ཀྲུང་གོའི་བོད་ལྗོངས་དྲ་བ།>དབུ་ལྷེ།

རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས《ལས་ཁུངས་དང་བྱ་གཞག་ཚན་པར་ལས་རིཊ་ལོ་དངུལ་སྤྲོད་ཐབས》བཀྲམས།

2015-04-08
   འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་4ཚེས་6ཉིན་གློག་འཕྲིན་འབྱོར་གསལ། ཉེ་ཆར་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས《ལས་ཁུངས་དང་བྱ་གཞག་ཚན་པར་ལས་རིགས་ཀྱི་ལོ་དངུལ་སྤྲོད་པའི་བྱ་ཐབས》(གཤམ་གསལ་གྱི་བསྡུས་མིང་ལ《བྱ་ཐབས》ཞེས་བརྗོད་རྒྱུ)བཀྲམ་ཞིང་། དེའི་ནང་2014ལོའི་ཟླ་10ཚེས་1ཉིན་ནས་བཟུང་ལས་ཁུངས་དང་བྱ་གཞག་ཚན་པའི་ལས་དོན་པའི་ལས་བཟོར་ལོ་དངུལ་སྤྲོད་པའི་ལམ་ལུགས་ལག་ལེན་བསྟར་རྒྱུ་ཡིན་པ་འཁོད་ཡོད། དེ་ནི་ལས་ཁུངས་དང་བྱ་གཞག་ཚན་པའི་རྒན་གསོ་འགན་བཅོལ་ལམ་ལུགས་སྒྱུར་བཅོས་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་པ་དེས་བང་རིམ་མང་ཞིང་རྒྱུན་མཐུད་རྒན་གསོ་འགན་བཅོལ་ཐུབ་པའི་ལམ་ལུགས་ཤིག་ཡིན་པར་བརྟེན་ལས་ཁུངས་དང་བྱ་གཞག་ཚན་པའི་ལས་དོན་པ་རྒན་ཡོལ་ཞུས་རྗེས་ཀྱི་འཚོ་བ་འགན་ལེན་དང་། མི་ཤུགས་ཐོན་ཁུངས་ལམ་ལུགས་ལུགས་མཐུན་འཁོར་སྐྱོད་ཡོང་བར་སྐུལ་མ་གཏོང་རྒྱུར་དོན་སྙིང་གལ་ཆེན་ལྡན་ཡོད།
   རང་རྒྱལ་གྱིས་བང་རིམ་མང་བའི་རྒན་གསོ་འགན་བཅོལ་མ་ལག་འཛུགས་སྐྱོང་ལ་མཐོང་ཆེན་པོ་བྱས་ཡོད། དུས་རབས་གོང་མའི་ལོ་རབས་90པའི་འགོ་ཙམ་ལ་ཁེ་ལས་ཀྱི་རྒན་གསོ་འགན་བཅོལ་ལམ་ལུགས་སྒྱུར་བཅོས་བྱེད་པའི་སྐབས་ནས་བང་རིམ་མང་བའི་ཁེ་ལས་ཀྱི་རྒན་གསོ་འགན་བཅོལ་མ་ལག་འཛུགས་རྒྱུའི་སྐོར་བཏོན་ཡོད། སྒྱུར་བཅོས་ཐད་འཚོལ་ཞིབ་དང་ལག་ལེན་ལོ་མང་རྒྱུན་མི་ཆད་པར་བྱས་པ་བརྒྱུད་ཁེ་ལས་ཀྱི་ལས་བཟོའི་བང་རིམ་མང་བའི་རྒན་གསོ་འགན་བཅོལ་མ་ལག་རགས་ཙམ་ཆགས་ནས་འཕེལ་རྒྱས་ངེས་ཅན་བྱུང་ཞིང་། 2008ལོར་བྱ་གཞག་ཚན་པའི་སྒྱུར་བཅོས་ཚོད་ལྟ་བྱས་རྗེས་ཀྱི་ལོ་འགའི་ནང་། ལས་རིགས་ཀྱི་ལོ་དངུལ་སྤྲོད་པའི་ལམ་ལུགས་ལ་ཕན་ཡོད་ཀྱི་ཚོད་ལྟ་དང་འཚོལ་ཞིབ་མང་པོ་བྱས་པ་དང་སྦྲགས་མཐིལ་རྟོགས་ཚོད་རྩིས་ལས་དོན་འབོར་ཆེན་ཡང་བསྒྲུབས་ཡོད། 2015ལོའི་ལོ་སྟོད་ལ་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས《ལས་ཁུངས་དང་བྱ་གཞག་ཚན་པའི་ལས་དོན་པའི་རྒན་གསོ་འགན་བཅོལ་ལམ་ལུགས་སྒྱུར་བཅོས་བྱ་རྒྱུའི་སྐོར་གྱི་གཏན་འབེབས》བཀྲམས་པའི་ནང་། ལས་ཁུངས་དང་བྱ་གཞག་ཚན་པས་གཞི་རྩའི་རྒན་གསོ་འགན་བཅོལ་ནང་ཞུགས་པའི་ཁར་དེའི་ལས་དོན་པར་ལས་རིགས་ཀྱི་ལོ་དངུལ་སྤྲོད་དགོས་པ་དང་། དེའི་རྨང་གཞི་ཐོག《བྱ་ཐབས》དེ་དངོས་སུ་ལག་ལེན་བསྟར་དགོས་པའི་བླང་བྱ་བཏོན་ཡོད།
