ཀྲུང་གོའི་བོད་ལྗོངས་དྲ་བ།>དབུ་ལྷེ།

《2014ལོའི་ཀྲུང་གོའི་འགྲོ་བ་མིའི་ཐོབ་ཐང་བྱ་གཞག་གི་འཕེལ་རིམ》ཞེས་པའི་རྒྱབ་ཤ་དཀར་པོའི་དེབ་བཏོན།

2015-06-10
   ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་6ཚེས་8ཉིན་གློག་འཕྲིན་འབྱོར་གསལ། ཚེས་8ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་དོན་ཁང་གིས《2014ལོའི་ཀྲུང་གོའི་འགྲོ་བ་མིའི་ཐོབ་ཐང་བྱ་གཞག་གི་འཕེལ་རིམ》ཞེས་པའི་རྒྱབ་ཤ་དཀར་པོའི་དེབ་བཏོན་ནས་ཀྲུང་གོའི་འགྲོ་བ་མིའི་ཐོབ་ཐང་བྱ་གཞག་གི་ཕྱོགས་གང་ཅིའི་ཐད་ལ་ཐོབ་པའི་གྲུབ་འབྲས་ཕྱོགས་ཡོངས་ནས་རྒྱས་བཤད་བྱས་ཡོད། རྒྱབ་ཤ་དཀར་པོའི་དེབ་ནང་2014ལོར་ཀྲུང་གོ་མི་དམངས་ལ་དེ་བས་ཏན་ཏིག་ངང་རྒྱལ་ཁབ་ཀྱི་འཕེལ་རྒྱས་དང་ཡར་རྒྱས་ཁྲོད་ནས་ཕན་པ་ཐོབ་པ་མ་ཟད། ཀྲུང་གོའི་འགྲོ་བ་མིའི་ཐོབ་ཐང་བྱ་གཞག་ལ་ཡང་གྲུབ་འབྲས་གསར་པ་ཐོབ་ཡོད་ཅེས་འཁོད་ཡོད་པ་རེད།
   རྒྱབ་ཤ་དཀར་པོའི་དེབ་ཆ་ཚང་ལ་ཡིག་འབྲུ་ཁྲི་2.1ལྷག་ཙམ་ཡོད་པ་དང་གཞི་འཛིན་སའི་གྲངས་གཞི་མང་དག་དང་དོན་དངོས་ཀྱི་ཐོག་ནས་ཕྱོགས་9ཡི་ཐད་ནས་ཀྲུང་གོའི་འགྲོ་བ་མིའི་ཐོབ་ཐང་བྱ་གཞག་ལ་ཐོབ་པའི་གྲུབ་འབྲས་ངོ་སྤྲོད་བྱས་པའི་ནང་འཕེལ་རྒྱས་ཀྱི་དབང་ཆ་དང་། མི་ལུས་ཀྱི་དབང་ཆ། དམངས་གཙོའི་དབང་ཆ། འདྲི་གཅོད་དྲང་གཞག་གི་དབང་ཆ། གྲངས་ཉུང་མི་རིགས་ཀྱི་དབང་ཆ། བུད་མེད་དང་བྱིས་པ་དང་རྒས་འཁོགས་ཀྱི་དབང་ཆ། དབང་པོ་སྐྱོན་ཅན་གྱི་དབང་ཆ། ཁོར་ཡུག་དབང་ཆ། ཕྱི་ཕྱོགས་དང་སྤེལ་རེས་དང་མཉམ་ལས་བཅས་ཚུད་ཡོད་པ་རེད།
   རྒྱབ་ཤ་དཀར་པོའི་དེབ་ནང་2014ལོར་ཀྲུང་གོ་གུང་ཁྲན་ཏང་དང་ཀྲུང་གོ་སྲིད་གཞུང་གིས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་དང་། ཕྱོགས་ཡོངས་ནས་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ། ཕྱོགས་ཡོངས་ནས་རྒྱལ་ཁབ་ཁྲིམས་བཞིན་སྐྱོང་བ། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་འཐབ་ཇུས་བཀོད་སྒྲིག་ལག་བསྟར་བྱ་རྒྱུར་མཐུན་སྦྱོར་ངང་སྐུལ་འདེད་བཏང་བས་ཀྲུང་གོ་མི་དམངས་ལ་དེ་བས་ཏན་ཏིག་ངང་རྒྱལ་ཁབ་ཀྱི་འཕེལ་རྒྱས་དང་ཡར་རྒྱས་ཁྲོད་ནས་ཕན་པ་ཐོབ་པ་མ་ཟད། ཀྲུང་གོའི་འགྲོ་བ་མིའི་ཐོབ་ཐང་བྱ་གཞག་ལ་ཡང་གྲུབ་འབྲས་གསར་པ་ཐོབ་ཡོད་ཅེས་འཁོད་ཡོད་པ་རེད།
