ཀྲུང་གོའི་བོད་ལྗོངས་དྲ་བ།>དབུ་ལྷེ།

ལས་དབང་གི་ཐུན་མོང་སྒྲིག་གཞིར་ཁ་ཕྱོགས་པ་དང་ཨེ་ཤེ་ཡའི་འབྱུང་འགྱུར་གསར་པ་གཏོད།

2015-03-30
ཀ +
འདི་ནི་ཟླ་3ཚེས་28ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞིས་ཅིན་ཕིང་ཧའེ་ནན་པོ་ཨའོ་རུ་2015ལོའི་པོ་ཨའོ་ཨེ་ཤེ་ཡའི་གླེང་སྟེགས་ལོ་ཚོགས་ཀྱི་འགོ་ཚུགས་མཛད་སྒོར་ཞུགས་པ་དང་འབྲེལ་བརྗོད་བྱ་གཙོ་བོའི་གསུང་བཤད་ཀྱང་གནང་བའི་གནས་ཚུལ་ཡིན་པ།

   འདི་ག་ཚགས་པར་ཁང་དུ་ཧའེ་ནན་པོ་ཨའོ་ནས་ཟླ་3ཚེས་28ཉིན་གློག་འཕྲིན་འབྱོར་གསལ། ཚེས་28ཉིན་གྱི་སྔ་དྲོ་པོ་ཨའོ་ཨེ་ཤེ་ཡའི་གླེང་སྟེགས་2015ལོའི་ལོ་ཚོགས་ཧའེ་ནན་ཞིང་ཆེན་པོ་ཨའོ་རུ་འགོ་ཚུགས་པ་རེད། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞིས་ཅིན་ཕིང་འགོ་ཚུགས་མཛད་སྒོར་ཞུགས་པ་དང་འབྲེལ་བརྗོད་བྱ་གཙོ་བོའི་གསུང་བཤད་ཀྱང་གནང་ནས་ཨེ་ཤེ་ཡས་ལས་དབང་གི་ཐུན་མོང་སྒྲིག་གཞིར་ཁ་ཕྱོགས་པ་དང་ཨེ་ཤེ་ཡའི་འབྱུང་འགྱུར་གསར་པ་གཏོད་པར་ངེས་པར་དུ་འཛམ་གླིང་མདུན་སྐྱོད་བྱེད་པའི་གོམ་སྟབས་ཁྲོད་མདུན་སྐྱོད་བྱེད་པ་དང་འཛམ་གླིང་འཕེལ་རྒྱས་འགྲོ་བའི་འགྲོ་ཕྱོགས་དང་བསྟུན་ནས་འཕེལ་རྒྱས་གཏོང་དགོས། ང་ཚོས་ཨེ་ཤེ་ཡའི་ལས་དབང་གི་ཐུན་མོང་སྒྲིག་གཞིར་ཁ་ཕྱོགས་པ་བརྒྱུད་མིའི་རིགས་ཀྱི་ལས་དབང་གི་ཐུན་མོང་སྒྲིག་གཞི་སྐྲུན་རྒྱུར་སྐུལ་འདེད་གཏོང་དགོས་པའི་ནན་བཤད་གནང་བ་རེད།

   སྔ་དྲོའི་ཆུ་ཚོད་བཅུ་པ་ཙམ་དུ་ཞིས་ཅིན་ཕིང་དང་ཨར་མེ་ཉི་ཡའི་ཙུང་ཐུང་སའར་ཅིས་ཤང་དང་། ཨོ་སི་ཁྲུ་རི་ཡའི་ཙུང་ཐུང་ཧྥེ་ཧྲེའར། ཧིན་རྡུ་ཉི་ཞི་ཡའི་ཙུང་ཐུང་ཙུའོ་ཁོའོ། ནེ་པ་ལའི་ཙུང་ཐུང་ཡ་ཏ་ཕུའུ། སི་རི་ལན་ཁའི་ཙུང་ཐུང་ཤི་ལི་སའེ་ན། ཝུ་ཀན་ཏའི་ཙུང་ཐུང་མུའུ་སའེ་ཝུའེ་ཉི། ཙན་པི་ཡའི་ཙུང་ཐུང་ལུན་ཀུ། ཨོ་སི་ཁྲུ་ལི་ཡའི་ཙུང་ཏུའུ་ཁོ་སི་ཀེ་ལུའོ་ཕུའུ། ཧ་སག་སི་ཐན་གྱི་ཙུང་ལི་མ་ཤི་མོ་ཕུའུ། མ་ལེ་ཞི་ཡའི་ཙུང་ལི་ན་ཅི་པུ། ཧོ་ལན་གྱི་དབུ་བཞུགས་བློན་ཆེན་ལུའེ་ཐེ། སུའེ་ཏེན་གྱི་དབུ་བཞུགས་བློན་ཆེན་ལེ་ཝུན། ཁ་ཐར་གྱི་དབུ་བཞུགས་བློན་ཆེན་གཞོན་པ་ཨ་ལེ་མ་ཧ་མའོ་ཏེ། ཨུ་རུ་སུའི་ཙུང་ལི་གཞོན་པ་དང་པོ་ཧྲུའུ་ཝ་ལུའོ་ཕུའུ། ཐེ་ལན་གྱི་ཙུང་ལི་གཞོན་པ་དང་ཕྱི་འབྲེལ་པུའུ་ཀྲང་གཅིག་ལྕོགས་ཡིན་པའི་ཐ་ན་ས་སོགས་ཕྱི་རྒྱལ་གྱི་འགོ་ཁྲིད་པ་དང་མཉམ་དུ་ཚོགས་རར་ཕེབས་པས་ཚོགས་རའི་མི་རྣམས་ཀྱིས་ཡར་ལངས་ཏེ་དགའ་བསུ་ཞུས་པ་རེད།

