ཀྲུང་གོའི་བོད་ལྗོངས་དྲ་བ།>དབུ་ལྷེ།

སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་ལ་ཐུགས་ཁུར་གནང་བའི་དངོས་བྲིས། (སྨད)

2015-03-13
  དེ་ནི་ཀྲུང་གོའི་ཕུགས་ཀྱི་འཕེལ་རྒྱས་ལ་སྣེ་ཁྲིད་བྱེད་པའི་སྲིད་འཛིན་འདུ་ཤེས་དང་འཐབ་ཇུས་བཀོད་སྒྲིག་ཅིག་རེད།
  —གསེར་རི་དངུལ་རི་དགོས་ལ་རི་སྔོ་ཆུ་དྭངས་ཡང་དགོས་པ་དང་། རི་སྔོ་ཆུ་དྭངས་ནི་གསེར་རི་དངུལ་རི་རེད། སྣོད་བཅུད་ཁོར་ཡུག་བློས་གཏོང་རིན་དོད་དུ་བྱས་ནས་དཔལ་འབྱོར་གྱི་གནས་སྐབས་འཕེལ་རྒྱས་ཡོང་རེ་གཏན་ནས་བྱེད་མི་རུང་།
   2014ལོའི་ཟླ་3ཚེས་14ཉིན་ཀྲུང་དབྱང་གི་ནོར་དཔལ་འགོ་ཁྲིད་ཚོགས་ཆུང་གི་ཚོགས་འདུ་ཐེངས་ལྔ་པའི་ཐོག་ཞིས་ཅིན་ཕིང་གིས་བཏོན་གནང་བའི་གནད་དོན་གྱིས་མི་རྣམས་ཀྱི་བློ་མུན་བསལ།
   ཁོང་གིས“ཆུ་བཅོས་ཀྱི་གནད་དོན་ལ་དེ་སྔོན་ང་ཚོས་བརྒྱུད་རིམ་ལྡན་པའི་ངང་ཞིབ་འཇུག་བྱེད་ཚད་འདང་གི་མེད། དེ་རིང་ང་ཚོས་སྤྱི་ཡོངས་ཀྱི་ཐོག་ནས་ཆུ་བཅོས་ཀྱི་ཐབས་ལམ་གསར་པ་ཞིག་ཆེད་མངགས་ཞིབ་འཇུག་བྱེད་དགོས་པ་ལས་མགོ་ན་ན་མགོ་སྨན་བཅོས་དང་རྐང་པ་ན་ན་རྐང་པ་སྨན་བཅོས་བྱེད་རྒྱུ་མེད”ཅེས་གསུངས་པ་རེད།
   ནགས་ཚལ་དང་། མཚེའུ། འདམ་ར་བཅས་ནི་རང་བྱུང་གི་ཆུ་མཛོད་ཡིན་ཞིང་། དེར་ཆུ་གསོག་འཇོག་དང་། ཆུ་ལོག་འགོག་པ། ཆུའི་སྤུས་ཚད་དང་མཁའ་རླུང་ལེགས་སུ་གཏོང་བ་བཅས་ཀྱི་ནུས་པ་ལྡན་ཡོད་མོད། འོན་ཀྱང་རྒྱལ་ཡོངས་ནང་གཞི་ཁྱོན་སྤྱི་ལེ་ངོས་གྲུ་10ལས་ཆེ་བའི་མཚེའུ་200ལྷག་ཙམ་ཆུང་དུ་ཕྱིན་པ་དང་། རྒྱལ་ཡོངས་སུ་མཚོའུའི་མཐའ་འཁོར་ཏུ་ཞིང་སྦོལ་བྱས་རྐྱེན་གྱིས་རང་བྱུང་མཚེའུ་1000ཙམ་མེད་པར་ཆགས་པ། རྒྱལ་ཡོངས་སུ་ལོ་ལྟར་སྨི་རྒྱ་དཔངས་གྲུ་བཞི་དུང་ཕྱུར་ཁྲི་1.6གྱི་ཆར་ཆུ་ཐད་ཀར་རྒྱ་མཚོར་རྒྱུག་ནས་བེད་སྤྱོད་གཏོང་ཐབས་བྲལ་བ་བཅས་རེད།
   དུས་བབ་ཛ་དྲག་དེར་དམིགས་ནས་སྤྱི་ཁྱབ་ཧྲུའུ་ཅིས་གནད་ལ་འཁེལ་བའི་ངང་ཆུ་དཀོན་པའི“རྒྱུ་མཚན་གལ་ཆེན་ཞིག་ནི་ཆུ་ཁོངས་ལྡན་པའི་སྣོད་བཅུད་བར་ཁྱམས་ཆེས་ཆུང་དུ་ཕྱིན་པ་དང་ཆུ་གསོག་སྣོད་ཆུང་དུ་ཕྱིན་ནས་ཆུ་གསོག་མི་ཐུབ་པ་དེ་རེད”ཅེས་གསུངས།
   ཆུའི་ཐོན་ཁུངས་མི་འདང་བ་མ་ཟད་ཆུའི་སྦགས་བཙོག་ཚབས་ཆེ་རུ་ཕྱིན་ཡོད། འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཆེན་པོ་ཞིག་ཡིན་པའི་ཀྲུང་གོས་དེང་རབས་ཅན་རྗེས་སྙེགས་བྱེད་པའི་ལམ་བུའི་ཐོག་སྣོད་བཅུད་ཀྱི་དཀའ་གནད་སྔར་བས་མང་བ་འཕྲད་པ་དང་ཡུན་རིང་སྣང་མེད་དུ་འཇོག་པའི་སྣོད་བཅུད་ཁོར་ཡུག་གི་གནད་དོན་སྒོ་ཀུན་ནས་མངོན་པ་སྟེ།
