་པ་ཡིན།    ཡིན་ནའང་ངས་སྙན་ངག་འདི་བྲིས་ནས་ལོ་གཅིག་གཉིས་ཙམ་འགོར་རྗེས་གཞི་ནས་ཁབ་ཁའི་དེབ་བཀླགས་པ་ཡིན”ཟེར།    འོན་ཀྱང་མོས་ནུབ་ཕྱོགས་ཀྱི་སྙན་ངག་གསར་པའི་རིགས་གཅིག་ཀྱང་མ་ལུས་པར་ཁས་ལེན་གྱི་མི་འདུག  མོས་དེ་དག་ནི་རང་སྣང་གང་འདོད་ཀྱི་ཉམས་ཤིག་གིས་འཛེམ་མེད་དུ་ཟིན་འདུག་ཟེར།    མོ་ཚེ་ལས་མ་འདས་སྔོན་གྱི་ལོ་གཉིས་རིང་ལ་མོར་གཞི་ནས་གསར་བརྗེ་ཆེན་མོའི་རྗེས་སུ་ཐོག་དང་པོར་ནུབ་ཕྱོགས་ཀྱི་རྒྱལ་ཁབ་དག་ལ་ལྟ་སྐོར་དུ་འགྲོ་བའི་སྐལ་བ་བྱུང་།   མོ་ཝེ་ཉི་སེ(Venice)དང་།   རོམ(Rome)།  གླིང་ཕྲན་སི་སི་ལི(Sicily)སོགས་སུ་ཕྱིན་ཅིང་།   ངས་མོར་ཨི་ཏ་ལི་ལ་ཇི་འདྲ་དགའ་པོ་ཡོད་ཅེས་འདྲི་སྐབས་མོས་འཕྱིས་དྲགས་སོང་ཞེས་ལན་བཏབ།
   ཡིན་ནའང་ངེད་གཉིས་ཀྱིས་གླེང་ཐེངས་ཆེས་མང་བ་ནི་པུ་རོད་སི་ཀེ་སྟེ།   ད་ལྟ་བཙན་བྱོལ་དུ་གནས་པའི་གཞོན་ནུ་སྙན་ངག་པ་དེ་ཡིན་ཅིང་།   མོས་ཁོ་ནི་ཨུ་རུ་སུ་ཙམ་མ་ཟད་འཛམ་གླིང་གི་སྙན་ངག་པའི་སྡེ་ཡི་རེ་བའི་སྐར་ཆེན་དེ་ཡིན་པར་འདོད།   ངས་སྐབས་དེར་མིང་དེ་སྔོན་ནས་ཐོས་མྱོང་ཡོད་ལ།    ཡ་མཚར་བའི་སྟེས་དབང་ཞིག་གི་རྐྱེན་གྱིས་ངས་ཕ་སི་ཐེར་ནག་ཚེ་ལས་འདས་པའི་ཉིན་དེར་ཁོའི་མིང་གོ་བ་ཡིན།    དུས་དེར་ངས་ད་དུང་ཅི་ཞིག་བྱུང་བ་མ་ཤེས་པར།   ང་དང་ངའི་གྲོགས་པོ་ཞིག་གིས་མོ་སི་ཁོ་ཡི་ས་འོག་སྒྱུ་རྩལ་པ་ཞིག་གི་ཁྱིམ་དུ་བསྡད་དེ།   གྲོགས་པོས་སྐད་ཆེན་པོས་སྙན་ངག་ཁ་ཤས་གྱེར་བྱུང་བར།   ངས་སྙན་ངག་དེ་དག་ལ་ཉམས་ཅུང་ཞན་པར་འདུག་ནའང་།   དེ་དག་འབྲི་བའི་སྙན་ངག་པ་གང་དེ་མི་ཉམས་བསངས་ཅན་ཞིག་དང་།    ཁོ་དང་དུས་རབས་གཅིག་པའི་སྙན་ངག་པ་དག་ལས་གལ་ཆེ་བ་དང་།  