   སྤྲོ་སེམས་འཁོལ་བའི་ཐལ་མོ་རྡེབ་སྒྲའི་ཁྲོད་ཞིས་ཅིན་ཕིང་གིས་འཆད་སྟེགས་ཐོག་ཕེབས་ནས《ལས་དབང་གི་ཐུན་མོང་སྒྲིག་གཞིར་ཁ་ཕྱོགས་པ་དང་ཨེ་ཤེ་ཡའི་འབྱུང་འགྱུར་གསར་པ་གཏོད་པ》ཞེས་འགོ་བརྗོད་དུ་འཁོད་པའི་བརྗོད་བྱ་གཙོ་བོའི་གསུང་བཤད་གནང་བ་རེད།

   ཞིས་ཅིན་ཕིང་གིས་སྐབས་འདིའི་པོ་ཨའོ་ཨེ་ཤེ་ཡའི་གླེང་སྟེགས་ཀྱི་ལོ་ཚོགས་དེས“ཨེ་ཤེ་ཡའི་འབྱུང་འགྱུར་གསར་པ། ལས་དབང་གི་ཐུན་མོང་སྒྲིག་གཞིར་ཁ་ཕྱོགས་པ”ཞེས་པ་དེ་བརྗོད་བྱ་གཙོ་བོ་བྱས་པ་ནི་དུས་དང་མཐུན་པ་ཞིག་ཡིན་ལ་དངོས་ཡོད་ཀྱི་དོན་སྙིང་གལ་ཆེན་ལྡན་པ་མ་ཟད་ཡུན་རིང་གི་ལོ་རྒྱུས་དོན་སྙིང་ཡང་ལྡན་ཡོད། ད་ལོ་ནི་འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་དང་ཀྲུང་གོ་མི་དམངས་ཀྱི་རི་འགོག་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་70འཁོར་བའི་ལོ་ཞིག་དང་། མཉམ་འབྲེལ་རྒྱལ་ཚོགས་དབུ་བརྙེས་ནས་ལོ་70འཁོར་བ། དབན་ལུང་ཚོགས་འདུ་འཚོགས་ནས་ལོ་60འཁོར་བ། ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་ཐུན་མོང་སྒྲིག་གཞི་བཙུགས་པའི་ལོ་བཅས་ཡིན་པས་དེ་ནི་མི་རྣམས་ཀྱིས་དྲན་གསོ་བྱེད་འོས་པའི་གལ་ཆེའི་ལོ་ཞིག་རེད་ལ་མི་རྣམས་ཀྱིས་ལོ་རྒྱུས་བློ་ལ་བརྟན་པོར་ངེས་པ་དང་ཕྱིན་ཆད་གང་འབྱུང་གདེང་ཚོད་བྱེད་ཐུབ་པའི་དུས་སྐབས་གལ་ཆེན་ཞིག་ཀྱང་རེད་ཅེས་གསུངས་པ་རེད།