   རླུང་ཁམས་ཆེ་མོ — རྒྱལ་ཡོངས་སུ་མཁའ་རླུང་སྤུས་ཚད་ཀྱི་ཚད་གཞི་གསར་པ་གཞིར་བཟུང་ལྟ་ཞིབ་ཚད་ལེན་བྱས་པའི་གྲོང་ཁྱེར་74ཡི་ནང་ཚད་གཞི་ལོན་པའི་བསྡུར་ཚད་ནི་4.1%ལས་ཟིན་མེད།
   ས་རྒྱུ — རྒྱལ་ཡོངས་ཀྱི་རྨོ་ཞིང་མུའུ་དུང་ཕྱུར་1.5ལ་སྦགས་བཙོག་ཐེབས་པ་དང་རྨོ་ཞིང་བཅུ་ཆ་བཞི་ལྷག་ཙམ་ཞན་སྒྱུར་བྱས་པ། ས་ཆུ་ཤོར་བའི་གཞི་ཁྱོན་གྱིས་རྒྱལ་ཁབ་ས་ཆའི་གཞི་ཁྱོན་གྱི་གསུམ་ཆ་གཅིག་ཙམ་བཟུང་བ་བཅས་རེད།
   ནགས་ཚལ — ནགས་ཚལ་སྣོད་བཅུད་མ་ལག་ཉམས་ཞན་ཚབས་ཆེན་ཕྱིན་པ་དང་། ས་གཞི་བྱེ་འགྱུར་དང་རྡོ་འགྱུར་དུ་ཕྱིན་པ་དེས་མི་དམངས་ཀྱི་ལུས་སྲོག་དང་རྒྱུ་ནོར་བདེ་འཇགས་ལ་སྔར་བཞིན་འཇིགས་སྐུལ་ཕོག་གི་ཡོད།
   ཆུ་—སྦགས་བཙོག་ཚབས་ཆེན་ཕོག་པའི་ཞན་སྒྱུར་Vརིགས་ཀྱི་ཆུའི་བསྡུར་ཚད་དེ་10%ཙམ་ཟིན་ཡོད།
   “ང་ཚོས་སྣོད་བཅུད་ཁོར་ཡུག་ཐད་བུ་ལོན་མང་པོ་ཆགས་ཡོད། གལ་སྲིད་ང་ཚོས་ད་ལྟ་ནས་ལས་ཀ་དེར་དམ་འཛིན་མ་བྱས་ན་སླད་ཕྱིན་རིན་དོད་དེ་བས་ཆེ་བ་འཇལ་དགོས་ཀྱི་རེད”ཅེས་2012ལོའི་ཟླ་12ཚེས་7ནས་ཚེས་11ཉིན་བར་ཞིས་ཅིན་ཕིང་གིས་ཀོང་ཏུང་དུ་རྟོག་ཞིབ་གནང་སྐབས་བསླབ་བྱ་གནང་བ་རེད།
   2014ལོའི་ཟླ་2ཚེས་26ཉིན་ཞིས་ཅིན་ཕིང་གིས་པེ་ཅིང་དང་། ཐེན་ཅིན། ཧོ་པེ་བཅས་ཀྱི་མཐུན་སྦྱོར་འཕེལ་རྒྱས་ཀྱི་ལས་དོན་སྙན་ཞུ་གསན་སྐབས་ཀྲུང་ཧྭ་བྱང་རྒྱུད་ས་ཁུལ་དུ་ཆུ་དཀོན་པའི་གནད་དོན་མ་གཞི་ནས་ཚབས་ཆེན་པོ་ཡོད་པས་གལ་སྲིད་ཆུ་ཁུངས་ཡིན་པའི་ནགས་ཚལ་དང་། མཚེའུ། འདམ་ར་སོགས་སྣོད་བཅུད་བར་ཁྱམས་ལ་སྣང་ཆེན་དང་སྲུང་སྐྱོང་ཡག་པོ་མ་བྱེད་པར་མུ་མཐུད་ས་འོག་ཆུ་ཚད་བརྒལ་ངང་སྔོག་འདོན་བྱས་ཚེ་རང་བྱུང་གི་གནོད་འཚེ་ཆེན་པོ་ཕོག་ངེས་རེད་ཅེས་གསུངས་པ་རེད།
   “འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་སྐྲུན་ཐུབ་མིན་གྱི་འགག་རྩ་ནི་སྣོད་བཅུད་ཁོར་ཡུག་གི་སྤུས་ཚད་ལ་རག་ལས་ཡོད”ཅེས་2014ལོའི་ཟླ་3ཚེས་7ཉིན་ཀུའེ་ཀྲོའུ་འཐུས་མི་ཚོགས་པའི་གྲོས་ཞིབ་ནང་ཞུགས་སྐབས་ཞིས་ཅིན་ཕིང་གིས་གནད་ལ་འཁེལ་བའི་ངང་གསུངས།
   སྣོད་བཅུད་ལ་གཏོར་བཤིག་ཚབས་ཆེན་གཏོང་བ་དང་། སྣོད་བཅུད་ཀྱི་གནོད་འཚེ་ཡང་ཡང་ཐོན་པ། སྣོད་བཅུད་ཀྱི་གནོན་ཤུགས་ཆེ་བ་སོགས་མངོན་གསལ་དོད་པའི་གནད་དོན་དེ་དག་འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་སྐྲུན་ཐུབ་པ་བྱེད་པའི་འགག་གནད་ཆེ་ཤོས་ཤིག་ཏུ་གྱུར། ཇི་ལྟར་བྱས་ནས་སྣོད་བཅུད་ཀྱི་འགག་གནད་ཐག་གཅོད་བྱ་རྒྱུའི་ཐད་ཞིས་ཅིན་ཕིང་ལ་དགོངས་འཆར་ཟབ་མོ་ལྡན།