རྩོམ་རྩལ་ཡག་པ་ཞིག་ཏུ་འགྱུར་བར་གདོན་མི་ཟ་སྙམ་བྱུང་།   པུ་རོད་སི་ཀེ་རང་གིས་ཀྱང་ཁོའི་གཞོན་ནུའི་དུས་ཀྱི་སྙན་ངག་དག་ལ་བྱིས་གཉོར་ཁང་ཞེས་དམན་བཤད་མཛད་མྱོང་།    དེའི་ཕྱི་ཉིན་ཞོགས་པར་ཕ་སི་ཐེར་ནག་ཚེ་འཕོས་པའི་གཏམ་མོ་སི་ཁོ་ལ་རླུང་ལྟར་ཁྱབ་པར་གྱུར།  པུ་རོད་སི་ཀེ་ནི་ཁོའི་རྗེས་འཛིན་པ་ཙམ་མ་ཡིན་པར་ཏག་ཏག་མི་རབས་གཅིག་གི་རྗེས་འཛིན་པའང་ཡིན།
   དུས་རབས་ཉི་ཤུ་པའི་སྟོད་ཀྱི་ཨུ་རུ་སུའི་སྙན་ངག་པའི་སྡེ་ལའང་སྙན་ངག་པའི་ཁྱུ་ཚོགས་ཤིག་བྱུང་མྱོང་།   མི་རྣམས་ཀྱིས་ཤེས་རབ་དང་བློ་གྲོས་ཀྱིས་ཕྱུག་པའི་སྐྱེས་བུའི་ཁྱུ་གང་རུང་ཞིག་འཚོལ་བ་ལ།   དཔེར་ན་དུས་རབས་བཅོ་ལྔ་པའི་ཧྥི་རེན་ཟེ (Firenze)ཡི་སྒྱུ་རྩལ་པའི་ཁྱུའམ།   ཡང་ན་དུས་རབས་བཅོ་བརྒྱད་པའི་ཝི་ཨེ་ནཱ(Vienna)ཡི་རོལ་མོ་པའི་ཁྱུ་སོགས་འཚོལ་བར་བྱེད་མོད།    དུས་རབས་ཉི་ཤུ་པའི་སྨད་དུ་སྙན་ངག་པ་འདི་དག་ཐམས་ཅད་རྒུད་པར་གྱུར་ཏེ།   པུ་རོད་སི་ཀེ་གཅིག་པུས་ཁེར་ཧྲེང་ངང་གནད་དོན་ཐམས་ཅད་ལ་གདོང་གཏད་དགོས་པ་བྱུང་ཞིང་།    དེའི་ཆར་ཁོ་ལ་འབྲས་བུའང་གཡུར་དུ་ཟ་བ་ཐོབ་ཡོད།    དེ་ནི་ཁོའི་གྲོགས་པོ་ཞིག་གིས་པུ་རོད་སི་ཀེ་ཡི་གནད་དོན་ནི་ཁོ་རང་ཆེས་ཕུལ་དུ་བྱུང་མིན་དེ་མ་ཡིན་པར།    ཁོ་རང་གཅིག་པུ་ལས་གཞན་གར་ཡང་བཙལ་དུ་མེད་པས་ཡིན་ཞེས་པ་བཞིན་ནོ། །
   སྙན་ངག་པ་གཞན་མང་པོའི་སྙན་ངག་ནང་བཞིན་པུ་རོད་སི་ཀེ་ཡི་སྙན་ངག་དག་ང་སར་འབྱོར་མགོ་བརྩམས་ཤིང་མང་ནས་མང་དུ་གྱུར།   ཁོ་ལ་སྤྱི་ཚོགས་ཀྱི་ནད་རོ་དང་འབུ་ཕྲའི་ནག་ཉེས་བཀལ་ཏེ་བཟུང་ཞིང་།    ཨུ་རུ་སུའི་བྱང་ཕྱོགས་སུ་རྒྱང་ཕུད་གཏོང་དུས།    