   ཞིས་ཅིན་ཕིང་གིས་ལོ་70ཡི་རིང་འཛམ་གླིང་ཐོག་སྔར་བྱུང་མྱོང་མེད་པའི་འགྱུར་ལྡོག་ཆེན་པོ་བྱུང་བ་དང་ལོ་རྒྱུས་རང་བཞིན་གྱི་ཐོག་ནས་མིའི་རིགས་ཀྱི་ལས་དབང་འགྱུར་ལྡོག་བྱུང་ཡོད། གོ་ལ་ཧྲིལ་པོའི་མི་སེར་སྤེལ་བའི་མ་ལག་ཁ་ཐོར་དུ་སོང་ནས་འཇམ་འཐབ་ངང་ཁ་གཏད་དུ་ལངས་པའི་སྣང་ཚུལ་མེད་པར་གྱུར་བ་རེད། ཞི་བདེ་དང་། འཕེལ་རྒྱས་། མཉམ་ལས། གཉིས་ཁེ་བཅས་ཀྱི་དུས་རབས་ཀྱི་རླབས་རྒྱུན་ཐོན་པ་དང་ལོ་70ཡི་རིང་ཨེ་ཤེ་ཡའི་དུས་བབ་ལའང་སྔར་བྱུང་མྱོང་མེད་པའི་འགྱུར་ལྡོག་བྱུང་ཡོད། ས་ཁུལ་ཁག་གི་རྒྱལ་ཁབ་ཁག་ཏུ་མི་རིགས་རང་བཙན་ཐོབ་པ་དང་རང་རང་སོ་སོའི་ལས་དབང་གི་ཁ་ལོ་གཅུས་རྒྱུ་བྱུང་ནས་ས་ཁུལ་དང་འཛམ་གླིང་ཞི་བདེར་སྲུང་སྐྱོང་བྱེད་པའི་སྟོབས་ཤུགས་ཆེ་རུ་ཕྱིན་པ་རེད། ལོ་70ཡི་རིང་ཨེ་ཤེ་ཡའི་རྒྱལ་ཁབ་སྔར་བས་མང་བར་རྒྱལ་ཁབ་དེ་གའི་གནས་ཚུལ་དང་འཚམ་པའི་འཕེལ་རྒྱས་ཀྱི་ལམ་བུ་ཞིག་རྙེད་པ་དང་དབུལ་ཕོངས་ནས་དར་རྒྱས་གོང་འཕེལ་གྱི་ཕྱོགས་སུ་སྐྱོད་ཐུབ་པ་བྱུང་སྟེ་དཔལ་འབྱོར་འཕེལ་རྒྱས་ཀྱི་མྱུར་བགྲོད་ལམ་བུའི་ཐོག་སྐྱོད་ཡོད། ཨེ་ཤེ་ཡར་འཛམ་གླིང་དཔལ་འབྱོར་སྤྱི་འབོར་གྱི་གསུམ་ཆ་གཅིག་ལྡན་པ་དེ་དེང་སྐབས་འཛམ་གླིང་ཐོག་འཕེལ་རྒྱས་ཀྱི་གསོན་ཤུགས་དང་མི་མངོན་པའི་ནུས་པ་ཆེ་ཤོས་ལྡན་པའི་ས་ཁུལ་གྱི་གྲས་ཤིག་ཡིན་པས་འཛམ་གླིང་ཁྱོན་ཡོངས་ཀྱི་འཐབ་ཇུས་ཁྲོད་ཀྱི་གནས་བབ་ཀྱང་སྔར་བས་མཐོ་རུ་ཕྱིན་ཡོད། ལོ་70ཡི་རིང་ཨེ་ཤེ་ཡའི་རྒྱལ་ཁབ་ཀྱིས་འདུ་ཤེས་འཛིན་སྟངས་དང་སྤྱི་ཚོགས་ལམ་ལུགས་ཀྱི་ཧེ་བག་རིམ་བཞིན་ཚད་བརྒལ་བྱས་ནས་ཕན་ཚུན་སྒོ་རྒྱག་ནས་སྒོ་དབྱེ་བསྟུན་མཁས་བར་དང་དོགས་ཟོན་དང་འགལ་ཟླ་ནས་ཉིན་བཞིན་ཡིད་ཆེས་ནས་ཁས་ལེན་བྱེད་མང་དུ་འགྲོ་བའི་བར་ཁྱེད་ཁྲོད་བདག་ཡོད་པ་དང་བདག་ཁྲོད་ཁྱེད་ཡོད་པའི་ལས་དབང་གི་ཐུན་མོང་སྒྲིག་གཞིར་དེ་བས་གྱུར་བ་རེད། ཨེ་ཤེ་ཡའི་རྒྱལ་ཁབ་ཁག་གི་མི་དམངས་ཀྱིས་སོ་སྲུང་རོགས་རེས་བྱས་ཏེ་དཀའ་ངལ་དང་འགྲན་སློང་རེ་རེ་བཞིན་ཁྱད་བསད་དང་རྣམ་པར་རྒྱལ་བ་བྱས་ཏེ་ཕྱར་བ་གྲུ་འདེགས་དང་མཉམ་དུ་དཀའ་ངལ་ཁྱད་བསད་བྱེད་པའི་སྟོབས་ཤུགས་ཆེན་པོ་མངོན་པ་བྱས་ནས་དཀའ་སྡུག་འཕྲད་སྐབས་རོགས་རམ་བྱེད་པའི་བརྩེ་སེམས་དངོས་མཚོན་པར་བྱས་ཡོད། ལོ་70ཡི་ལོ་རྒྱུས་དྲན་གསོ་བྱེད་སྐབས་ད་ཆ་ཨེ་ཤེ་ཡར་ཐོབ་པའི་འཕེལ་རྒྱས་ཀྱི་གྲུབ་འབྲས་ནི་ཨེ་ཤེ་ཡའི་རྒྱལ་ཁབ་ཁག་གི་མི་དམངས་ཀྱིས་མི་རབས་ནས་མི་རབས་བར་མུ་མཐུད་འབད་བརྩོན་བྱས་པའི་གྲུབ་འབྲས་ཡིན་པ་དང་ཆབ་སྲིད་མཁས་ཅན་མང་པོ་དང་མཁྱེན་དཔྱོད་ཟབ་པའི་མི་སྣ་མང་པོ་ཞིག་གིས་དཀའ་སྤྱད་འབད་ཐབས་བྱས་པའི་གྲུབ་འབྲས་ཤིག་ཡིན། ངས་ཨེ་ཤེ་ཡའི་ཞི་བདེ་དང་འཕེལ་རྒྱས་ཆེད་ལེགས་སྐྱེས་འབུལ་མཁན་སྐྱེས་བུ་དམ་པ་ཚོར་བླ་ན་མེད་པའི་གུས་འདུད་ཞུ་རྒྱུ་ཡིན་ཞེས་ནན་བཤད་གནང་བ་རེད།