   རྒྱབ་ཤ་དཀར་པོའི་དེབ་ནང་ཀྲུང་གོའི་འགྲོ་བ་མིའི་ཐོབ་ཐང་བྱ་གཞག་ལ་གྲུབ་འབྲས་ཧ་ཅང་ཆེན་པོ་ཐོབ་པ་དེ་ཐོག་ནས་ཀྲུང་གོས་གྲུབ་འབྲས་ཐོབ་པའི་ངང་རང་རྒྱལ་ཁབ་ཀྱི་གནས་ཚུལ་དང་འཚམ་པའི་འགྲོ་བ་མིའི་ཐོབ་ཐང་གི་འཕེལ་རྒྱས་ལམ་བུའི་ཐོག་སྐྱོད་ཐུབ་པ་གང་ལེགས་མཚོན་ཡོད། འགྲོ་བ་མིའི་ཐོབ་ཐང་གི་འཕེལ་རྒྱས་ལམ་བུ་དེའི་ཐོག་ཀྲུང་གོས་ཀྲུང་གོ་གུང་ཁྲན་ཏང་གིས་འགོ་ཁྲིད་བྱ་རྒྱུ་མཐའ་འཁྱོངས་བྱས་ནས་འགྲོ་བ་མིའི་ཐོབ་ཐང་བྱ་གཞག་འཕེལ་རྒྱས་ཀྱི་ཡང་དག་པའི་ཁ་ཕྱོགས་འགན་ལེན་བྱས་པ་དང་། འགྲོ་བ་མིའི་ཐོབ་ཐང་གི་ཡོངས་ཁྱབ་རང་བཞིན་གྱི་རྩ་དོན་དང་ཀྲུང་གོའི་དངོས་ཡོད་ཀྱི་རྒྱལ་ཁབ་ཀྱི་གནས་ཚུལ་དང་ཟུང་འབྲེལ་བྱ་རྒྱུ་མཐའ་འཁྱོངས་བྱས་ནས་དེ་བས་མཐོ་བའི་རིམ་པའི་ཐོག་མི་དམངས་ཀྱི་འཚོ་གནས་དབང་ཆ་དང་འཕེལ་རྒྱས་དབང་ཆ་འགན་ལེན་བྱས་པ། ཁྲིམས་ལྟར་རྒྱལ་སྐྱོང་མཐའ་འཁྱོངས་བྱས་ནས་འགྲོ་བ་མིའི་ཐོབ་ཐང་འཕེལ་རྒྱས་དེ་ཁྲིམས་སྐྱོང་ཅན་དང་ལམ་ལུགས་ཅན་གྱི་ལམ་སྲོལ་ནང་བཅུག་པ། གཙོ་གནད་མངོན་གསལ་དོད་པ་དང་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་རྒྱུ་ཕན་ཚུན་གཅིག་གྱུར་ཡོང་རྒྱུ་མཐའ་འཁྱོངས་བྱས་ནས་འགྲོ་བ་མིའི་ཐོབ་ཐང་བྱ་གཞག་གོང་འཕེལ་དང་ཁྱབ་ཁོངས་ཁག་གི་གོང་འཕེལ་ལ་སྤྱི་འདོམས་ལྟ་རྟོག་དང་མཐུན་སྦྱོར་འཕེལ་རྒྱས་གཏོང་བ། ཀྲུང་ཧྭ་ཡི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་དར་སྤེལ་གཏོང་རྒྱུ་མཐའ་འཁྱོངས་བྱས་ནས་མིའི་རིགས་ཀྱི་ཤེས་དཔལ་ལ་ཕན་པའི་གྲུབ་འབྲས་བསྡུ་ལེན་དང་དཔྱད་གཞིར་འཛིན་ཡོད་ཅེས་འཁོད་ཡོད་པ་རེད།
   རྒྱབ་ཤ་དཀར་པོའི་དེབ་ནང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པའི་ལམ་བུའི་ཐོག་ཀྲུང་གོ་གུང་ཁྲན་ཏང་དང་ཀྲུང་གོ་སྲིད་གཞུང་གིས་ཐོབ་པར་དཀའ་བའི་འགྲོ་བ་མིའི་ཐོབ་ཐང་གི་ལག་ལེན་དངོས་ཀྱི་གྲུབ་འབྲས་དང་གསོག་ཉར་བྱས་པའི་རྩ་ཆེའི་ཉམས་མྱོང་ལ་གཅེས་སྤྲས་ལྡབ་བརྒྱ་བྱས་ནས་འགྲོ་བ་མིའི་ཐོབ་ཐང་འགན་ལེན་དང་མངོན་འགྱུར་ཡོང་རྒྱུར་ཕན་པའི་བྱ་གཞག་ཁག་འཕེལ་རྒྱས་ཧུར་ཐག་བཏང་སྟེ་མི་ཚང་མས་རང་ངོས་འཕེལ་རྒྱས་དང་སྤྱི་ཚོགས་ལ་ལེགས་སྐྱེས་འབུལ་ཐུབ་པ་བྱས་ནས་མི་ཚེའི་ནང་བྱ་གཞག་གཏོད་པའི་གོ་སྐབས་ཚང་མར་ཡོད་པ་དང་། ཕུགས་འདུན་མངོན་འགྱུར་ཡོང་བའི་གོ་སྐབས་ཚང་མར་ཡོད་པ། འདྲ་མཉམ་ངང་ཞུགས་པའི་གོ་སྐབས་ཡོད་པ། འདྲ་མཉམ་ངང་འཕེལ་རྒྱས་འགྲོ་བའི་གོ་སྐབས་ཡོད་ཅེས་འཁོད་ཡོད་པ་རེད།(རྩོམ་འགན་པ། རྟ་མགྲིན)
འབྲེལ་ཡོད་རྩོམ་ཡིག