ངས་ཟིན་བྲིས་དེབ་མང་པོ་ཞིག་ཏུ་ཁོའི་སྙན་ངག་བཤུས་ཚར།    ཁོ་རང་ཕྱིར་དགྲོལ་བའི་ཕྱིར་ཨག་མ་ཐོ་ཝ་ཡིས་ཐབས་ཤེས་ཡོད་རྒུ་འཐེན་ཅིང་།    ཕྱིས་སུ་ནུབ་ཕྱོགས་རྒྱལ་ཁབ་དག་གི་སྟོབས་ལ་བརྟེན་ནས་དོན་འཁྱོངས་པ་བྱུང་།    ཨག་མ་ཐོ་ཝ་ཚེ་ལས་འདས་རྗེས་ཀྱི་ལོ་དང་པོར་པུ་རོད་སི་ཀེ་རང་གི་གྲོང་བརྡལ་དུ་སླེབས་ཤིང་།    ཨག་མ་ཐོ་ཝའི་འདས་མཆོད་གྲུབ་རྗེས་པུ་རོད་སི་ཀེ་ལི་ཐོ་ཝན་ཉི་ཡ་རུ་འབྱོར་བ་དང་།  དེ་གར་ཁོས་བློས་ཐུབ་ཀྱི་གྲོགས་པོ་སྐོར་ཞིག་ངོ་ཤེས།  ལི་ཐོ་ཝན་ཉི་ཡ་ཁོའི་རྒྱལ་ཁབ་ཆེས་དགའ་ཤོས་ཀྱི་གྲས་སུ་ཚུད་ཅིང་།  གཞན་ད་དུང་ཕོ་ལན(Poland)དང་ཨི་ཏ་ལི་གཉིས་ཀྱང་ཡོད།  ཁོ་དང་ཨུ་རུ་སུ་དང་ཨ་མེ་རི་ཁའི་བར་གྱི་འབྲེལ་བ་ཅུང་ཟད་རྐྱ་འཐབ་ཅིང་རྙོག་ཆེ་བས།   དགའ་ཞེས་པའི་ཡིག་འབྲུ་འདི་གཅིག་པོ་ཙམ་གྱིས་མཚོན་མི་རིགས།
པུ་རོད་སི་ཀེ
   ལོ་ངོ་སུམ་ཅུ་ལྷག་གི་རིང་ལ་ངས་མཚམས་མ་ཆད་པར་ཉིན་ཐོ་བྲིས་ཤིང་།   པུ་རོད་སི་ཀེ་དང་ཁ་བརྡ་བྱས་པའི་རེག་ཟིག་ཀྱང་བསྡམས་མ་ཁ་ཤས་ཡོད།  གཅིག་བྱས་ན་ནམ་ཉི་མ་ཞིག་ལ་ཉིན་ཐོ་འདི་དག་དེབ་གཅིག་ཏུ་འགྱུར་ངེས་ལ།   དེབ་དེ་ངེད་གཉིས་ཀྱིས་ཝིལ་ཉིག་སི་རུ་བྱས་པའི་ཁ་བརྡ་ཐོག་མ་ནས་མགོ་བརྩམས་ཤིང་།  དེ་གར་པུ་རོད་སི་ཀེས་ངེད་ཅག་ལ་ཐོག་དང་པོར་ཁོའི་སྙན་ངག་བཀླགས་པ་ཡིན།  སྐབས་དེའི་རྣམ་པ་ངའི་ཉིན་ཐོ་རུ་འདི་ལྟར་འཁོད་འདུག  “ཁོའི་སྙན་ངག་ཀློག་པའི་སྒྲ་གདངས་དེ་ཁོའི་སྙན་ངག་རང་ལས་ཀྱང་འཇིགས་ཆེ་ཞིང་ཉན་སྟབས་མི་བདེ་བར་འདུག  ལྷའི་ཕོ་ཉ་ཞིག་གམ་མུ་སེ(Muse)ཡི་ངག་ལ་ཡུན་རིང་པོར་གསན་ཐུབ་མཁན་སུ་ཞིག་མཆིས་སམ”ཞེས་འཁོད་འདུག   དེབ་དེ་གཅིག་བྱས་ན་ཉིག་ཡོག(New