   “ང་ཚོས་མི་དང་རང་བྱུང་ཁམས་ཞི་མཐུན་དང་དཔལ་འབྱོར་དང་སྤྱི་ཚོགས་ཞི་མཐུན་ལྡན་པ་ཞིག་བརྩོན་ལེན་བྱེད་ཀྱི་ཡོད། དོར་བསྡུས་ནས་བརྗོད་ན“རི་བོ་གཉིས”དགོས། གསེར་རི་དངུལ་རི་དགོས་ལ་རི་སྔོ་ཆུ་དྭངས་ཀྱང་དགོས་པ་དང་། རི་སྔོ་ཆུ་དྭངས་ནི་གསེར་རི་དངུལ་རི་རེད”ཅེས་2013ལོའི་ཟླ་9ཚེས་7ཉིན་ཞིས་ཅིན་ཕིང་གིས་ཧ་སག་སི་ཐན་གྱི་ན་ཀྲའར་པ་ཡེ་ཕུའུ་སློབ་ཆེན་དུ་གསུང་བཤད་གནང་རྗེས་སློབ་མའི་དྲི་བར་ལན་བསྐྱོན་སྐབས་གསུངས་པ་དང་ཁོང་གིས“ང་ཚོས་སྣོད་བཅུད་ཁོར་ཡུག་བློས་གཏོང་བྱ་རྒྱུ་དེ་རིན་དོད་དུ་བྱས་ནས་དཔལ་འབྱོར་གྱི་གནས་སྐབས་འཕེལ་རྒྱས་ཡོང་རེ་གཏན་ནས་བྱེད་མི་རུང”ཞེས་གསུངས་པ་རེད།
   མཐོང་རྒྱ་ཆེ་ཞིང་ལྟ་བ་ཟབ་པ་དེ་ལག་ལེན་དངོས་ལས་བྱུང་བ་དང་། གཟིགས་རྒྱང་རིང་བ་དེ་བརྟག་ཞིབ་ཟབ་མོ་བྱས་པ་ལས་བྱུང་ཡོད། ཞིས་ཅིན་ཕིང་གིས་རི་སྔོ་ཆུ་དྭངས་དང་གསེར་རི་དངུལ་རི་དབར་གྱི་འབྲེལ་བར་ངོས་འཛིན་ཟབ་མོ་ཡོད་པ་དེ་ནི་ཁོང་གིས་ཡུན་རིང་ནགས་ལས་དང་སྣོད་བཅུད་འཛུགས་སྐྲུན་ཐད་ལག་ལེན་གནང་བས་ཡིན་པ་དང་། ཕུའུ་ཅན་ཁྲང་ཐིང་གི་སྣོད་བཅུད་འཕོ་འགྱུར་ཆེན་པོ་དེ་ནི་བསྡུས་རིས་ཤིག་རེད།
   ཁྲང་ཐིང་ནི་ཁེ་ཅ་བའི་འདུས་སྡོད་ཁུལ་གལ་ཆེན་ཞིག་ཡིན་ལ། ལོ་རྒྱུས་ཐོག་རི་བོ་སྔོ་ཞིང་ཆུ་མོ་དྭངས་པ་དང་། ནགས་ཚལ་སྟུག་ལ་ས་ཞིང་ཡག་པས་མི་རྣམས་བདེ་སྡོད་ལས་བརྩོན་བྱ་ཡུལ་ཞིག་རེད། ཉེ་རབས་ནས་བཟུང་ནགས་ཚལ་ལ་གཏོར་སྐྱོན་ཚབས་ཆེན་ཐེབས་ནས་ཁྲང་ཐིང་འདི་ཉིད་སྐབས་དེ་དུས་རྒྱལ་ཡོངས་ཀྱི་ས་ཆུ་ཤོར་ཚབས་ཆེ་ཤོས་ཀྱི་ས་ཁུལ་གྲས་ཤིག་ཏུ་གྱུར་ཡོད། 1985ལོར་ཁྲང་ཐིང་གི་ས་ཆུ་ཤོར་ཁྱོན་མུའུ་ཁྲི་146.2ཟིན་ནས་རྫོང་དེ་ཡོངས་ཀྱི་རྒྱ་ཁྱོན་གྱི་31.5%བཟུང་བ་དང་ས་ཆ་མི་ཉུང་བ་ཞིག་ཏུ“རི་བོ་སྐྱ་ཐེར་དང་། ཆུ་རྙོག་པ། ལོ་ཏོག་ཞན་པ། མང་ཚོགས་དབུལ་བ”བཅས་ཀྱི་རྣམ་པ་ཐོན་ཡོད།
   རི་སྔོ་ཆུ་དྭངས་མེད་ཚེ་གསེར་རི་དངུལ་རི་གླེང་ཐབས་མེད། ཕུའུ་ཅན་དུ་ཕྱག་ལས་གནང་རིང་ཞིས་ཅིན་ཕིང་ཁྲང་ཐིང་དུ་ཐེངས་ལྔ་ཕེབས་ནས་རི་གྲོང་དུ་ཞིང་དུད་ལ་འཚམས་འདྲི་གནང་བ་དང་། གནས་ཚུལ་མཐིལ་རྟོགས་དང་ཁ་གཏད་གཅོག་ཐབས་ཇུས་འགོད་གནང་ནས་ཁྲང་ཐིང་གི་ས་ཆུ་ཤོར་བ་བཅོས་སྐྱོང་བྱ་རྒྱུར་རྒྱབ་སྐྱོར་ཤུགས་ཆེན་གནང་བ་རེད། ལོ་བཅུ་ཕྲག་ཁ་ཤས་བསྟུད་མར་འབད་བརྩོན་བྱས་པ་བརྒྱུད་ཁྲང་ཐིང་གི་ས་ཆུ་ཤོར་ཚད་བཅོས་སྐྱོང་བྱེད་ཁྱོན་མུའུ་ཁྲི་162.8ཟིན་ནས་ས་ཆུ་ཤོར་ཁྱོན་མུའུ་ཁྲི་98.8ཉུང་དུ་སོང་བ་དང་ནགས་ཚལ་ཁྱབ་ཚད་དེ་1986ལོའི་59.8%ནས་ད་ཆའི་79.4%བར་གོང་མཐོར་སོང་ཐོག“རི་རྒོད་དང་སྔོ་གླིང་-སྣོད་བཅུད་བཟང་བའི་ཁྱིམ་གཞིས”བཅས་ཀྱི་ལོ་རྒྱུས་རང་བཞིན་གྱི་འགྱུར་ལྡོག་བྱུང་བ་རེད།
