ཀྲུང་གོའི་བོད་ལྗོངས་དྲ་བ།>དབུ་ལྷེ།

ཀྲུང་དབྱང་ཡིག་ཆ་རུ་ལས་བཟོའི་ངལ་གསོ་དང་འཁོར་ཞག་དབང་ཆ་འགན་ལེན་ཏན་ཏིག་བྱེད་དགོས་ཞེས་བསྟན།

2015-04-10
   ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ 4 ཚེས 8 ཉིན་གློག་འཕྲིན་འབྱོར་གསལ། ཉིན་ཤས་གོང་ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས《ཞི་མཐུན་ངལ་རྩོལ་འབྲེལ་བ་གཏོད་རྒྱུའི་སྐོར་གྱི་བསམ་འཆར》པར་འགྲེམས་བྱས་ཤིང་། ཡིག་ཆ་དེ་ཚེས 8 ཉིན་ཤིན་ཧྭ་གསར་འགྱུར་ཁང་ལ་དབང་བསྐུར་ནས་ཡོངས་བསྒྲགས་བྱས་ཡོད། བསམ་འཆར་དེ་ཆ་ཤས 8 དང་དོན་ཚན 26 ལ་དབྱེ་ཡོད་པ་དེའི་ནང་ཞི་མཐུན་ངལ་རྩོལ་འབྲེལ་བ་གཏོད་པའི་དོན་སྙིང་གལ་ཆེན་དང་། མཛུབ་ཁྲིད་བསམ་བློ། ལས་ཀའི་རྩ་དོན། དམིགས་ཚད་དང་ལས་འགན། སྲིད་ཇུས་དང་བྱེད་ཐབས་བཅས་ཚུད་ཡོད་པ་རེད།
   བསམ་འཆར་ནང་རང་རྒྱལ་འདི་ཉིད་དཔལ་འབྱོར་དང་སྤྱི་ཚོགས་ཕྱོགས་སྒྱུར་གྱི་དུས་སྐབས་སུ་སླེབས་པ་དང་ངལ་རྩོལ་འབྲེལ་བའི་གཙོ་གཟུགས་དང་དེ་བཞིན་དེའི་ཁེ་ཕན་གྱི་འདུན་པ་རིམ་བཞིན་སྣ་མང་ཅན་དང་ངལ་རྩོལ་འབྲེལ་བའི་འགལ་ཟླ་མངོན་གསལ་དོད་པ་དང་ཐོན་མང་བའི་དུས་ལ་སླེབས་ནས་ངལ་རྩོལ་རྩོད་གླེང་གི་གྱོད་གཞི་ཐོན་ཚད་མང་དུ་འགྲོ་བ་ལས་ཉུང་དུ་མི་འགྲོ་བ་དང་། ས་གནས་ཁག་གཅིག་གིས་ཞིང་པ་ལས་མིའི་གླ་ཆ་འགྱངས་ཆད་བྱེད་པ་སོགས་ལས་བཟོའི་ཁེ་ཕན་ལ་གནོད་འཚེ་གཏོང་བའི་སྣང་ཚུལ་སྔར་བཞིན་མངོན་གསལ་དོད་པ། མཉམ་དུ་ལས་མཚམས་འཇོག་པ་དང་ཚོགས་སྤྱིའི་རང་བཞིན་གྱི་དོན་རྐྱེན་ཡང་སེ་ཐོན་གྱི་ཡོད་པས་ཞི་མཐུན་ངལ་རྩོལ་འབྲེལ་བ་གཏོད་པའི་ལས་འགན་ཧ་ཅང་དཀའ་ཚེགས་ཆེན་པོ་ཡོད་ཅེས་མཛུབ་སྟོན་བྱས་ཡོད་པ་རེད།