York)གི་དཔལ་ཅོན་གྱི་ཆོས་ཁང་ཆེན་མོ(St. John’s Cathedral)རུ་སྤེལ་བའི་པུ་རོད་སི་ཀེ་ཡི་རྗེས་དྲན་ཚོགས་འདུ་ཡིས་མཇུག་བསྒྲིལ་བར་ངེས་ལ།    དེ་གར་སྔར་ཇི་ལྟ་བ་དེ་བཞིན་གྱི་སྒྲ་དེ་སྒྲ་ཐག་ལས་ཐོས་པར་གྱུར་ནའང་།    ད་ལྟ་དེ་ཉིད་མཚམས་འཇོག་པར་ཉེ་ཞིང་ངེད་ཅག་དང་རིང་དུ་གྱེས་བཞིན་འདུག    པུ་རོད་སི་ཀེ་ཡི་སྒྲ་ངེད་ཅག་གི་མཐའ་འཁོར་དུ་ལོ་ངོ་སུམ་ཅུ་ལྷག་གི་རིང་ལ་གྲགས་ཏེ།    མི་རབས་འདི་ལ་གཞན་གྱི་འགྲན་ཟླ་བྲལ་བའི་མྱོང་བ་ཁྱད་པར་བ་ཞིག་བསྩལ།
   པུ་རོད་སི་ཀེ་ལ་ཁོའི་སྔོན་བྱོན་པ་དག་ལས་ཆེ་བའི་སེམས་ཀྱི་རང་དབང་ཐོབ་ཡོད་སྲིད།  རང་དབང་གི་ཐིག་ཤིང་དེ་ཇི་ལྟར་ཆེ་རུ་ཡོད་དགོས་པ་དེ་སྲིད་དུ་སྐྱེ་བོ་དག་གིས་དངུལ་ལོར་ལག་ནས་སྤྲད་དགོས་ཀྱི་ཡོད་དེ།    དེ་ནི་ཁེར་རྐྱང་ཞེས་པ་དེ་ཡིན།    ལར་ཁོ་རང་སྔོན་ལས་ཀྱི་དབང་གིས་འཁྲུངས་སའི་ཡུལ་དུ་གྱུར་པའི་རྒྱལ་ཁབ་ཆེན་མོ་འདི་དང་མཐུན་ཐབས་མ་བྱུང་ནའང་།    ཁོ་རང་ཨུ་རུ་སུའི་སྐད་ཡིག་གི་རྒྱལ་ཁབ་ཆེན་མོ་དང་གཏན་ནས་བྲལ་མྱོང་མེད།  ཁོས་ཨུ་རུ་སུའི་སྙན་ངག་གི་རྒྱུད་པ་གཙོ་བོ་གཉིས་ཏེ།    ཨག་མ་ཐོ་ཝའི་ཚགས་དམ་ལ་གདོང་མཆོང་བའི་གསར་ཉམས་ཆེ་བ་དང་།    ཕ་སི་ཐེར་ནག་གི་འབྲི་ཐབས་གཉིས་གཞི་གཅིག་ཏུ་བསྲེས་ནས་སྔར་བས་ཉམས་ལྡན་ཅིང་བརྗིད་ཆེ་བ་ཞིག་ཏུ་བྲིས་ཡོད།
   པུ་རོད་སི་ཀེ་ལགས་དུས་རབས་འདི་འདྲ་ཞིག་ལ་ནར་སོན་པ་སྟེ།   དུས་རབས་ཉི་ཤུ་པའི་སྟོད་ཀྱི་ཆར་འཛེམ་མེད་དུ་བྱུང་བའི་འཇིགས་སྣང་དང་སྐྱོ་གར་གྱི་གདོང་འབག་དེ་དག    ཁུངས་མེད་དགོད་བྲོ་བའི་ཉམས་ཐམས་ཅད་བཅོམ་པར་བྱེད་ཅིང་གཡོལ་ཐབས་བྲལ་བ་དེས་བཤུས་པར་གྱུར་པས།    ཁོས་ནི་ཁུངས་མེད་ལུགས་བྲལ་གྱི་ཚུལ་འདི་ལས་བརྩམས་ཏེ།    