ཀྲུང་གོའི་བོད་ལྗོངས་དྲ་བ།>དབུ་ལྷེ།

《ཀྲུང་གོ་གུང་ཁྲན་ཏང་གི་འཐབ་ཕྱོགས་གཅིག་གྱུར་གྱི་ལས་དོན་སྲོལ་ཡིག(ཚོད་ལྟའི་ལག་བསྟར)》ཁྱབ་བསྒྲགས་བྱས།

2015-05-27
ཀ +
   ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་5ཚེས་25ཉིན་གློག་འཕྲིན་འབྱོར་གསལ། ཀྲུང་གུང་ཀྲུང་དབྱང་གི་ཆོག་མཆན་ཐོབ་པ་བརྒྱུད། 《ཀྲུང་གོ་གུང་ཁྲན་ཏང་གི་འཐབ་ཕྱོགས་གཅིག་གྱུར་གྱི་ལས་དོན་སྲོལ་ཡིག(ཚོད་ལྟའི་ལག་བསྟར)》(གཤམ་དུ་བསྡུས་མིང་དུ《སྲོལ་ཡིག》ཅེས་བརྗོད་རྒྱུ)དངོས་སུ་ཁྱབ་བསྒྲགས་བྱས་ནས་2015ལོའི་ཟླ་5ཚེས་18ཉིན་ནས་བཟུང་ལག་བསྟར་བྱ་རྒྱུ་རེད།
   འཐབ་ཕྱོགས་གཅིག་གྱུར་ནི་ཀྲུང་གོ་གུང་ཁྲན་ཏང་གི་མི་སེམས་གཅིག་སྒྲིལ་དང་སྟོབས་ཤུགས་གཅིག་སྡུད་ཀྱི་ཆབ་སྲིད་ལེགས་ཆ་དང་འཐབ་ཇུས་བྱེད་ཕྱོགས། དེ་བཞིན་གསར་བརྗེ་དང་། འཛུགས་སྐྲུན། སྒྱུར་བཅོས་བཅས་བྱ་གཞག་ལ་རྒྱལ་ཁ་ལེན་པའི་མཆོག་ནོར་གལ་ཆེན་ཞིག ཏང་གི་གྲལ་རིམ་རྨང་གཞི་ཆེ་རུ་གཏོང་བ་དང་། ཏང་གི་མང་ཚོགས་རྨང་གཞི་རྒྱ་ཆེར་གཏོང་བ། ཏང་གི་སྲིད་འཛིན་གནས་བབ་སྲ་བརྟན་དུ་གཏོང་བ་བཅས་ཀྱི་མཆོག་ནོར་གལ་ཆེན། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་དང་། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་མགྱོགས་མྱུར་སྐུལ་འདེད་གཏོང་བ། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཡོང་བ་བཅས་ཀྱི་མཆོག་ནོར་གལ་ཆེན་ཞིག་བཅས་རེད། ད་རེས《སྲོལ་ཡིག》བཟོས་ནས་ཁྱབ་བསྒྲགས་བྱས་པ་ནི་བློ་མཐུན་ཞིས་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གིས་འཐབ་ཕྱོགས་གཅིག་གྱུར་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་བའི་མཚོན་ཚུལ་གལ་ཆེན་དང་། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་དང་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་བཞི་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པའི་བྱེད་ཐབས་གལ་ཆེན་ཞིག་རེད། 《སྲོལ་ཡིག》དེ་འཐབ་ཕྱོགས་གཅིག་གྱུར་ལས་དོན་སྐོར་གྱི་ཀྲུང་གོ་གུང་ཁྲན་ཏང་གི་ཁྲིམས་སྲོལ་དང་པོ་ཡིན་པའི་ངོས་ནས་འཐབ་ཕྱོགས་གཅིག་གྱུར་གྱིས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་དང་། ཕྱོགས་ཡོངས་ནས་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ། ཕྱོགས་ཡོངས་ནས་རྒྱལ་ཁབ་ཁྲིམས་བཞིན་སྐྱོང་བ། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བ་བཅས་ཀྱི་འཐབ་ཇུས་བཀོད་སྒྲིག་ལ་ཞབས་འདེགས་ཞུ་དགོས་པའི་བྱེད་ཕྱོགས་རྩ་དོན་གསལ་པོར་བཏོན་པ་དང་ཕྱོགས་ཡོངས་ནས་ཁྱབ་ཁོངས་ཁག་དང་ཕྱོགས་ཁག་གི་འཐབ་ཕྱོགས་གཅིག་གྱུར་ལས་དོན་ཁག་ཚད་ལྡན་དུ་བཏང་བས་འཐབ་ཕྱོགས་གཅིག་གྱུར་ལས་དོན་དེ་ལམ་ལུགས་ཅན་དང་། ཚད་ལྡན་ཅན། གོ་རིམ་ཅན་བཅས་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བའི་མཚོན་ཚུལ་གལ་ཆེན་ཞིག་ཡིན་སྟབས་ཏང་གི་འཐབ་ཕྱོགས་གཅིག་གྱུར་གྱི་ལོ་རྒྱུས་ཐོག་ལམ་ཚད་རྡོ་རིང་གི་དོན་སྙིང་ལྡན་ཡོད།
