ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་3ཚེས་16ཉིན་གློག་འཕྲིན་འབྱོར་གསལ། ཉེ་ཆར་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས《ཀྲུང་གོའི་རྐང་རྩེད་སྤོ་ལོ་སྒྱུར་བཅོས་འཕེལ་རྒྱས་ཀྱི་སྤྱིའི་ཇུས་གཞི》(གཤམ་དུ་བསྡུས་མིང་ལ《ཇུས་གཞི》ཞེས་བརྗོད་རྒྱུ)པར་འགྲེམས་བྱས་པ་རེད།
《ཇུས་གཞིའི》ནང་གླེང་གཞི་དང་ནང་དོན་ཁག་བཅུ་གཅིག་ཚུད་ཡོད་པ་སྟེ། སྤྱིའི་བླང་བྱ་ནི་ཀྲུང་གོའི་རྐང་རྩེད་སྤོ་ལོའི་མཐུན་ཚོགས་ལེགས་སྒྲིག་སྒྱུར་བཅོས་བྱ་རྒྱུ་དང་། ལས་རིགས་རྐང་རྩེད་སྤོ་ལོའི་ཚོགས་པ་འཛུགས་སྐྱོང་དང་གཉེར་སྐྱོང་བྱེད་སྟངས་སྒྱུར་བཅོས་དང་འཐུས་ཚང་དུ་གཏོང་རྒྱུ། རྐང་རྩེད་སྤོ་ལོའི་འགྲན་བསྡུར་གྱི་བརྒྱུད་རིམ་དང་ལས་རིགས་རིམ་མཚུངས་མཉམ་འགྲན་གྱི་སྒྲིག་གཞི་སྒྱུར་བཅོས་དང་འཐུས་ཚང་དུ་གཏོང་རྒྱུ། སློབ་གྲྭའི་རྐང་རྩེད་སྤོ་ལོའི་ལུས་རྩལ་འཕེལ་རྒྱས་སྒྱུར་བཅོས་བྱ་རྒྱུ། སྤྱི་ཚོགས་ཀྱི་རྐང་རྩེད་སྤོ་ལོའི་ལུས་རྩལ་ཁྱབ་གདལ་དང་འཕེལ་རྒྱས་གཏོང་རྒྱུ། རྐང་རྩེད་སྤོ་ལོའི་ཆེད་ལས་ཤེས་ལྡན་མི་སྣ་གསོ་སྐྱོང་དང་འཕེལ་རྒྱས་གཏོང་སྟངས་ལེགས་སུ་གཏོང་རྒྱུ། རྒྱལ་ཁབ་རྐང་རྩེད་སྤོ་ལོའི་རུ་ཁག་སྒྱུར་བཅོས་འཕེལ་རྒྱས་ལ་སྐུལ་སྤེལ་གཏོང་རྒྱུ། རྐང་རྩེད་སྤོ་ལོ་ཐང་འཛུགས་སྐྲུན་དོ་དམ་ལ་ཤུགས་སྣོན་རྒྱག་རྒྱུ། མ་དངུལ་གཏོང་བའི་ལམ་སྲོལ་འཐུས་ཚང་དུ་གཏོང་རྒྱུ། རྐང་རྩེད་སྤོ་ལོའི་ལས་དོན་ལ་འགོ་ཁྲིད་བྱ་ཤུགས་ཆེ་རུ་གཏོང་རྒྱུ་བཅས་ཡིན་པ་རེད།
《ཇུས་གཞིའི》ནང་ཀྲུང་གོའི་རྐང་རྩེད་སྤོ་ལོའི་འཕེལ་རྒྱས་ཀྱི་ཉམས་མྱོང་དང་བསླབ་བྱར་ཕྱོགས་སྡོམ་ནན་ཏན་བྱས་པའི་རྨང་གཞིའི་ཐོག་ཀྲུང་གོའི་རྐང་རྩེད་སྤོ་ལོ་སྒྱུར་བཅོས་ཀྱི་མཛུབ་ཁྲིད་བསམ་བློ་དང་། གཞི་རྩའི་རྩ་དོན་དང་དམིགས་ཡུལ་གཙོ་བོ་ཁ་གསལ་བཏོན་ཡོད་པ་དང་། གནད་དོན་ལ་ཁྲིད་སྟོན་བྱ་རྒྱུ་མཐའ་འཁྱོངས་ཀྱིས་སྒྲིག་གཞི་སྒྱུར་བཅོས་གསར་གཏོད་དང་རྐང་རྩེད་སྤོ་ལོའི་འཕེལ་རྒྱས་ཀྱི་ཆོས་ཉིད་ལ་བརྩི་སྲུང་ཞུས་ནས་ཆེད་ལས་ནུས་ཆེ་དང་། བརྒྱུད་རིམ་ཆ་ཚང་། དམངས་གཙོ་སྒོ་དབྱེ། འཁོར་རྒྱུག་བདེ་བ། ཁྲིམས་ལུགས་འཐུས་ཚང་། འགན་ལེན་ནུས་ལྡན་བཅས་ཀྱི་སྒྲིག་གཞི་དང་ལམ་སྲོལ་ཧུར་ཐག་འཛུགས་དགོས། རྒྱལ་ཁབ་ཀྱི་གནས་ཚུལ་ལ་གཞིགས་པ་དང་རྒྱལ་སྤྱིའི་ཉམས་མྱོང་དཔྱད་གཞིར་འཛིན་རྒྱུ་ཟུང་འབྲེལ་བྱ་རྒྱུ་མཐའ་འཁྱོངས་ཀྱིས་ཕུགས་ལ་དམིགས་པ་དང་རྨང་གཞི་བརྟན་དུ་གཏོང་རྒྱུ་ཟུང་འབྲེལ་དང་། གསར་གཏོད་བསྐྱར་འཛུགས་དང་གནད་དོན་བཅོས་སྒྲིག་ཟུང་འབྲེལ། རྒྱལ་ཡོངས་ཀྱི་སྒྲིག་གཞི་དང་ཁྲོམ་རའི་ལམ་སྲོལ་ཟུང་འབྲེལ། རྐང་རྩེད་སྤོ་ལོའི་ལུས་རྩལ་འཕེལ་རྒྱས་དང་དམངས་ཡོངས་ལུས་སྦྱོང་ཟུང་འབྲེལ་བཅས་བྱེད་དགོས། རྐང་རྩེད་སྤོ་ལོའི་ལུས་རྩལ་འཕེལ་རྒྱས་གཏོང་རྒྱུ་དེ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འཆར་འགོད་ནང་བཅུག་ནས“གོམ་སྟབས་གསུམ་ལ་དབྱེ་ནས་སྐྱོད་པའི”འཐབ་ཇུས་ལག་ལེན་བསྟར་ཏེ་རྐང་རྩེད་སྤོ་ལོའི་་འཕེལ་རྒྱས་ཀྱི་ཁོར་ཡུག་དང་རྣམ་པ་ལེགས་སུ་གཏོང་བ་དང་། རྐང་རྩེད་སྤོ་ལོའི་དོ་དམ་སྒྲིག་གཞི་མཐུན་སྦྱོར་ཡོང་བ་བྱེད་པ། ཀྲུང་གོའི་ཁྱད་ཆོས་ཀྱི་རྐང་རྩེད་སྤོ་ལོའི་དོ་དམ་བྱེད་སྟངས་གསར་གཏོད་བྱེད་པ། རྐང་རྩེད་སྤོ་ལོའི་བྱ་གཞག་དང་རྐང་རྩེད་སྤོ་ལོའི་ཐོན་ལས་མཐུན་སྦྱོར་འཕེལ་རྒྱས་ཀྱི་རྣམ་པ་ཆགས་པ་བྱེད་པ་དང་། ལས་རིགས་རིམ་མཚུངས་མཉམ་འགྲན་དང་རྒྱལ་ཁབ་རུ་ཁག་གི་ཆུ་ཚད་མཐོ་རུ་བཏང་སྟེ་རིམ་གྱིས་ཨེ་ཤེ་ཡ་དང་འཛམ་གླིང་གི་མདུན་གྲལ་དུ་སླེབས་པ་བྱེད་པ། ཀྲུང་གོའི་རྐང་རྩེད་སྤོ་ལོ་ཁྱོན་ཡོངས་ནས་འཕེལ་རྒྱས་ཡོང་བ་བྱས་ནས་རྐང་རྩེད་སྤོ་ལོ་དེ་ཉིད་མང་ཚོགས་ཞུགས་མང་ཤོས་ཀྱི་ལུས་རྩལ་བྱེད་སྒོ་ཞིག་ཏུ་འགྱུར་བ་བྱས་ཏེ་སྤྱི་ཚོགས་ཡོངས་སུ་སྐྱོན་བྲལ་གྱི་རྐང་རྩེད་སྤོ་ལོའི་རིག་གནས་རྣམ་པ་ཞིག་ཆགས་པ་བྱེད་དགོས་པའི་ནན་བཤད་བྱས་ཡོད་པ་རེད།
རྐང་རྩེད་སྤོ་ལོའི་ལུས་རྩལ་ལ་ཆེས་རྒྱ་ཁྱབ་ཀྱི་སྤྱི་ཚོགས་ཤུགས་རྐྱེན་ལྡན་པས་རྒྱ་ཆེའི་མང་ཚོགས་ཚོས་ཧ་ཅང་དགའ་པོ་བྱེད་ཀྱི་ཡོད། རྐང་རྩེད་སྤོ་ལོའི་ལུས་རྩལ་འཕེལ་རྒྱས་དང་དར་རྒྱས་གཏོང་རྒྱུ་དེ་རྒྱལ་དམངས་ཀྱི་གཟུགས་པོའི་བྱང་ཚད་མཐོ་རུ་གཏོང་རྒྱུ་དང་། རིག་གནས་འཚོ་བ་ཕུན་སུམ་ཚོགས་སུ་གཏོང་རྒྱུ། རྒྱལ་གཅེས་རིང་ལུགས་དང་མཉམ་སྡེབ་རིང་ལུགས་ཀྱི་སྙིང་སྟོབས་དར་སྤེལ་གཏོང་རྒྱུ། ལུས་རྩལ་རིག་གནས་སྐྱེད་སྲིང་བྱ་རྒྱུ། ལུས་རྩལ་ཐོན་ལས་གོང་འཕེལ་གཏོང་རྒྱུ། ལུས་རྩལ་སྟོབས་ཆེའི་རྒྱལ་ཁབ་ཀྱི་ཕུགས་འདུན་མངོན་འགྱུར་ཡོང་རྒྱུ་བཅས་ཀྱི་ཐད་གལ་ཆེའི་དོན་སྙིང་ལྡན་ཡོད་པའི་ཁར་དཔལ་འབྱོར་དང་། སྤྱི་ཚོགས། རིག་གནས་བཅས་འཛུགས་སྐྱོང་ཐད་ལའང་དགེ་མཚན་ལྡན་པའི་ནུས་པ་ཐོན་གྱི་ཡོད་པ་རེད།(རྩོམ་འགན་པ། རྟ་མགྲིན)