   《བྱ་ཐབས》ནང་། ལས་རིགས་ལོ་དངུལ་བཙན་ཐབས་ཀྱིས་བཙུགས་ནས་ལས་ཁུངས་དང་བྱ་གཞག་ཚན་པའི་གཞི་རྩའི་རྒན་གསོ་འགན་བཅོལ་ཐད་ཁ་སྐོང་གི་ནུས་པ་ཐོན་པ་བྱེད་དགོས་པ་དང་། སྤྱོད་འཐུས་ཁྱབ་ཁོངས་དང་འགྲོ་གྲོན་འཇལ་བའི་གཞི་གྲངས་ཚང་མ་གཞི་རྩའི་རྒན་གསོ་འགན་བཅོལ་གྱི་འབྲེལ་ཡོད་གཏན་འབེབས་དང་གཅིག་མཚུངས་ཡོང་བའི་སྒོ་ནས་ལམ་ལུགས་གཅིག་གྱུར་ཡོང་བར་འགན་ལེན་ཏན་ཏིག་བྱེད་དགོས་པ། ཚན་པ་དང་མི་སྒེར་མཉམ་དུ་འགྲོ་གྲོན་འཇལ་བའི་ཁར་མི་སྒེར་གྱི་རྩིས་ཁྲའི་ཐོག་ནས་དོ་དམ་བྱེད་དགོས་པ། མི་སྒེར་གྱི་རྩིས་ཁྲའི་དངུལ་དག་ལས་ཀ་བསྒྱུར་བ་དང་བསྟུན་ཁ་སྤོས་ནས་ལས་དོན་པ་ལུགས་མཐུན་འཁོར་སྐྱོད་ཡོང་བར་སྐུལ་མ་གཏོང་དགོས་པ། རང་ངོས་རྒན་ཡོལ་ཞུ་སྐབས་ཀྱི་མི་སྒེར་གྱི་རྩིས་ཁྲའི་བཅོལ་དངུལ་ཅི་ཡོད་ལ་གཞིགས་ནས་ཐོབ་ཆ་ཅི་སྤྲོད་གཏན་ལ་ཕབ་ནས་འཇལ་རྒྱུའི་འགྲོ་གྲོན་དང་ཐོབ་ཆ་འགབ་མཚུངས་སུ་གཏོང་དགོས་པ། སྤྱི་ཚོགས་འགན་བཅོལ་དཔལ་འབྱོར་བདག་གཉེར་གཞུང་དོན་སྒྲིག་གཞིས་ལས་རིགས་ཀྱི་ལོ་དངུལ་བདག་གཉེར་བྱས་ནས་དོ་དམ་ཞབས་ཞུ་སྒྲུབ་ནུས་རྒྱུན་མི་ཆད་པར་མཐོ་རུ་གཏོང་དགོས་པ། ལས་རིགས་ལོ་དངུལ་ཐད་ཁྲོམ་རའི་མ་འཇོག་གཉེར་སྐྱོང་བྱེད་སྟངས་སྤྱད་དེ་གནས་ཐང་སྲུང་འཕར་ཡོང་བ་བྱེད་དགོས་པ། སྲིད་གཞུང་སྡེ་ཚན་གྱིས་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་བརྒྱབ་ནས་མ་དངུལ་སྐྱོན་བྲལ་ཡོང་བ་བྱེད་དགོས་པ་བཅས་འཁོད་ཡོད།
   《བྱ་ཐབས》ནང་། ལས་རིགས་ཀྱི་ལོ་དངུལ་ལེན་པའི་ཆ་རྐྱེན་དང་ལྟ་སྐུལ་ཞིབ་བཤེར་ཐད་གཏན་འབེབས་བྱས་ཡོད། དེའི་ནང་ལས་ཁུངས་དང་བྱ་གཞག་ཚན་པའི་རྒན་གསོ་འགན་བཅོལ་ལམ་ལུགས་སྒྱུར་བཅོས་ཀྱི་རྟ་སྒ་ཆ་འགྲིག་སྲིད་ཇུས་ཤིག་ཡིན་པའི་ཆ་ནས་ལས་ཁུངས་དང་བྱ་གཞག་ཚན་པའི་རྒན་གསོ་འགན་བཅོལ་ལམ་ལུགས་སྒྱུར་བཅོས་བདེ་བླག་ཡོང་བར་སྐུལ་མ་གཏོང་རྒྱུར་དོན་སྙིང་གལ་ཆེན་ལྡན་ཡོད།(རྩོམ་འགན་པ། རྟ་མགྲིན)
འབྲེལ་ཡོད་རྩོམ་ཡིག