   བསམ་བློས་བྱ་སྤྱོད་ལ་ཁྲིད་སྟོན་བྱེད་པ་དང་འདུ་ཤེས་ཀྱིས་ལག་ལེན་ལ་མཛུབ་ཁྲིད་བྱེད་པ།
   སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་བྱ་རྒྱུར་དམིགས་ནས་ཏང་ཀྲུང་དབྱང་གིས་བླང་བྱ་གསར་པ་རབ་དང་རིམ་པ་བཏོན་པ་དང་བྱེད་ཐབས་ཏན་ཏིག་སྡེབ་གཅིག་བཏོན་ཡོད།
   —GDPཁོ་ན་གཙོ་བོར་འཛིན་མི་དགོས་ཤིང་། གལ་ཆེ་ཤོས་ནི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དཔྱད་ཞིབ་གདེང་འཇོག་མ་ལག་འཐུས་ཚང་དུ་བཏང་ནས་ཐོན་ཁུངས་ཟད་གྲོན་དང་། ཁོར་ཡུག་གནོད་འཚེ། སྣོད་བཅུད་ཕན་འབྲས་སོགས་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་གནས་ཚུལ་མཚོན་པའི་དམིགས་ཚད་དེ་དག་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གདེང་འཇོག་མ་ལག་ནང་བཅུག་ནས་དེ་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བའི་ཁྲིད་ཕྱོགས་དང་ཚོད་འཛིན་གལ་ཆེན་དུ་འགྱུར་བ་བྱེད་དགོས།
   —བློ་བརྟན་འགྱུར་མེད་ངང་ནུས་པའི་ཁུལ་གཙོ་བོའི་ཐབས་ཇུས་ལག་བསྟར་མགྱོགས་སུ་གཏོང་དགོས་ཤིང་། ལེགས་གཏོང་གསར་སྤེལ་དང་། གཙོ་གནད་གསར་སྤེལ། གསར་སྤེལ་ཚོད་འཛིན། གསར་སྤེལ་བཀག་འགོག་བཅས་ཀྱི་ནུས་པའི་ཁུལ་གཙོ་བོའི་ངེས་གནས་ལ་ནན་པོ་གཞིགས་ཏེ་ཚན་རིག་དང་མཐུན་ལ་ལུགས་མཐུན་གྱི་གྲོང་ཁྱེར་དང་གྲོང་རྡལ་ཅན་ལ་སྐུལ་འདེད་གཏོང་བའི་བཀོད་པ་དང་། ཞིང་ལས་འཕེལ་རྒྱས་བཀོད་པ། སྣོད་བཅུད་བདེ་འཇགས་བཀོད་པ་བཅས་བསྐྲུན་ནས་རྒྱལ་ཁབ་དང་ས་ཁོངས་ཀྱི་སྣོད་བཅུད་བདེ་འཇགས་འགན་ལེན་བྱས་ཐོག་སྣོད་བཅུད་ཞབས་ཞུའི་ནུས་པ་ཆེ་རུ་གཏོང་དགོས།
   —བརྒྱུད་རིམ་ལྡན་པའི་བསམ་ཕྱོགས་ཀྱི་ཕྱོགས་བསྡུས་བཅོས་སྐྱོང་མཐའ་འཁྱོངས་བྱེད་དགོས་ཤིང་། རྒྱུག་ཆུ་དང་། ནགས་ཚལ། མུ་འབྲེལ་རི་བོ་མཐོན་པོ། རྩྭ་ཐང་། ས་རྒོད། གྲམ་ཐང་སོགས་རང་བྱུང་སྣོད་བཅུད་བར་སྣང་ལ་གཅིག་གྱུར་ཐོག་དབང་ཆ་གཏན་འཁེལ་གྱིས་ཐོ་འགོད་བྱས་ནས་གཏོགས་ཁོངས་གསལ་པོ་དང་། དབང་ཆ་དང་འགན་འཁྲི་གསལ་པོ། ལྟ་སྐུལ་དོ་དམ་ནུས་ལྡན་བཅས་ཀྱི་རང་བྱུང་ཐོན་ཁུངས་ཀྱི་བདག་དབང་ལམ་ལུགས་ཆགས་པ་བྱེད་དགོས།