   ཞིས་ཅིན་ཕིང་གིས་ཨེ་ཤེ་ཡ་ནི་འཛམ་གླིང་གི་ཨེ་ཤེ་ཡ་ཞིག་རེད། ཨེ་ཤེ་ཡས་ལས་དབང་གི་ཐུན་མོང་སྒྲིག་གཞིར་ཁ་ཕྱོགས་པ་དང་ཨེ་ཤེ་ཡའི་འབྱུང་འགྱུར་གསར་པ་གཏོད་པར་ངེས་པར་དུ་འཛམ་གླིང་མདུན་སྐྱོད་ཀྱི་གོམ་སྟོབས་ཁྲོད་མདུན་སྐྱོད་བྱེད་དགོས་པ་དང་འཛམ་གླིང་འཕེལ་རྒྱས་ཀྱི་འགྲོ་ཕྱོགས་དང་བསྟུན་ནས་འཕེལ་རྒྱས་གཏོང་དགོས། དེང་སྐབས་རྒྱལ་སྤྱིའི་དུས་བབ་ལ་མུ་མཐུད་རྙོག་འཛིང་ཆེ་བའི་འགྱུར་ལྡོག་འགྲོ་བཞིན་ཡོད་པ་དང་། འཛམ་གླིང་སྣེ་མང་ཅན་དང་དཔལ་འབྱོར་གོ་ལ་ཅན་གྱི་ཕྱོགས་སུ་འཕེལ་རྒྱས་གཏིང་ཟབ་འགྲོ་བ། རིག་གནས་སྣ་མང་ཅན་དང་སྤྱི་ཚོགས་ཆ་འཕྲིན་ཅན་ལ་མུ་མཐུད་སྐུལ་འདེད་གཏོང་བ་བཅས་ཡིན་པས་རྒྱལ་སྤྱིའི་བཀོད་པ་དང་རྒྱལ་སྤྱིའི་སྒྲིག་ལམ་མགྱོགས་མྱུར་ངང་ལེགས་སྒྲིག་དང་འགྱུར་ལྡོག་གཏོང་དགོས་པའི་ནན་བཤད་གནང་བ་རེད།

   མིའི་རིགས་ལ་སའི་གོ་ལ་གཅིག་ལས་མེད་པ་དང་རྒྱལ་ཁབ་ཁག་འཛམ་གླིང་གཅིག་ཏུ་མཉམ་གཤིབ་བྱེད་ཀྱི་ཡོད། འཛམ་གླིང་ཡག་པོ་བྱུང་ཚེ་གཞི་ནས་ཨེ་ཤེ་ཡ་ཡག་པོ་ཡོང་ཐུབ་པ་དང་། ཨེ་ཤེ་ཡ་ཡག་པོ་བྱུང་ཚེ་གཞི་ནས་འཛམ་གླིང་ཡག་པོ་ཡོང་ཐུབ། འགྱུར་ལྡོག་མང་བའི་རྒྱལ་སྤྱི་དང་ས་ཁུལ་གྱི་དུས་བབ་མདུན་དུ་ང་ཚོས་འཛམ་གླིང་གི་འཕེལ་ཕྱོགས་ཆེན་པོ་ཁོང་དུ་ཆུད་པ་དང་དུས་རབས་རླབས་རྒྱུན་གྱི་རྗེས་སུ་འབྲངས་ནས་ཨེ་ཤེ་ཡ་དང་འཛམ་གླིང་ཚང་མར་དེ་བས་ཕན་ཐོགས་ཡོད་པའི་ས་ཁུལ་གྱི་སྒྲིག་ལམ་ཐུན་མོང་ཐོག་གཏོད་དེ་ཨེ་ཤེ་ཡའི་ལས་དབང་གི་ཐུན་མོང་སྒྲིག་གཞིར་ཁ་ཕྱོགས་པ་དང་མིའི་རིགས་ཀྱི་ལས་དབང་གི་ཐུན་མོང་སྒྲིག་གཞི་སྐྲུན་རྒྱུར་སྐུལ་འདེད་གཏོང་དགོས།

