ཀྲུང་གོའི་བོད་ལྗོངས་དྲ་བ།>དབུ་ལྷེ།

བལ་བོའི་ས་ཡོམ་གྱིས་བོད་ཀྱི་ས་ཆ་གཉིས་ལྷོ་རུ་སྨི 0.6 ལྷག་ཙམ་ནུར།

2015-05-21
   ཤིན་ཧྭ་གསར་འགྱུར་ཁང་ལྷ་ས་ནས་ཟླ 5 ཚེས 19 ཉིན་གློག་འཕྲིན་འབྱོར་གསལ། ལྟ་དཔྱད་ཚད་འཇལ་གྱི་ཞིབ་འཇུག་གསར་ཤོས་ཤིག་ལས་ཤེས་རྟོགས་བྱུང་བར། བལ་བོའི་ས་ཡོམ་དྲག་པོའི་ཤུགས་རྐྱེན་དབང་གིས་རང་རྒྱལ་གྱི་བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་སྐྱིད་གྲོང་གྲོང་རྡལ་དང་གཉའ་ལམ་རྫོང་གཉིས་ལྷོ་ཕྱོགས་ལ་ལི་སྨི 60 ཙམ་ནུར་ཡོད་ཅིང་། ས་ཡོམ་གྱིས་ད་དུང་གཉའ་ལམ་རྫོང་གི་ས་ངོས་ཐད་ཀར་ལི་སྨི 10 ཙམ་དམའ་རུ་ཕྱིན་ཡོད་འདུག
   ལྟ་དཔྱད་ཚད་འཇལ་གྱི་འབྲས་བུ་དེ་ནི་ཀྲུང་གོ་ས་ཡོམ་ཅུས་ས་ཡོམ་ཞིབ་འཇུག་སུའོ་དང་ཀྲུང་གོ་ས་གཤིས་སློབ་ཆེན(ཝུའུ་ཧན)ལས་གྲུབ་པའི་མཉམ་འབྲེལ་རི་ཐང་ལྟ་དཔྱད་ཚད་འཇལ་ཚོགས་ཆུང་གིས་ཤེས་རྟོགས་བྱུང་བ་ཡིན་ཏེ། ཚེས 19 ཉིན་ཀྲུང་གོ་ས་གཤིས་སློབ་ཆེན་གྱི་རུ་སྣེ་འཁྲིད་མཁན་དགེ་རྒན་ཆེ་མོ་བ་ཝང་ཆི་ཡིས་གསར་འགོད་པར་ཟླ 4 ཚེས 25 ཉིན་བལ་བོར་བརྒྱབ་པའི་ས་ཡོམ་གྱི་རིམ་པ་མཐོ་པོ་ཡོད་སྟབས་རྒྱ་གར་གྱི་གླིང་དུམ་དང་ཡོ་རོབ་དང་ཨེ་ཤེ་ཡའི་གླིང་དུམ་སྒུལ་ནས་ས་ཤུན་བརྟན་པོ་མེད་པར་གྱུར་བ་མ་ཟད། སྐྱིད་གྲོང་དང་གཉའ་ལམ་རྫོང་གཉིས་ཡོམ་ལྟེ་དང་ཐག་ཉེ་པོ་ཡོད་པས་ས་ཆ་དེ་གཉིས་སྤོ་བའི་སྣང་ཚུལ་མངོན་གསལ་དོད་པོ་ཡོད་ཅེས་བརྗོད་ཡོད་འདུག
