ཀྲུང་གོའི་བོད་ལྗོངས་དྲ་བ།>དབུ་ལྷེ།

ཞིས་ཅིན་ཕིང་གིས་ལུའུ་ཧྲན་རྒན་གསོ་ཁང་གི་མེ་སྐྱོན་བྱུང་རྐྱེན་ཞིབ་གསལ་བྱ་དགོས་སྐོར་བརྗོད།

2015-05-26 ཟླ་བ།
   ཤིན་ཧྭ་གསར་འགྱུར་དྲ་བའི་པེ་ཅིང་ནས་ཟླ 5 ཚེས 26 ཉིན་གློག་འཕྲིན་འབྱོར་གསལ། ཟླ 5 ཚེས 25 ཉིན་གྱི་ཆུ་ཚོད 19 སྐར་མ 55 ཡས་མས་སུ། ཧོ་ནན་ཕེང་ཏེན་ཧྲན་གྲོང་ཁྱེར་ལུའུ་ཧྲན་རྫོང་གི་སྤྲོ་སྐྱིད་གླིང་བགྲེས་པོའི་སྡོད་ཁང་ལ་མེ་སྐྱོན་བྱུང་སྟེ། མི 38 མི་རྐྱེན་ལམ་དུ་ཤོར་བ་དང་མི 6 ལ་རྨས་སྐྱོན་ཕོག་ཡོད་འདུག
   དོན་རྐྱེན་བྱུང་རྗེས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་གཙིགས་ཆེན་གནང་ཡོད་འདུག་སྟེ།  ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞིས་ཅིན་ཕིང་གིས་འཕྲལ་དུ་མཛུབ་སྟོན་གལ་ཆེན་གནང་ནས།  ཧོ་ནན་ཞིང་ཆེན་དང་འབྲེལ་ཡོད་སྡེ་ཚན་ཁག་གིས་ནུས་ཤུགས་ཡོད་རྒུས་རྨས་མ་སྐྱོབ་བཅོས་དང་། རྐྱེན་ལམ་དུ་ཤོར་བའི་འདས་པོའི་རྗེས་འཇུག་དང་ཁོང་ཚོའི་ནང་མིར་སེམས་གསོའི་འཚམས་འདྲིའི་ལས་དོན་འོས་འཚམ་ངང་ལེགས་པར་སྒྲུབ་དགོས་པ་མ་ཟད། དོན་རྐྱེན་འབྱུང་རྐྱེན་རྩད་གཅོད་བྱེད་དགོས་ལ་ཁྲིམས་ལྟར་བྱུར་རྐྱེན་གྱི་ཁག་འགན་བདའ་འདེད་བྱ་དགོས་སྐོར་བརྗོད་ཡོད་འདུག   ཡང་ཁོང་གིས་ས་གནས་ཁག་དང་འབྲེལ་ཡོད་སྡེ་ཚན་ཁག་གིས་བདེ་འཇགས་དོ་དམ་གྱི་རྩ་བ་དེ་ཁོང་དུ་དམ་པོར་བཅངས་ནས་བྱེད་ཐབས་གོ་ཆོད་པ་སྤྱད་དེ། མངོན་མེད་རྐྱེན་ངན་གྲལ་བཤེར་ནན་ཏན་དང་། རྐྱེན་རྩ་ཆུང་ཟློག བདེ་འཇགས་དོ་དམ་བྱ་ཐབས་ཁྱོན་ཡོངས་ནས་དོན་འཁྱོལ་དང་། བདེ་འཇགས་ལས་འཛོལ་ཐོན་རིགས་སྔོན་འགོག་དང་བཀག་འགོག་མཐའ་གཅིག་བྱས་ཏེ།  མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་ཡོང་བ་བྱེད་དགོས་སྐོར་ཡང་བརྗོད་ཡོད་འདུག
   ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་མཆན་བཀོད་མཛུབ་སྟོན་གནང་བ་དང་། དུས་ཚོད་དམ་འཛིན་གྱིས་ནུས་ཤུགས་ཡོད་རྒུས་རྨས་མ་མྱུར་སྐྱོབ་བྱེད་པ་དང་། རྨས་མའི་ནང་མིར་སེམས་གསོ་སོགས་ཀྱི་ལས་དོན་དང་རྗེས་འཇུག་ཡག་པོ་བསྒྲུབ་རྒྱུའི་བླང་བྱ་བཏོན་པ་དང་། དུས་མཚུངས་སུ་གཅིག་ཤེས་ཀུན་གྲོལ་དང་། ཕྱོགས་གང་ཅིའི་ཐད་ཀྱི་བདེ་འཇགས་ཐད་ཀྱི་མངོན་མེད་རྐྱེན་ངན་ཁྱོན་ཡོངས་ནས་གྲལ་བཤེར་དང་། བློ་ཐག་རྦད་བཅད་ཀྱིས་དོགས་ཟོན་དང་བསྐྱར་དུ་ལས་འཛོལ་མི་ཐོན་པ་བྱ་དགོས་ཞེས་བརྗོད་ཡོད་འདུག
   དོན་རྐྱེན་ཐོན་རྗེས། སྤྱི་བདེ་པུའུ། བདེ་འཇགས་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུས་ཀྱིས་ལས་དོན་ཚོགས་ཆུང་ཡུལ་དངོས་སུ་གཙང་བཅོས་ལས་ཀ་བྱེད་པར་འཕྲལ་དུ་མངགས་ཡོད་འདུག་ལ། ཧོ་ནན་ཞིང་ཨུད་དང་། ཞིང་ཆེན་སྲིད་གཞུང་གི་འབྲེལ་ཡོད་འགོ་ཁྲིད་བློ་མཐུན་གྱིས་དོན་རྐྱེན་ཐོན་ཡུལ་དུ་འཕྲལ་ཕེབས་ཀྱིས་ཉེན་སེལ་རོགས་སྐྱོབ་དང་རྗེས་མཇུག་ཐག་གཅོད་ལས་དོན་སྤེལ་ཡོད་འདུག་ལ། མིག་སྔར། རྗེས་མཇུག་ཐག་གཅོད་ལས་དོན་ཁག་སྒྲུབ་བཞིན་ཡོད་འདུག(རྩོམ་འགན་པ། རྟ་མགྲིན)
འབྲེལ་ཡོད་རྩོམ་ཡིག