   ཞིས་ཅིན་ཕིང་གིས་ལས་དབང་གི་ཐུན་མོང་སྒྲིག་གཞིར་ཁ་ཕྱོགས་པར་ངེས་པར་དུ་རྒྱལ་ཁབ་ཁག་དབར་ཕན་ཚུན་བརྩི་འཇོག་དང་འདྲ་མཉམ་གྱི་ལྟ་སྟངས་འཛིན་དགོས། རྒྱལ་ཁབ་ཚང་མ་ནི་རྒྱལ་སྤྱིའི་སྤྱི་ཚོགས་ཁྲོད་ཀྱི་འདྲ་མཉམ་གྱི་ཁོངས་མི་ཞིག་ཡིན་པ་དང་ཚང་མར་ས་ཁུལ་དང་རྒྱལ་སྤྱིའི་ལས་དོན་ནང་འདྲ་མཉམ་ངང་ཞུགས་པའི་ཁེ་དབང་ཡོད། ཚང་མ་དང་འབྲེལ་བ་ཡོད་པའི་བྱ་བའི་ཐད་རྒྱལ་ཁབ་ཁག་གིས་ཐུན་མོང་ཐོག་གྲོས་བསྡུར་བྱས་ཏེ་སྒྲུབ་དགོས་པ་དང་རྒྱལ་ཁབ་ཁག་གི་རང་བདག་གདམ་གའི་སྤྱི་ཚོགས་ལམ་ལུགས་དང་འཕེལ་རྒྱས་ཀྱི་འགྲོ་ལམ་ལ་བརྩི་འཇོག་བྱས་ཏེ་ཕན་ཚུན་གྱི་རྩ་བའི་ཁེ་ཕན་དང་དོ་ཁུར་བྱེད་ས་འགངས་ཆེན་ལ་བརྩི་འཇོག་བྱེད་པ་དང་རྒྱལ་ཁབ་གཞན་དག་གི་འཕེལ་རྒྱས་སྟོབས་ཆེ་དང་སྲིད་ཇུས་འདུ་ཤེས་ལ་ཕྱི་རོལ་ཡུལ་དང་མཐུན་ལ་རྗེས་དཔག་གི་ལྟ་སྟངས་འཛིན་ནས་མཐུན་པ་ཡོང་ཐབས་དང་མི་མཐུན་པ་སོར་འཇོག་བྱེད་པ་དང་མཐུན་པ་གཅིག་སྡུད་དང་མི་མཐུན་པ་སེལ་ཐབས་ཧུར་ཐག་བྱེད་དགོས། ཨེ་ཤེ་ཡའི་ཐོབ་དཀའ་བའི་ཞི་བདེ་དང་བརྟན་ལྷིང་གི་དུས་བབ་དང་འཕེལ་ཕྱོགས་བཟང་པོར་ཐུན་མོང་ཐོག་སྲུང་སྐྱོབ་བྱས་ཐོག་རྒྱལ་ཁབ་གཞན་དག་གི་ནང་སྲིད་ལ་ཐེ་ཇུས་བྱ་རྒྱུར་ངོ་རྒོལ་དང་རང་ཉིད་ཀྱི་ལྟ་ཚུལ་ལ་གཞིགས་ནས་ས་ཁུལ་གྱི་དུས་བབ་ཟང་ཟིང་བཟོ་རྒྱུར་ངོ་རྒོལ་བྱེད་དགོས་པ་བསྟན་གནང་བ་རེད།