ངོ་སྤྲོད་བྱས་པར་གཞིགས་ན། ལྟ་དཔྱད་ཚད་འཇལ་ཚོགས་ཆུང་དེ་ཁོངས་མི 6 ལས་གྲུབ་པ་དང་། ཟླ 5 ཚེས 6 ཉིན་ནས་བཟུང་བོད་ཀྱི་ཡོམ་ཁུལ་གྱི་རྒྱལ་ཁབ 2000GPS དྲ་ཚུགས་སུ GPS འཕྲལ་སྡོམ་ལྟ་དཔྱད་ཚད་འཇལ་བྱས་པ་དང་། ལྟ་དཔྱད་ཚད་འཇལ་གྱི་གྲངས་གཞི་མང་དག་ཅིག་རེག་པ་མ་ཟད། དབྱེ་ཞིབ་བྱས་རྗེས་གོང་གི་འབྲས་བུ་དེ་ཐོབ་པ་ཡིན་འདུག
   དུས་ཡུན་རིང་པོའི་ནང་ས་ཤུན་དབྱིབས་འགྱུར་ལྟ་ཞིབ་ཚད་ལེན་དང་ས་ཡོམ་ཞིབ་འཇུག་གནང་མཁན་དགེ་རྒན་ཆེ་མོ་བ་ཝང་ཆི་ཡིས་དེ་གོང་གསར་ལམ་ཁག་ནས་ཇོ་མོ་གླང་མའི་མཐོ་ཚད་ལི་སྨི 2.5 དམའ་རུ་ཕྱིན་ཡོད་ཅེས་པའི་གནས་ཚུལ་སྤེལ་ཡོད་པས་འབྲས་བུ་དེར་སྔར་བས་ཞིབ་དཔྱད་ཆོག་འཐུས་བྱེད་དགོས་ལ། མིག་སྔར་ལྟ་དཔྱད་ཚད་འཇལ་ཚོགས་ཆུང་ལ་ཇོ་མོ་གླང་མའི་ས་ཁོངས་ཀྱི་ས་ཤུན་དབྱིབས་འགྱུར་གྱི་དཔྱད་གཞིའི་ཡིག་རིགས་རེག་ཅིང་ཞིབ་ཅིང་ཕྲ་བའི་དབྱེ་ཞིབ་བྱས་རྗེས་ཉེ་དུས་ཇོ་མོ་གླང་མའི་མཐོ་ཚད་ཀྱི་འགྱུར་བ་ཡོངས་བསྒྲགས་བྱ་རྒྱུ་རེད་ཅེས་བརྗོད་ཡོད་འདུག
   གསར་འགོད་པས་ཤེས་རྟོགས་བྱས་པར། གོམ་སྟབས་རྗེས་མར་ལྟ་དཔྱད་ཚད་འཇལ་ཚོགས་ཆུང་གིས་ལྟ་དཔྱད་ཚད་འཇལ་ལས་དོན་དེ་ས་དགའ་དང་དིང་རི་སོགས་ས་ཡོམ་གྱི་གནོད་འཚེ་བལྟོས་བཅས་ཀྱིས་ཆུང་ཙམ་ཡོད་པའི་ས་ཁོངས་སུ་འགྱུར་ནས་ས་ཤུན་འགྱུར་ལྡོག་ལ་མུ་མཐུད་ལྟ་ཞིབ་ཚད་ལེན་བྱས་ནས་ཞོར་སྐྱོན་འགོག་པ་དང་གེགས་རྗེས་བསྐྱར་སྐྲུན་སོགས་ཡོམ་འགོག་གེགས་སེལ་ལས་དོན་ལ་ཚན་རིག་དང་མཐུན་པའི་ལྟ་དཔྱད་ཚད་འཇལ་གྱི་གཞི་འཛིན་ས་མཁོ་འདོན་བྱ་རྒྱུ་ཡིན་ཞིང་། སྔོན་དཔག་ལྟར་ན། ལྟ་དཔྱད་ཚད་འཇལ་ལས་དོན་དེ་ཟླ་གཅིག་བསྟུད་མར་སྤེལ་རྒྱུ་ཡིན་པ་རེད་འདུག(རྩོམ་འགན་པ། རྟ་མགྲིན)
འབྲེལ་ཡོད་རྩོམ་ཡིག