ཀྲུང་གོའི་བོད་ལྗོངས་དྲ་བ།>དབུ་ལྷེ།

སྲིད་གྲོས་སྐབས་བཅུ་གཉིས་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་གསུམ་པའི་ཚོགས་མཇུག་གི་གསུང་བཤད།

2015-03-16

(2015ལོའི་ཟླ་3ཚེས་13ཉིན) ཡུས་ཀྲེང་ཧྲེང་།
ཨུ་ཡོན་དང་བློ་མཐུན་རྣམ་པ་ཚོ།

  ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་སྐབས་བཅུ་གཉིས་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་གསུམ་པ་ཀྲུང་གུང་ཀྲུང་དབྱང་དང་། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་། རྒྱལ་སྲིད་སྤྱི་ཁྱབ་ཁང་བཅས་ཀྱི་ཚད་མཐོའི་མཐོང་ཆེན་དང་ཕྱོགས་ཚང་མའི་ཤུགས་ཆེའི་རྒྱབ་སྐྱོར་འོག་ཨུ་ཡོན་ཚང་མས་ཐུན་མོང་ཐོག་འབད་བརྩོན་བྱས་པ་བརྒྱུད་ཚོགས་འདུའི་གྲོས་རིམ་ཁག་བདེ་བླག་ངང་ལེགས་གྲུབ་བྱུང་ནས་རྒྱལ་ཁའི་ངང་གྲོལ་རྒྱུ་རེད། ཚོགས་འདུ་འཚོག་རིང་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞིས་ཅིན་ཕིང་སོགས་ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་བློ་མཐུན་ཚོགས་ཆེན་གྱི་འགོ་ཚུགས་ཚོགས་འདུ་དང་མཇུག་འགྲིལ་ཚོགས་འདུར་ཞུགས་གནང་བ་དང་ཚོགས་ཆུང་ནང་ཞུགས་ནས་སྲིད་གྲོས་ཨུ་ཡོན་ཚོ་དང་ལྷན་དུ་རྒྱལ་དོན་གླེང་བ་དང་བསམ་འཆར་དང་གྲོས་འགོ་གཟབ་ནན་ངང་གསན་པ་རེད། རྒྱ་ཆེའི་སྲིད་གྲོས་ཨུ་ཡོན་ཚོས་སྒྱུར་འཕེལ་བརྟན་གསུམ་གྱི་གནད་དོན་གལ་ཆེན་དང་མང་ཚོགས་ཚོས་དོ་ཁུར་བྱེད་པའི་གནད་དོན་དངོས་ལ་དམ་པོར་དམིགས་ནས་སྲིད་དོན་གྲོས་བསྡུར་གཏིང་ཟབ་དང་ཐབས་འདོན་ཇུས་འགོད་ཧུར་ཐག་བྱས་ཏེ་རྒྱལ་ཁབ་དང་དམངས་ཆེད་དང་རང་འགན་གཙང་སྒྲུབ་བྱེད་པའི་སྲིད་གྲོས་ཨུ་ཡོན་ཚོའི་བརྩོན་གཉེར་གང་ལེགས་མངོན་པ་དང་མི་དམངས་སྲིད་གྲོས་ཀྱི་དམངས་གཙོ་གྲོས་མོལ་གྱི་ཐབས་ལམ་གལ་ཆེན་དང་ཆེད་དམིགས་གྲོས་མོལ་སྒྲིག་གཞིའི་ནུས་པ་གལ་ཆེན་འདོན་སྤེལ་གང་ལེགས་ཀྱིས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཆབ་སྲིད་ལམ་ལུགས་ཀྱི་ཁྱད་ཆོས་དང་ལེགས་ཆ་གསོན་ཉམས་དོད་པོས་མངོན་པ་བྱས་ཡོད།