   ཞིས་ཅིན་ཕིང་གིས་ཀྲུང་གོ་མི་དམངས་ཀྱིས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་པ་དང་། ཕྱོགས་ཡོངས་ནས་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ། ཕྱོགས་ཡོངས་ནས་རྒྱལ་ཁབ་ཁྲིམས་བཞིན་སྐྱོང་བ། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བ་བཅས་ཀྱི་འཐབ་ཇུས་བཀོད་པ་གཞིར་བཟུང་ཕྱར་བ་གྲུ་འདེགས་ངང“ལོ་བརྒྱ་གཉིས”ཀྱི་འབད་འཐབ་དམིགས་ཚད་མངོན་འགྱུར་དང་། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱ་ཆེད་འབད་འཐབ་བྱེད་བཞིན་ཡོད། གོ་སྐབས་དེ་དང་བསྟུན་ནས་མདུན་སྐྱོད་ཀྱི་འགྲོ་ལམ་ཐོག་ཀྲུང་གོའི་ཞི་བདེའི་འཕེལ་རྒྱས་མཐའ་འཁྱོངས་བྱ་རྒྱུའི་ཆོད་སེམས་ལ་གཡོ་འགུལ་མི་གཏོང་བ་དང་། ཐུན་མོང་ཐོག་འཕེལ་རྒྱས་གཏོང་རྒྱུ་མཐའ་འཁྱོངས་བྱ་རྒྱུའི་འདུ་ཤེས་ལ་གཡོ་འགུལ་མི་གཏོང་བ། ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོ་ཁུལ་གྱི་དཔལ་འབྱོར་མཉམ་ལས་འཕེལ་རྒྱས་མཐའ་འཁྱོངས་བྱ་རྒྱུའི་སྲིད་ཇུས་ལ་གཡོ་འགུལ་མི་གཏོང་བ་བཅས་ངས་བསྐྱར་བསྒྲགས་བྱེད་འདོད་ཡོད། ཀྲུང་གོའི་དཔལ་འབྱོར་འཕེལ་རྒྱས་དེ་རྒྱུན་རྣམ་གསར་པར་སླེབས་ནས་ཨེ་ཤེ་ཡའི་རྒྱལ་ཁབ་ཚུད་པའི་འཛམ་གླིང་རྒྱལ་ཁབ་ཁག་ལ་མུ་མཐུད་ཁྲོམ་ར་དང་། འཕར་བ། མ་འཇོག མཉམ་ལས་བཅས་ཀྱི་གོ་སྐབས་དེ་བས་མང་བ་མཁོ་འདོན་བྱ་རྒྱུ་ཡིན། ཀྲུང་གོས་ཕྱི་ཕྱོགས་སྒོ་དབྱེའི་གཞི་རྩའི་རྒྱལ་ཇུས་མཐའ་འཁྱོངས་བྱས་ཏེ་རྒྱལ་ནང་གི་མ་འཇོག་ཁོར་ཡུག་ཟམ་མི་ཆད་པར་ལེགས་སུ་གཏོང་བ་དང་མ་འཇོག་པའི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོབ་བྱས་ཏེ་ཚང་མ་དང་མཉམ་དུ་ཨེ་ཤེ་ཡ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་བཏང་ཐོག་དེ་བས་འོད་ཟེར་སྟོང་ལྡན་གྱི་འབྱུང་འགྱུར་གཏོད་རྒྱུ་ཡིན་ཞེས་བསྟན་གནང་བ་རེད།

   ཞིས་ཅིན་ཕིང་གིས་ཀྲུང་གོར་ཞི་མཐུན་བརྟན་ལྷིང་གི་རྒྱལ་ནང་ཁོར་ཡུག་དང་ཞི་བདེ་དང་བརྟན་ལྷིང་གི་རྒྱལ་སྤྱིའི་ཁོར་ཡུག་མཁོ་ཤོས་ཡིན་པ་དང་། ཡོ་ལང་དང་དམག་འཁྲུག་གང་རུང་ཚང་མ་ཀྲུང་གོའི་མི་དམངས་ཀྱི་རྩ་བའི་ཁེ་ཕན་དང་མཐུན་གྱི་མེད། ཉེ་རབས་ནས་བཟུང་ཀྲུང་གོར་ལོ་100ལྷག་ཙམ་གྱི་ཡོ་ལང་དང་དམག་འཁྲུག་འཕྲད་པས་ཀྲུང་གོ་མི་དམངས་ཀྱིས་རང་ཉིད་ལ་དེ་སྔ་འཕྲད་མྱོང་བའི་ཡ་ང་བའི་ཉམས་མྱོང་དེ་དག་རྒྱལ་ཁབ་དང་མི་རིགས་གཞན་དག་ལ་བཙན་འགེལ་གཏན་ནས་བྱེད་མི་སྲིད། ཀྲུང་གོས་གཡོ་འགུལ་སྤུ་ཙམ་ཡང་མི་གཏོང་བའི་སྒོ་ནས་རང་བཙན་རང་བདག་དང་ཞི་བདེའི་ཕྱི་འབྲེལ་སྲིད་ཇུས་མཐའ་འཁྱོངས་དང་། ཞི་བདེའི་འཕེལ་རྒྱས་ཀྱི་འགྲོ་ལམ་ཐོག་བསྐྱོད་རྒྱུ་མཐའ་འཁྱོངས། གཉིས་ཁེ་གཉིས་ཕན་གྱི་སྒོ་དབྱེའི་འཐབ་ཇུས་མཐའ་འཁྱོངས་བཅས་བྱས་ཏེ་ཡང་དག་པའི་ཁེ་ཕན་ལྟ་བ་རྒྱུན་འཁྱོངས་བྱེད་པ་དང་མཉམ་ལས་གཉིས་ཁེ་ལྟེ་བར་བྱས་པའི་རྒྱལ་སྤྱིའི་འབྲེལ་བ་གསར་པ་འཛུགས་རྒྱུར་སྐུལ་འདེད་བཏང་ནས་འཛམ་གླིང་ཞི་བདེ་སྲུང་སྐྱོང་དང་ཐུན་མོང་གི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་བློ་རྩ་བརྟན་པའི་སྟོབས་ཤུགས་ཤིག་སྔ་ཕྱི་བར་གསུམ་དུ་བྱེད་དགོས་པའི་ནན་བཤད་གནང་བ་རེད།