   —འགན་འཁྲི་རྩད་གཅོད་ལམ་ལུགས་བཟོ་དགོས་ཤིང་། སྣོད་བཅུད་ཁོར་ཡུག་ལ་མི་བལྟོས་པར་རྨོངས་ཚོད་ཀྱིས་ཐབས་ཇུས་འདོན་པ་དང་མཇུག་འབྲས་ཚབས་ཆེན་བཟོ་མཁན་དེ་དག་གི་འགན་འཁྲི་རྩད་གཅོད་བྱེད་པ་དང་འབྲེལ་ཚེ་གང་རྩད་གཅོད་བྱེད་དགོས།
   —སྣོད་བཅུད་ཀྱི་དམར་ཐིག་དབྱེ་བ་དང་འབྲེལ་ནན་པོ་སྲུང་དགོས་ཤིང་། བཀག་སྡོམ་ཁུལ་ལས་གོམ་པ་གང་བརྒལ་མི་རུང་བ་དང་དེ་ལས་ལྡོག་ཚེ་ཆད་གཅོད་ཕོག་པ་དང་། སྣོད་བཅུད་འགངས་ཆེན་སླར་གསོའི་ལས་གྲྭ་ལག་བསྟར་བྱས་ཏེ་སྣོད་བཅུད་ཐོན་ཟོག་གི་ཐོན་སྐྱེད་ནུས་པ་ཆེ་རུ་གཏོང་དགོས།
   “སྣོད་བཅུད་ཤེས་དཔལ་གྱི་ཁྱབ་ཁོངས་དེའི་ཁྲོད་ཀྲུང་གོས་རང་ཉིད་ཙམ་མ་ཟད། ཛམ་གླིང་ལ་གོ་སྐབས་ཤིག་སྦྱིན་ནས་ང་ཚོས་ལྗང་མདོག་དཔལ་འབྱོར་ཕྱོགས་སུ་འགྱུར་ལྡོག་གཏོང་དགོས་པ་ཤེས་རྟོགས་དེ་བས་ལེགས་པ་ཐུབ་པ་བྱས་ཡོད”ཅེས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེ་གཞོན་པ་ཨ་ཆི་མུའུ·ཧྲི་ཐེ་ན་ཡིས་བཤད།
   དེ་ནི་དམངས་འཚོའི་བསམ་པ་ཟབ་མོ་དང་འགན་འཁྲི་ཁུར་སེམས་ཆེན་པོ་ལྡན་པ་ཞིག་རེད།
   —སྣོད་བཅུད་ཁོར་ཡུག་བཟང་པོ་ནི་ཆེས་དྲང་སྙོམས་ཀྱི་སྤྱི་པའི་ཐོན་ཟོག་དང་ཀུན་ཕན་ཆེ་ཤོས་ཀྱི་དམངས་འཚོར་ཕན་བདེ་བསྐྲུན་པ་ཞིག་ཡིན་པས་ཕ་ཚ་བུ་རྒྱུད་ལ་ཨ་སྔོན་དང་། ས་ལྗང་། ཆུ་དྭངས་བཅས་ཀྱི་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་བསྐྲུན་དགོས།
   “སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས་ནགས་ཁུལ་དུ་ནགས་ལས་བཟོ་པར་གཟིགས་པར་ཕེབས་ཡོད”2014ལོའི་དཔྱིད་གསར་དུས་ཆེན་གྱི་སྔ་ནུབ་ཏུ་ནང་སོག་ཏ་ཤིན་ཨན་ལིང་ནགས་ཁུལ་དུ་འཁྲུག་ཆ་དོད་པའི་རྣམ་པ་ཞིག་མངོན་ཞིང་། དྲོད་ཚད་ཀླད་ཀོར་འོག་གི་ཨང་གྲངས་སུམ་ཅུ་ཡི་གྲང་ངར་ཆེན་པོར་མ་འཛེམས་པར་ཁ་བ་ཆེན་པོའི་ཁྲོད་དུ་ཞིས་ཅིན་ཕིང་ཨའར་ཧྲན་གྲོང་ཁྱེར་དབྱིའར་ཧྲི་གྲོང་རྡལ་གྱི་ནགས་ལས་སྡོད་ཁང་སྐྱོ་ཁུལ་དུ་ཕེབས་པ་རེད།
   སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་བྱ་རྒྱུ་དེ་དམངས་འདུན་ཡིན་ལ་དམངས་འཚོའང་རེད། ཞིས་ཅིན་ཕིང་གིས་རྒྱང་རིང་དུ་གནས་པའི་རི་ཁུལ་དང་ནགས་ཁུལ་ཐུགས་ལ་བཅངས་པ་དང་དེ་གར་འཚོ་བ་སྐྱེལ་བའི་ནགས་ཁུལ་གྱི་མི་དམངས་བསྙེལ་མེད། ཨའར་ཧྲན་ནགས་ཁུལ་དུ་ནགས་ཚལ་གཅོད་མཚམས་རྦད་དེ་བཞག་པ་དང་དཀའ་ཚེགས་ཆེ་བའི་རྣམ་པ་འགྱུར་བའི་དུས་སྐབས་སུ་གནས་པ་མཁྱེན་རྗེས་ཁོང་གིས“ལོ་རྒྱུས་ལ་དེའི་དུས་མཚམས་རང་བཞིན་ཡོད་པ་དང་། སྐབས་དེ་དུས་ཤིང་ཆ་གཅོད་པ་ནི་རྒྱལ་ཁབ་ལ་ལེགས་སྐྱེས་ཕུལ་བ་ཞིག་དང་ད་ཆ་ནགས་ཚལ་འདེབས་པ་དང་ནགས་ཁུལ་ལྟ་སྲུང་བྱེད་པ་དེའང་རྒྱལ་ཁབ་ལ་ལེགས་སྐྱེས་ཕུལ་བ་ཞིག་རེད”ཅེས་གསུངས།
   2001ལོར་སྐབས་དེ་དུས་ཕུའུ་ཅན་ཞིང་ཆེན་གྱི་ཧྲེང་ཀྲང་ཡིན་པའི་ཞིས་ཅིན་ཕིང་གིས་མཉམ་སྡེབ་ནགས་དབང་ལམ་ལུགས་སྒྱུར་བཅོས་བྱ་རྒྱུ་དེ་དམངས་འཚོའི་འདུ་འགོད་གལ་ཆེན་ཞིག་ལ་བརྩིས་ནས་དོ་ཁུར་ཆེན་པོ་གནང་ཡོད། ཁོང་གིས་ཝུའུ་ཕིང་རྫོང་དུ་བརྟག་ཞིབ་གནང་རྗེས“མཉམ་སྡེབ་ནགས་དབང་ལམ་ལུགས་སྒྱུར་བཅོས་བྱ་རྒྱུ་དེ་ཁྱིམ་ཚང་གི་ཐོན་སྦྲེལ་འགན་འཁྲིའི་ལམ་ལུགས་ལྟར་རི་གཤམ་ནས་རི་སྟེང་དུ་འགྱུར་ལྡོག་གཏོང་བའི”ལོ་རྒྱུས་རང་བཞིན་གྱི་གཏན་འབེབས་གནང་བ་རེད། ད་ཆ་རང་རྒྱལ་གྱི་གྲོང་གསེབ་ཀྱི་ས་ཞིང་གསར་བརྗེ་ཐེངས་གསུམ་པར་བརྗོད་པའི་སྒྱུར་བཅོས་དེས་ནགས་ཚལ་མུའུ་དུང་ཕྱུར་27དུད་ཚང་ལ་འགན་གཙང་བཏང་ནས་ཞིང་པ་དུང་ཕྱུར་5ལ་ཕན་བདེ་བསྐྲུན་པ་རེད།
   2014ལོའི་ཟླ་12ཚེས་25ཉིན་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུའི་ཐོག་ཞིས་ཅིན་ཕིང་གིས“ནགས་ཚལ་ནི་ང་ཚོས་མེས་པོ་ནས་རྒྱུན་འཛིན་བྱས་པ་ཞིག་ཡིན་པས་ཕ་ཚ་བུ་རྒྱུད་ལ་བཞག་ནས་མེས་པོར་ངོ་གནོང་མི་དགོས་པ་ཞིག་དང་ཕ་ཚ་བུ་རྒྱུད་ལའང་ངོ་གནོང་མི་དགོས་པ་ཞིག་བྱེད་དགོས” “ནགས་ཚལ་ནི་སྐམ་སའི་སྣོད་བཅུད་ཀྱི་གཙོ་གཟུགས་ཡིན་པ་དང་། རྒྱལ་ཁབ་དང་མི་རིགས་ཀྱི་འཚོ་གནས་མ་རྩ་ཆེ་ཤོས་ཡིན་ལ། མིའི་རིགས་འཚོ་གནས་ཀྱི་གཞི་རྩ་ཡིན་པས་འཚོ་སྡོད་བདེ་འཇགས་དང་། ཚྭ་མེད་ཆུའི་བདེ་འཇགས། གཞུང་ཁོངས་ས་ཆའི་བདེ་འཇགས། སྐྱེ་དངོས་རིགས་ཀྱི་བདེ་འཇགས། གནམ་གཤིས་བདེ་འཇགས་བཅས་དང་རྒྱལ་ཁབ་ཀྱི་ཕྱི་འབྲེལ་གྱི་སྤྱི་ཡོངས་དང་འབྲེལ་བ་ཡོད། ངེས་པར་དུ་ཀྲུང་ཧྭ་མི་རིགས་ཀྱི་ལོ་རྒྱུས་འཕེལ་རྒྱས་ཀྱི་མཐོ་ཚད་ཐོག་ནས་གནད་དོན་དེར་མཐོང་ཆེན་བྱས་ཏེ་ཕ་ཚ་བུ་རྒྱུད་ལ་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་བཞག་ཐོག་ལོ་རྒྱུས་ཀྱི་ཐོག་ནས་དེང་རབས་ཀྱི་ཀྲུང་གོ་བར་དྲང་ནུས་ཀྱི་ཟིན་ཐོ་འགོད་དགོས”ཞེས་གསུངས་པ་རེད།
   2013ལོའི་ཟླ་4པར་ཁོང་གིས་ཧའེ་ནན་དུ་རྟོག་ཞིབ་གནང་སྐབས་སྣོད་བཅུད་ཁོར་ཡུག་བཟང་པོ་ནི་ཆེས་དྲང་སྙོམས་ཀྱི་སྤྱི་པའི་ཐོན་རྫས་དང་ཕན་པ་ཆེ་ཤོས་ཀྱི་དམངས་འཚོར་ཕན་བདེ་བསྐྲུན་པ་ཞིག་རེད་ཅེས་ནན་བཤད་གནང་བ་རེད།