  ཨུ་ཡོན་རྣམ་པ་ཚོ། ཀྲུང་གོ་གུང་ཁྲན་ཏང་གིས་རང་རེའི་རྒྱལ་ཁབ་དང་མི་དམངས་ཀྱི་སྣེ་ཁྲིད་དེ་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཡོང་བ་བྱེད་པའི་ལོ་རྒྱུས་ཀྱི་རྒྱང་སྐྱོད་ལམ་བུའི་ཐོག་སྐྱོད་བཞིན་ཡོད་པ་དང་ང་ཚོ་ལོ་རྒྱུས་ཀྱི་ཁྱད་ཆོས་གསར་པའི་རླབས་ཆེའི་འཐབ་རྩོད་མང་པོའི་ནང་དངོས་སུ་ཞུགས་བཞིན་ཡོད་པས་ང་ཚོས་ངེས་པར་དུ་འགན་འཁྲི་ཁ་གསལ་དང་འགན་ཁུར་ཕོད་པ་བྱེད་དགོས། ང་ཚོས་བློ་བརྟན་འགྱུར་མེད་ངང་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་མཐའ་འཁྱོངས་དང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་གྱི་གདེང་ཚོད་དང་། རིགས་པའི་གཞུང་ལུགས་ཀྱི་གདེང་ཚོད། ལམ་ལུགས་ཀྱི་གདེང་ཚོད་བཅས་ཆེ་རུ་བཏང་སྟེ་ཐུན་མོང་གི་འབད་འཐབ་དམིགས་ཚད་དང་། ཐུན་མོང་གི་ལོ་རྒྱུས་ཀྱི་ལས་དབང་། ཐུན་མོང་གི་རིག་གནས་རྒྱུན་འཛིན་བཅས་ཀྱི་ཐོག་ནས་སྒྱུར་བཅོས་ཀྱི་ཐུན་མོང་ངོས་འཛིན་དང་། འཕེལ་རྒྱས་ཀྱི་ཐུན་མོང་ངོས་འཛིན། ཁྲིམས་སྐྱོང་གི་ཐུན་མོང་ངོས་འཛིན། རུལ་སུངས་ལ་ངོ་རྒོལ་བྱེད་པའི་ཐུན་མོང་ངོས་འཛིན། རིན་ཐང་ལྟ་བའི་ཐུན་མོང་ངོས་འཛིན་བཅས་རྒྱ་ཁྱབ་ངང་གཅིག་ཏུ་འདུས་པ་བྱས་ཏེ་ཐུན་མོང་ཐོག་མཐུན་སྒྲིལ་འབད་འཐབ་བྱེད་པའི་བསམ་བློ་ཆབ་སྲིད་ཀྱི་རྨང་གཞི་ཟམ་མི་ཆད་པར་བརྟན་དུ་བཏང་ཐོག་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་མཐའ་འཁྱོངས་དང་འཕེལ་རྒྱས་དང་འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་སྐྲུན་ཐུབ་པ་དང་། སྒྱུར་བཅོས་སྒོ་ཀུན་ནས་གཏིང་ཟབ་ཏུ་གཏོང་བ། སྒོ་ཀུན་ནས་ཁྲིམས་ལྟར་རྒྱལ་སྐྱོང་། སྒོ་ཀུན་ནས་ཏང་ནན་སྐྱོང་བཅས་ཡོང་ཆེད་དྲང་ནུས་ཆེན་པོ་གཅིག་ཏུ་འདུས་པ་བྱེད་དགོས།