   བསམ་འཆར་ནང་ངལ་རྩོལ་ཐོབ་ཆ་ལེན་པའི་ལས་བཟོའི་དབང་ཆ་འགན་ལེན་ཏན་ཏིག་བྱེད་དགོས། གླ་ཕོགས་སྤྲོད་པའི་གཏན་འབེབས་འཐུས་ཚང་དུ་གཏོང་བ་དང་འབྲེལ་དོན་འཁྱོལ་བྱས་ཏེ་གླ་ཕོགས་སྤྲོད་པའི་ལྟ་སྐུལ་ཚོད་འཛིན་དང་། གླ་ཕོགས་ཀྱི་འགན་ལེན་དངུལ། གླ་ཆ་འགྱངས་ཆད་ཀྱི་འཕྲལ་སྡོམ་འཁོར་རྒྱུག་མ་དངུལ་བཅས་ཀྱི་ལམ་ལུགས་འཐུས་ཚང་དུ་གཏོང་བ་དང་། གླ་ཆ་འགྱངས་ཆད་ཀྱི་འགན་ལེན་དངུལ་གྱི་ལམ་ལུགས་འཚོལ་ཞིབ་བྱས་ནས་འཛུགས་པ། འགྱངས་ཆད་གླ་ཆ་གཙང་སྤྲོད་ཀྱི་ཨར་ལས་སྤྱིའི་འགན་གཙང་ལེན་མཁན་ཁེ་ལས་ཀྱི་འགན་འཁྲིའི་ལམ་ལུགས་དོན་འཁྱོལ་བཅས་བྱས་ཏེ་ངལ་རྩོལ་ཐོབ་ཆ་མི་སྤྲོད་པ་སོགས་ཀྱི་ཁྲིམས་འགལ་ཉེས་གསོག་གི་བྱེད་སྤྱོད་ལ་ཁྲིམས་ལྟར་ཆད་པ་བཅད་དེ་ལས་བཟོ་དང་ལྷག་པར་དུ་ཞིང་པ་ལས་མིས་དུས་ཐོག་དང་གྲངས་ཚང་ངང་གླ་ཕོགས་ཐོབ་ཆ་ལེན་ཐུབ་པའི་འགན་ལེན་བྱེད་དགོས་ཞེས་མཛུབ་སྟོན་བྱས་ཡོད་པ་རེད།
   བསམ་འཆར་ནང་ལས་བཟོའི་ངལ་གསོ་དང་འཁོར་ཞག་དབང་ཆ་འགན་ལེན་ཏན་ཏིག་བྱེད་དགོས། ལས་བཟོའི་ལས་ཀའི་དུས་ཚོད་དང་། རྒྱལ་ཡོངས་རང་བཞིན་གྱི་ལོ་གསར་དང་། དུས་ཆེན། དྲན་གསོའི་ཉིན་མོ་བཅས་ངལ་གསོའི་དུས་ཚོད། གླ་ཕོགས་ཁྱེར་ནས་ལོ་རེའི་འཁོར་ཞག་ཏུ་འགྲོ་བ་སོགས་ཀྱི་རྒྱལ་ཁབ་ཀྱི་གཏན་འབེབས་འཐུས་ཚང་དུ་གཏོང་བ་དང་འབྲེལ་དོན་འཁྱོལ་བྱེད་པ་དང་། ཁེ་ལས་ཀྱིས་དམིགས་བསལ་ལས་དུས་ལམ་ལུགས་ལག་བསྟར་བྱེད་པར་ཞིབ་མཆན་འགོད་པ་དང་དོ་དམ་ཚད་ལྡན་དུ་བཏང་ནས་ཁེ་ལས་ཀྱིས་ལས་བཟོ་ངལ་གསོ་དང་འཁོར་ཞག་ཁྲིམས་ལྟར་བཀོད་སྒྲིག་བྱ་རྒྱུར་སྐུལ་འདེད་གཏོང་དགོས་པའི་ནན་བཤད་བྱས་ཡོད་པ་རེད།
   བསམ་འཆར་ནང་ལས་བཟོར་ངལ་རྩོལ་བདེ་འཇགས་དང་འཕྲོད་བསྟེན་སྲུང་སྐྱོང་གི་དབང་ཆ་ཐོབ་རྒྱུ་འགན་ལེན་ཏན་ཏིག་བྱེད་དགོས། ངལ་རྩོལ་བདེ་འཇགས་དང་འཕྲོད་བསྟེན་གྱི་ཁྲིམས་འཛིན་ལྟ་སྐུལ་ལ་ཤུགས་སྣོན་རྒྱག་པ་དང་། ཁེ་ལས་ཀྱིས་ངལ་རྩོལ་བདེ་འཇགས་དང་འཕྲོད་བསྟེན་གྱི་འགན་འཁྲིའི་ལམ་ལུགས་འཐུས་ཚང་དུ་གཏོང་བ་དང་འབྲེལ་དོན་འཁྱོལ་བྱ་རྒྱུར་སྐུལ་འདེད་གཏོང་བ། ངལ་རྩོལ་བདེ་འཇགས་དང་འཕྲོད་བསྟེན་སྲུང་སྐྱོང་སྐོར་གྱི་རྒྱལ་ཁབ་ཀྱི་ཚད་གཞི་ལག་བསྟར་ནན་པོ་བྱེད་པ་བཅས་བྱས་ཏེ་བདེ་འཇགས་ཐོན་སྐྱེད་ཐད་མ་དངུལ་གཏོང་ཤུགས་ཆེ་རུ་གཏོང་བ་དང་། བདེ་འཇགས་ཐོན་སྐྱེད་དང་ལས་རིགས་འཕྲོད་བསྟེན་སློབ་གསོ་དང་གསོ་སྦྱོང་ལ་ཤུགས་སྣོན་བརྒྱབ་ནས་རྒྱལ་ཁབ་ཀྱི་གཏན་འབེབས་དང་མཐུན་པའི་ངལ་རྩོལ་བདེ་འཇགས་དང་འཕྲོད་བསྟེན་གྱི་ཆ་རྐྱེན་དང་ངལ་རྩོལ་སྲུང་སྐྱོང་གི་སྤྱོད་ཆས་མཁོ་འདོན་བྱེད་པ་དང་། ལས་རིགས་ཀྱི་གནོད་འཚེ་ཡོད་པའི་ལས་ཀ་བྱེད་མཁན་ལས་བཟོར་རྒྱལ་ཁབ་ཀྱི་གཏན་འབེབས་གཞིར་བཟུང་ལས་གནས་ཐོག་མ་སྐྱོད་གོང་དང་། ལས་གནས་ཐོག་སྐྱོད་རིང་། ལས་གནས་ནས་ཁ་བྲལ་སྐབས་བཅས་སུ་ལས་རིགས་ཀྱི་བདེ་ཐང་བརྟག་དཔྱད་བྱེད་པ། བུད་མེད་ལས་བཟོ་དང་ན་སོ་དར་ལ་མ་བབས་པའི་བཟོ་པར་དམིགས་བསལ་ངལ་རྩོལ་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ཏེ་ཐོན་སྐྱེད་ཀྱི་བདེ་འཇགས་ལས་འཛོལ་དང་ལས་སྒོའི་ནད་གཞིའི་གནོད་འཚེ་ཚད་གཞི་ཆེ་ཤོས་ཀྱི་ཐོག་ནས་ཉུང་དུ་གཏོང་དགོས་པའི་ནན་བཤད་བྱས་ཡོད་པ་རེད།
   བསམ་འཆར་ནང་ལས་བཟོས་སྤྱི་ཚོགས་འགན་བཅོལ་ལོངས་སྤྱོད་དང་ལས་རིགས་རྩལ་ནུས་གསོ་སྦྱོང་དང་ལེན་བྱེད་པའི་དབང་ཆ་འགན་ལེན་ཏན་ཏིག་བྱེད་དགོས། སྤྱི་ཚོགས་འགན་བཅོལ་བཅའ་ཁྲིམས་ལག་བསྟར་ནན་ཏན་དང་། སྤྱི་ཚོགས་འགན་བཅོལ་འབྲེལ་བ་བསྒྱུར་བ་དང་རྒྱུན་མཐུད་བྱ་ཐབས་མུ་མཐུད་འཐུས་ཚང་དུ་གཏོང་བ། སྤྱི་ཚོགས་འགན་བཅོལ་ཕྱོགས་ཡོངས་ལ་ཁྱབ་པ་བཅས་བྱས་ཏེ་རྒྱ་ཆེའི་ལས་བཟོ་དང་ལྷག་པར་དུ་ཞིང་པ་ལས་མི་དང་ངལ་རྩོལ་བྱེད་པར་བཏང་བའི་བཟོ་པའི་སྤྱི་ཚོགས་འགན་བཅོལ་ཁེ་དབང་དོན་འཁྱོལ་བྱེད་དགོས་པའི་ནན་བཤད་བྱས་ཡོད་པ་རེད།(རྩོམ་འགན་པ། རྟ་མགྲིན)
འབྲེལ་ཡོད་རྩོམ་ཡིག