   མང་ཚོགས་ཀྱི་རེ་སྒུག་ནི་སྤྱི་ཁྱབ་ཧྲུའུ་ཅིས་དོ་ཁུར་གནང་ཡུལ་ཡིན། 2014ལོའི་ལོ་མཇུག་ཏུ་དུས་དང་རྣམ་པ་ཀུན་ཏུ་མི་སེར་གྱི་བདེ་ཐང་དང་འཚོ་བའི་ཐད་ཐུགས་ཁྲལ་གནང་བཞིན་པའི་ཞིས་ཅིན་ཕིང་གིས་ཅང་སུའུ་རུ་བརྟག་ཞིབ་གནང་སྐབས་ཀྲེན་ཅང་གྲོང་ཁྱེར་ཏན་ཐུའུ་ཆུས་ཧྲི་ཡེ་གྲོང་རྡལ་ཡུང་མའོ་ཡུས་རང་བྱུང་གྲོང་ཚོའི་གྲོང་མི་ཧུང་ཅ་ཡུང་གི་ཁྱིམ་དུ་ཕེབས་པ་དང་ཁོང་གིས་ཐབ་ཚང་ནང་འཛུལ་ཏེ་འཁྱག་སྒམ་ཕྱེ་བ་དང་། ཁོག་མར་གཟིགས་པ། རང་འབབ་ཆུ་ཀ་ལ་ཕྱེ་བ། ཅི་འཕྲོས་མོལ་འཕྲོས་བཤད་པ། ཐོན་སྐྱེད་སྐོར་གླེང་བ། དམངས་ཀྱི་དགོས་མཁོ་འདྲི་བ་བཅས་གནང་བ་རེད།
   ཞིས་ཅིན་ཕིང་གིས“དཔལ་འབྱོར་སྐས་རིམ་གསར་པའི་ཐོག་སླེབས་དགོས་ལ། སྣོད་བཅུད་ཤེས་དཔལ་ཡང་སྐས་རིམ་གསར་པའི་ཐོག་སླེབས་དགོས། ང་ཚོས་སེམས་ཐག་གཙང་བཅད་ཀྱིས་མི་དམངས་ལ་ཁས་ལེན་བྱས་པ་དག་མངོན་འགྱུར་ཐུབ་པ་བྱེད་དགོས”ཞེས་ཐུགས་ཐག་ཆོད་པོས་གསུངས་པ་རེད།
   མི་དམངས་ཀྱིས་རེ་བ་བྱ་ཡུལ་དེ་སྲིད་ཇུས་ལག་བསྟར་བྱེད་ཕྱོགས་ཡིན་ཞིང་། སྣོད་བཅུད་ཀྱི་དམར་ཐིག་ནན་པོ་བསྲུངས་ཏེ“བཀག་སྡོམ་ཁུལ་ནས་གོམ་པ་གཅིག་ཀྱང་སྤོ་མི་ཆོག”པ་དང་ཞིས་ཅིན་ཕིང་གིས་ཏང་ཡོངས་ཀྱི་བློ་མཐུན་ཚོས་རྩ་དོན་གྱི་གནད་དོན་དེའི་ཐད་ལྷོད་གཡེང་སྤུ་ཙམ་ཡང་གཏོང་མི་རུང་བའི་བླང་བྱ་བཏོན་གནང་ཡོད། སྣོད་བཅུད་ལ་གཏོར་བཤིག་གཏོང་བའི་དོན་རྐྱེན་འགའ་ཞིག་ཐད་ཁོང་ངོ་མས་མཛུབ་ཁྲིད་གལ་ཆེན་གནང་བ་དང་རྩད་གཅོད་ནན་པོ་བྱེད་དགོས་པའི་བླང་བྱ་བཏོན་གནང་བ་རེད།
   “མི་དམངས་མང་ཚོགས་ཀྱི་མཁའ་རླུང་གཙང་མ་དང་། ཆུ་དྭངས་གཙང་། གཙང་སྦྲ་ལྡན་པའི་ཁོར་ཡུག་སོགས་སྣོད་བཅུད་ཐོན་རྫས་ཐད་ཀྱི་དགོས་མཁོ་སྔར་བས་ཁ་ཚ་དགོས་གཏུགས་ཡིན་པ་དང་སྣོད་བཅུད་ཁོར་ཡུག་དེ་བས་རྩ་ཆེར་གྱུར་ཡོད། ང་ཚོས་ངེས་པར་དུ་མི་དམངས་མང་ཚོགས་ཀྱིས་སྣོད་བཅུད་ཁོར་ཡུག་བཟང་པོར་རེ་སྒུག་བྱེད་པར་བསྟུན་པ་དང་ལྗང་མདོག་ཐཱན་ཉུང་འཁོར་རྒྱུག་འཕེལ་རྒྱས་ཀྱི་བྱ་ཐབས་གསར་པ་གྲུབ་རྒྱུར་སྐུལ་འདེད་གཏོང་བ་དང་འབྲེལ་དེའི་ཁྲོད་ནས་འཕར་གཞི་གསར་པ་གཏོད་དགོས། སྣོད་བཅུད་ཁོར་ཡུག་གནད་དོན་ནི་རྒྱལ་སྐྱོང་འགྲོ་ཕན་དང་ཕ་ཚ་བུ་རྒྱུད་ལ་ཕན་པའི་ལས་དོན་གལ་ཆེན་ཞིག་ཡིན་པས་ཁ་ནས་གལ་ཆེན་ཡིན་ལུགས་ཤོད་པ་དང་། སྐད་གསང་མཐོན་པོས་ཤོད་པ། ལག་ལེན་མི་བསྟར་བ་བཅས་གཏན་ནས་བྱེད་མི་རུང”ཞེས་ཞིས་ཅིན་ཕིང་གིས་ནན་བཤད་གནང་བ་རེད།
   དམངས་སེམས་ལ་ཐུགས་ཁུར་བྱེད་ལུགས་ཚང་མ་ཐབས་ཇུས་ཁྲོད་ནས་མངོན་ཞིང་། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་པ་ནས་བཟུང་དམངས་འཚོ་ལེགས་སུ་གཏོང་རྒྱུར་དམིགས་ཏེ་སྣོད་བཅུད་ཤེས་དཔལ་ལམ་ལུགས་འབོར་ཆེན་ཞིག་སྒྱུར་བཅོས་བྱ་རྒྱུར་སྐུལ་འདེད་ནུས་ལྡན་བཏང་ཡོད།