སྟོང་བའི་ཀླད་དུ་སྙན་ངག་གི་གཞལ་ཡས་ཁང་ཆེན་མོ་ཉམས་ཀྱིས་ཕྱུག་པ་ཞིག་བརྩིགས་ནས།    ཨུ་རུ་སུའི་རིག་གནས་ཉམས་པ་སོར་ཆུད་དང་མ་ཉམས་རྒྱུན་མཐུད་ཀྱི་ལས་ཀ་སྤེལ་ཅིང་།  བསྐྱར་དུ་འཛམ་གླིང་གི་རིག་གནས་དང་གཞི་གཅིག་ལ་ཉམས་མེད་དུ་སྦྲེལ།  འདིའི་ཆ་ནས་ཁོ་ལ་དཔལ་ཕེ་ཐེར་པུར་གེ(Saint Petersburg)ཡི་རོགས་པ་ཐོབ་པའང་སྨྲས་མ་དགོས།    གྲོང་ཁྱེར་འདི་ནི་ཧ་ལམ་ཡོ་རོབ་གླིང་ཤར་མའི་གྲོང་ཁྱེར་གཅིག་པུ་ཡིན་ལ།    འདི་རུ་གནས་བཅས་པ་དག་ནུབ་ཕྱོགས་པའི་མདུན་དུའང་ངོ་གནོང་རང་རློམ་བྲལ་བ་ཞིག་ཅིས་ཀྱང་མི་དགོས།    ཁོས་ཝེ་ཉི་སེ་དང་རོམ།    ཉིག་ཡོག་སོགས་ཀྱང་རང་ཉིད་ཀྱི་གྲོང་ཁྱེར་ཡིན་པར་འདོད་ཅིང་།  དེ་དག་གིས་ཀྱང་ཁོ་ལ་བསུ་བ་བྱེད་མོད།     མཐར་གཏུག་ན་ཁོ་སྔར་བཞིན་དཔལ་ཕེ་ཐེར་པུར་གེ་པ་ས་སྐྱེས་རྡོ་སྐྱེས་ཤིག་ཡིན་པའི་ཐེ་ཚོམ་བཅད་ཆོག
   ངས་ཉིག་ཡོག་ཏུ་སྙན་ངག་པ་འདི་གསུམ་ཡིད་ལ་དྲན་ཅིང་།    དེའི་ནང་གི་གཉིས་གྲོང་ཁྱེར་འདི་རུ་གཏན་ནས་སྡོད་མྱོང་མེད་ལ།  མཐའ་མ་དེས་གྲོང་ཁྱེར་འདི་རུ་ཤེས་པ་དང་ལྡན་པའི་ཚེ་ཡི་འཕྲོ་མ་བསྐྱངས་མྱོང་།  ད་ལྟ་ཁོ་ཅག་སླར་ཡང་ཏོན་ནེ (John Donne, 1572-1631)དང་།   ཨོ་ཏེན(Wystan Hugh Auden, 1907-1973)།   ཕུ་ཤི་ཀིན(Pushkin, 1799-1837)།   པ་ར་ཐེན་སི་ཀེ(Baratynsky, 1800-1844)བཅས་ཀྱི་ཉེ་སར་འཚང་ཡོང་གིན་འདུག་ལ།     སྙན་ངག་པ་དག་ཀྱང་ཇི་སྲིད་ཁོ་ཚོའི་སྙན་ངག་གཞན་གྱིས་བཀླགས་པ་དང་།    གསན་པ་དང་།    སྐད་གཞན་ལ་བསྒྱུར་བ་དེ་སྲིད་དུ་ད་དུང་འཚོ་ཞིང་བཞུགས་པ་ལགས་སོ། །(རྩོམ་འགན་པ། རྟ་མགྲིན)
འབྲེལ་ཡོད་རྩོམ་ཡིག