  མང་ཚོགས་ཀྱི་ལྟ་བ་དང་དམངས་ལ་བརྩེ་སེམས་འཆང་རྒྱུ་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་ཀྱིས་དཔོན་ཉམས་ཀྱི་སྤྱོད་ཚུལ་དང་རྒྱས་སྤྲོས་ཀྱི་བསམ་པ་རིང་དུ་སྤོང་བ་དང་མང་ཚོགས་དང་འབྲེལ་བ་དམ་ཟབ་དང་མང་ཚོགས་ལ་ཞབས་འདེགས་དེ་བས་ལེགས་པ་ཞུ་བ་དང་མང་ཚོགས་ཀྱི་ལྟ་སྐུལ་ཁེངས་སྐྱུང་གིས་དང་ལེན་བྱེད་པ་དང་། སྤྱོད་ཚུལ་གྱི་ཚད་གཞི་དང་སྤྱོད་གཙང་རང་གཅུན་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་ཀྱིས་བག་མེད་སྐྱིད་འདོད་དང་སྒེར་ཕན་བརྩོན་གཉེར་བྱ་རྒྱུ་གཏན་འགོག་བྱས་ཏེ་རྩ་ཁྲིམས་དང་བཅའ་ཁྲིམས་དང་། སྲིད་གྲོས་ཀྱི་སྒྲིག་སྲོལ། ལམ་ལུགས་ཚད་ལྡན་བཅས་ལ་དེ་བས་ལེགས་པའི་ངང་བརྩི་བཀུར་ཞུ་བ། དོན་གཉེར་ཡར་བརྩོན་དང་སྙིང་རུས་ལས་གཅེས་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་ཀྱིས་གང་དགའ་གང་སྐྱིད་དང་། ཆུ་སྣ་གར་ཁྲིད། བག་མེད་ལྷོད་གཡེང་བཅས་ལ་ངོ་རྒོལ་བྱས་ནས་རང་འགན་སྒྲུབ་ནུས་དང་ལས་ཀའི་ཕན་འབྲས་དངོས་དེ་བས་ནུས་ལྡན་ངང་ཆེ་རུ་གཏོང་བ། དམངས་གཙོ་གྲོས་མོལ་དང་ཚོད་འཛིན་བསྟུན་མཁས་བྱ་རྒྱུ་མཐའ་འཁྱོངས་ཀྱིས་ཁ་མཁས་ཚིག་སྙན་དང་ཧ་ཅང་ཐལ་དྲགས་པའི་གཏམ་སྤྱོད་སྤོང་གང་ཐུབ་བྱས་ནས་སྲིད་གྲོས་ཀྱི་སྐད་ཆ་ཤོད་དབང་དང་ཤུགས་རྐྱེན་ཕོག་ཤུགས་དེ་བས་ཏན་ཏིག་ངང་ཡག་པོ་སྤྱད་དེ་སྐད་ཆ་དྲང་པོ་དྲང་གཞག་ཤོད་པ་དང་། ཐབས་ཇུས་དོན་ཐོག་ཏུ་འཁྱོལ་བ། བྱ་སྤྱོད་བདེན་པ་བདེན་ཐུབ་ངང་སྤེལ་བ་བཅས་བྱས་ཐོག་རྒྱལ་ཁབ་ལ་ཕན་པ་ཡོད་པ་དང་། དམངས་ལ་རོགས་རམ་ཐོབ་པ། རང་ཉིད་ལ་བྱས་རྗེས་ཡོད་པ་བཅས་བྱེད་ཐུབ་པ་བྱས་ནས་སྲིད་གྲོས་ཨུ་ཡོན་གྱི་གཟི་བརྗིད་མཚན་སྙན་ལ་ངོ་གནོང་མི་དགོས་པ་ཞིག་བྱེད་དགོས།

  ཨུ་ཡོན་དང་བློ་མཐུན་རྣམ་པ་ཚོ། རླབས་ཆེན་གྱི་དམིགས་ཚད་མངོན་འགྱུར་ཡོང་བར་ང་ཚོས་མཐུན་སྒྲིལ་འབད་འཐབ་བྱེད་དགོས་པ་དང་དཀའ་ཚེགས་ཆེ་བའི་ལས་འགན་གྱིས་ང་ཚོར་གསར་འབྱེད་མདུན་སྐྱོད་བྱེད་དགོས་པའི་འབོད་སྐུལ་བྱས་ཡོད། ང་ཚོས་བློ་མཐུན་ཞིས་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཀྲུང་གུང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་ཟབ་བྱས་ཏེ་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་བསྒྲེངས་ནས་བློ་གཅིག་སེམས་གཅིག་ངང་ལས་དོན་ཏན་ཏིག་སྤེལ་ཐོག་མི་དམངས་སྲིད་གྲོས་ཀྱི་བྱ་གཞག་འཕེལ་རྒྱས་ཀྱི་རྣམ་པ་བཟང་པོ་འབད་འབུངས་གསར་གཏོད་བྱས་ཏེ“ལོ་བརྒྱ་གཉིས”ཀྱི་འབད་འཐབ་དམིགས་ཚད་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཡོང་ཆེད་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་དགོས།(རྩོམ་འགན་པ། རྟ་མགྲིན)
འབྲེལ་ཡོད་རྩོམ་ཡིག