   —རླུང་ཁམས་ཆེ་མོའི་སྦགས་བཙོག་འགོག་བཅོས་བྱ་སྤྱོད་འཆར་གཞི་ཡོངས་བསྒྲགས་བྱས་ཏེ་བཙོག་འབུད་དབང་ཆ་རིན་དོད་ཡོད་པའི་སྒོ་ནས་བེད་སྤྱོད་དང་ཉོ་ཚོང་བྱེད་པའི་ཚོད་ལྟ་བྱ་རྒྱུར་སྔར་བས་སྐུལ་འདེད་བཏང་ཡོད། 2013ལོར་རྒྱལ་ཡོངས་ཀྱི་GDPརྩིས་གཞི་རེའི་དབྱང་གཉིས་ཐཱན་འགྱུར་འབུད་ཚད་དུས་མཚུངས་ལས་4.3%ཆག་པ་དང་2005ལོ་ལས་རིམ་རྩིས་བརྒྱབ་ན་28.56%ཆག་ཡོད།
   —ཆུའི་ཐོན་ཁུངས་དོ་དམ་ལམ་ལུགས་ནན་ཤོས་དོན་འཁྱོལ་བྱེད་པའི་ཐད་འཕེལ་རྒྱས་ཕྱིན་པ་དང་། 2014ལོར་ས་ཆུ་ཤོར་བའི་གཞི་ཁྱོན་སྤྱི་ལེ་ངོས་གྲུ་ཁྲི་5.4བཅོས་སྒྲིག་བྱས་པ་དང་། སྣོད་བཅུད་གཙང་མའི་ཆུ་ཕྲན་འབབ་རྒྱུད་ཁག་300ལྷག་ཙམ་བསྐྲུན་པ། ཧོ་པེའི་ས་འོག་ཆུའི་ཚད་བརྒལ་སྔོག་འདོན་ཁུལ་ཕྱོགས་བསྡུས་བཅོས་སྒྲིག་ཚོད་ལྟ་བྱས་པ་བཅས་རེད།
   —རེས་སྐོར་གསར་པའི་རྨོ་བསྐྱུར་ནགས་གསོ་རྩྭ་གསོ་བྱེད་འགོ་ཚུགས་པ་དེ་སྣོད་བཅུད་ཤེས་དཔལ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་དང་ས་ཁུལ་དབུལ་པོའི་ཞིང་པ་དབུལ་སྒྲོལ་ཕྱུག་འགྱུར་བྱེད་མགྱོགས་སུ་གཏོང་བའི་ཐབས་ལམ་ནུས་ལྡན་དུ་གྱུར་བ་རེད།
   དེ་ནི་དམངས་འཚོར་བརྩེ་སེམས་ཟབ་མོ་བཅངས་པ་ཞིག་ཡིན་ལ། བློ་བརྟན་འགྱུར་མེད་ཀྱི་ལོ་རྒྱུས་ཀྱི་འགན་འཁྲི་ཁུར་བ་ཞིག་ཀྱང་ཡིན། —2014ལོའི་ཟླ་11ཚེས་10ཉིན་ཞིས་ཅིན་ཕིང་གིས་APECཡི་དགའ་བསུ་ཞུ་བའི་གསོལ་སྟོན་ཐོག་གསུང་བཤད་གནང་སྐབས་པེ་ཅིང་དང་ཐ་ན་ཀྲུང་གོ་ཡོངས་སུ་དགུང་ཨ་སྔོན་ནམ་ཡང་གནས་པ་དང་རི་ཆུ་ཀླུང་གསུམ་ནམ་ཡང་གནས་པ་བྱས་ཏེ་ཕྲུ་གུ་ཚོ་སྣོད་བཅུད་ཁོར་ཡུག་བཟང་པོའི་ཁྲོད་འཚར་ལོངས་ཐུབ་པ་བྱ་རྒྱུ་དེའང་ཀྲུང་གོའི་ཕུགས་འདུན་ཁྲོད་ཀྱི་ནང་དོན་གཙོ་བོ་ཞིག་ཡིན་ཞེས་གསུངས་པ་རེད།
   མཐའ་མེད་སྣོད་བཅུད་ལམ་བུའི་ཐོག ཀྲུང་གོའི་ཕུགས་འདུན་བརྗིད་ཉམས་ཆེ།
   བློ་མཐུན་ཞིས་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གི་བློ་བརྟན་འགྱུར་མེད་ཀྱི་འགོ་ཁྲིད་འོག་རླབས་ཆེན་གྱི་ཀྲུང་ཧྭ་མི་རིགས་ཀྱིས་སྣོད་བཅུད་ཤེས་དཔལ་འཛུགས་སྐྲུན་དང་མཛེས་སྡུག་ལྡན་པའི་ཀྲུང་གོ་འཛུགས་སྐྲུན་བྱེད་པའི་འཐབ་ཇུས་ལས་འགན་ལེགས་འགྲུབ་ཐུབ་ངེས་ཡིན་པ་དང་། ཕ་ཚ་བུ་རྒྱུད་ལ་དྭངས་ཤིང་གཙང་བའི་རི་ཆུ་ཀླུང་གསུམ་གྱི་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་བཞག་ནས་རྒྱུན་སྲིང་འཕེལ་རྒྱས་ཀྱི་མཛེས་སྡུག་ལྡན་པའི་འབྱུང་འགྱུར་ཡོང་ངེས་རེད།(རྩོམ་འགན་པ། རྟ་མགྲིན)
འབྲེལ་ཡོད་རྩོམ་ཡིག