   ཞིས་ཅིན་ཕིང་གིས“རྒྱུད་གཅིག་ལམ་གཅིག”སྐྲུན་པར་མཉམ་གྲོས་དང་། མཉམ་སྐྲུན། མཉམ་སྤྱོད་བཅས་ཀྱི་རྩ་དོན་རྒྱུན་འཁྱོངས་བྱེད་པ་དང་སྒོ་རྒྱག་མིན་པར་སྒོ་དབྱེ་དང་བསྟུན་མཁས་བྱེད་པ་དང་། ཀྲུང་གོ་གཅིག་པུའི་བྱ་སྤྱོད་མིན་པར་ལམ་རྒྱུད་རྒྱལ་ཁབ་ཚང་མའི་ཐུན་མོང་གི་བྱ་སྤྱོད་ཡིན་དགོས། “རྒྱུད་གཅིག་ལམ་གཅིག”སྐྲུན་པ་དང་ཨེ་ཤེ་ཡའི་རྨང་གཞིའི་སྒྲིག་བཀོད་མ་འཇོག་དངུལ་ཁང་ཚང་མ་ནི་སྒོ་དབྱེ་ཡིན་པས་ང་ཚོས་ལམ་རྒྱུད་རྒྱལ་ཁབ་དང་ཨེ་ཤེ་ཡའི་རྒྱལ་ཁབ་ཁག་ཧུར་ཐག་ངང་ཞུགས་རྒྱུར་དགའ་བསུ་ཞུ་རྒྱུ་ཡིན་ལ། གླིང་ཆེན་ལྔའི་གྲོགས་པོ་ཚོས་ཐུན་མོང་ཐོག་ཞུགས་རྒྱུར་ཡང་སྙིང་དབུས་ནས་དགའ་བསུ་ཞུ་རྒྱུ་ཡིན། “རྒྱུད་གཅིག་ལམ་གཅིག”བསྐྲུན་རྒྱུ་དེ་འབོད་ཚིག་སྟོང་པ་ཙམ་མིན་པར་དེ་ནི་མིག་མཐོང་ལག་ཟིན་ཐུབ་པའི་དངོས་ཡོད་བྱེད་ཐབས་ཤིག་ཡིན་ཞིང་། ས་ཁུལ་དང་རྒྱལ་ཁབ་ལ་དངོས་ཕན་ཏན་ཏིག་གཏོད་རྒྱུ་རེད་ཅེས་བསྟན་གནང་བ་རེད།

   ཞིས་ཅིན་ཕིང་གིས་མིའི་རིགས་ཀྱི་ཞི་བདེ་དང་འཕེལ་རྒྱས་ཀྱི་བྱ་གཞག་ནི་བླ་ན་མེད་པའི་བྱ་གཞག་ཅིག་ཡིན་ལ། འགྲན་སློང་གིས་ཁེངས་པའི་བྱ་གཞག་ཅིག་ཀྱང་རེད། མདུན་སྐྱོད་བྱེད་པའི་འགྲོ་ལམ་དེ་ཙམ་གྱི་བདེ་པོ་ཡོང་མི་སྲིད་ལ་རེ་སྒུག་བྱེད་པའི་འབྲས་བུའང་ཐོབ་སླ་བ་ཞིག་མ་ཡིན། རྒྱང་སྐྱོད་ལམ་བུ་ཇི་ཙམ་ཀྱག་ཀྱོག་དང་ཇི་ཙམ་རིང་ཡང་རྒྱལ་ཁ་ཐོབ་མཁན་ནི་ནམ་ཡང་བློས་མི་གཏོང་བ་དང་། ལན་བརྒྱར་ཕམ་རུང་དཔའ་མི་ཞུམ་པ། ལག་གདང་སྦྲེལ་ནས་མདུན་སྐྱོད་བཅས་བྱེད་མཁན་ཚོར་གཏོགས་ཡོད། ང་ཚོ་ཚང་མས་དམིགས་ཚད་གཏན་འཁེལ་དང་སྙིང་རུས་ལྷོད་མེད་བྱས་ཚེ་ལས་དབང་གི་ཐུན་མོང་སྒྲིག་གཞིར་ལག་གདང་སྦྲེལ་ནས་ཁ་ཕྱོགས་པ་དང་ཨེ་ཤེ་ཡའི་འབྱུང་འགྱུར་གསར་པ་གཏོད་ཐུབ་ངེས་ཡིན་པ་ང་ལ་ཡིད་ཆེས་ཡོད་ཅེས་བསྟན་གནང་བ་རེད།

   2015ལོའི་པོ་ཨའོ་ཨེ་ཤེ་ཡ་གླེང་སྟེགས་ལོ་ཚོགས་ཟླ3ཚེས26ཉིན་ནས་ཚེས29ཉིན་བར་འཚོག་རྒྱུ་ཡིན་པ་དང་། བརྗོད་དོན་གཙོ་བོ་ནི“ཨེ་ཤེ་ཡ་འབྱུང་འགྱུར་གསར་པར་ཕྱོགས། ལས་དབང་གི་ཐུན་མོང་སྒྲིག་གཞིའི་ཕྱོགས་སུ་བསྐྱོད”ཅེས་པ་དེ་ཡིན། གླིང་ཆེན་ལྔའི་རྒྱལ་ཁབ་དང་ས་ཁུལ་ནས་ཕེབས་པའི་འགོ་ཁྲིད་མི་སྣ་དང་། རྒྱལ་སྤྱིའི་རྩ་འཛུགས་ཀྱི་འགན་འཁུར་བ་དང་དེ་བཞིན་སྲིད་ཕྱོགས་ལས་རིགས་དང་། བཟོ་ཚོང་ལས་རིགས་ཀྱི་མི་སྣ། རིགས་གཅིག་མཁས་ཅན་དང་མཁས་དབང་བཅས་2000ལྷག་ཙམ་ཞུགས་ཡོད་པ་རེད།

   དེ་ཉིན་ཀྲུའུ་ཞི་ཞིས་ཅིན་ཕིང་གིས་ད་དུང་སྔ་རྗེས་སུ་གླེང་སྟེགས་ཇུས་འདྲི་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་དང་ཕྱི་རྒྱལ་གྱི་པུའུ་ཀྲང་དང་དེ་བཞིན་ཁེ་ལས་མཁས་ཅན་གྱི་འཐུས་མི་དང་། ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྲིད་འཛིན་དཔོན་ལེའང་ཀྲེན་དབྱིན་དང་། ཨའོ་མོན་དམིགས་བསལ་ཁུལ་གྱི་སྲིད་འཛིན་དཔོན་ཚུའེ་ཧྲེ་ཨན་དང་དེ་བཞིན་ཤང་ཀང་དང་ཨའོ་མོན་གྱི་ཁེ་ལས་མཁས་ཅན་གྱི་འཐུས་མི། ཐའེ་དབན་ངོགས་གཉིས་ཀྱི་ཐུན་མོང་ཁྲོམ་རའི་ཐེབས་རྩ་ལྷན་ཚོགས་ཀྱི་མཚན་འཛིན་ཏུང་ཧྲེ་ཀྲང་ཤའོ་དབན་ཁྲང་དང་དེ་བཞིན་ཐེབས་རྩ་ལྷན་ཚོགས་ཀྱི་འཐུས་མི། ཀྲུང་གོ་ཚོང་ལས་སྒྲོག་ཙེ་སྒོར་མོའི་ཚོགས་འདུའི་འཐུས་མི། ཀྲུང་ཕྱིའི་གཏམ་བཤད་སྤེལ་མཁན་གྱི་སྐུ་མགྲོན་གྱི་འཐུས་མི་དང་རི་པིན་གྱི་ཁེ་ལས་མཁས་ཅན་གྱི་འཐུས་མི་བཅས་ལ་མཇལ་འཕྲད་གནང་བ་རེད། ཞིས་ཅིན་ཕིང་གིས་ཤའོ་དབན་ཁྲང་དང་བཅས་པ་པོ་ཨའོ་ཨེ་ཤེ་ཡ་གླེང་སྟེགས་ཀྱི་ལོ་ཚོགས་ནང་ཞུགས་པར་དགའ་བསུ་ཞུས་གནང་ཞིང་། ཞིས་ཅིན་ཕིང་གིས་ངོགས་གཉིས་ཀྱི་སྤུན་ཟླ་ནི་ཤ་རུས་འདྲེས་པའི་ཁྱིམ་ཚང་གཅིག་གི་མི་ཡིན་ལ་ལས་དབང་ཡང་གཅིག་ཏུ་འདུས་ཡོད། ང་ཚོས་སྤུན་ཟླ་ཐའེ་དབན་བ་དང་མཉམ་དུ་མཉམ་ལས་ལ་ཤུགས་སྣོན་བརྒྱབ་སྟེ་མུ་མཐུད་ནས་ངོགས་གཉིས་ཀྱི་འབྲེལ་བ་ཞི་བདེའི་ངང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་འདོད་ཡོད་ཅེས་གསུངས་པ་རེད།

   ཤའོ་དབན་ཁྲང་གིས་ངོགས་གཉིས་ཀྱི་འབྲེལ་བ་ཞི་བདེའི་ངང་འཕེལ་རྒྱས་གཏོང་རྒྱུ་དེ་ནི་ངོགས་གཉིས་ཀྱི་དམངས་ཀྱི་འདུན་པ་ཞིག་ཡིན་པས་ཞི་བདེ་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་བརྟན་པོའི་ངང་སྐྱོད་དགོས་ཞེས་གསུངས་པ་རེད།

   ཀྲུའུ་ཞི་ཞིས་ཅིན་ཕིང་གི་སྐུ་ཟླ་ཕུང་ལི་ཡོན་དང་། ཝང་ཧུའུ་ཉིང་། ལི་ཀྲན་ཧྲུའུ། དབྱང་ཅེ་ཁྲེ་སོགས་འབྲེལ་ཡོད་བྱེད་སྒོར་ཞུགས་ཡོད་པ་རེད།(རྩོམ་འགན་པ། རྟ་མགྲིན)
འབྲེལ་ཡོད་རྩོམ་ཡིག