   《སྲོལ་ཡིག》ནང་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་བློ་མཐུན་ཞིས་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་འཐབ་ཕྱོགས་གཅིག་གྱུར་སྐོར་གྱི་ཏང་ཀྲུང་དབྱང་གི་དགོངས་པ་གསར་པ་དང་བླང་བྱ་གསར་པ་སྒོ་ཀུན་ནས་ལག་ལེན་བསྟར་ཏེ་འཐབ་ཕྱོགས་གཅིག་གྱུར་ལས་དོན་གྱི་ཉམས་མྱོང་གསར་པ་དང་གྲུབ་འབྲས་གསར་པ་བསྡུས་པ་དང་། དུས་བབ་གསར་པའི་འོག་འཐབ་ཕྱོགས་གཅིག་གྱུར་ལས་དོན་ལ་འཕྲད་པའི་གནས་ཚུལ་གསར་པ་དང་གནད་དོན་གསར་པ་ཞིབ་འཇུག་དང་ཐག་གཅོད་བྱེད་རྒྱུར་མཐོང་ཆེན་བྱས་ཡོད། 《སྲོལ་ཡིག》ནང་འཐབ་ཕྱོགས་གཅིག་གྱུར་ལས་དོན་ཐད་ཏང་གི་འགོ་ཁྲིད་བྱེད་ཤུགས་ཆེ་རུ་བཏང་ནས་མར་ཁེ་སི་ལེ་ཉིང་རིང་ལུགས་དང་། མའོ་ཙེ་ཏུང་དགོངས་པ། ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས། “མཚོན་བྱེད་གསུམ”གྱི་དགོངས་པ་གལ་ཆེན། ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ་བཅས་ཀྱིས་མཛུབ་ཁྲིད་དུ་བྱས་ཏེ་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱེད་པ་དང་། བློ་བརྟན་འགྱུར་མེད་ཀྱིས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་ཐོག་སྐྱོད་དེ“ཕྱོགས་ཡོངས་བཞིའི”འཐབ་ཇུས་བཀོད་སྒྲིག་ལ་དམ་པོར་དམིགས་ཏེ་རྒྱལ་གཅེས་རིང་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་དར་ཆ་མཐོན་པོར་བསྒྲེངས་ཏེ་མཐུན་སྒྲིལ་ཆེ་མོ་དང་མཉམ་འབྲེལ་ཆེ་མོའི་བརྗོད་དོན་གཙོ་བོ་མཐའ་འཁྱོངས་དང་། གཅིག་མཐུན་རང་བཞིན་དང་སྣ་མང་རང་བཞིན་གྱི་འབྲེལ་བ་ཐག་གཅོད་ཡང་དག་བྱེད་པའི་བྱེད་ཕྱོགས་མཐའ་འཁྱོངས་བྱས་ནས་སྲིད་ཏང་གི་འབྲེལ་བ་དང་། མི་རིགས་འབྲེལ་བ། ཆོས་ལུགས་འབྲེལ་བ། རིམ་གྲས་འབྲེལ་བ། རྒྱལ་ཁབ་ཕྱི་ནང་གི་སྤུན་ཟླའི་འབྲེལ་བ་བཅས་ཀྱི་ཞི་མཐུན་ལ་སྐུལ་མ་ཧུར་ཐག་གཏོང་བ་དང་། ཆེས་རྒྱ་ཁྱབ་ཀྱི་རྒྱལ་གཅེས་འཐབ་ཕྱོགས་གཅིག་གྱུར་སྲ་བརྟན་དང་གོང་འཕེལ་བཏང་ཐོག“ལོ་བརྒྱ་གཉིས”ཀྱི་འབད་འཐབ་དམིགས་ཚད་མངོན་འགྱུར་དང་། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཡོང་ཆེད་ཞབས་འདེགས་ཞུ་བ་དང་། སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་སྲུང་སྐྱོང་དང་རྒྱལ་ཁབ་ཀྱི་བདག་དབང་བདེ་འཇགས་འཕེལ་རྒྱས་ཀྱི་ཁེ་ཕན་ལ་སྲུང་སྐྱོང་བྱ་ཆེད་ཞབས་འདེགས་ཞུ་བ། ཤང་ཀང་དང་ཨའོ་མོན་ཡུན་རིང་གྲ་རྒྱས་བརྟན་ལྷིང་རྒྱུན་འཁྱོངས་དང་མེས་རྒྱལ་རྦད་དེ་གཅིག་གྱུར་མངོན་འགྱུར་ཡོང་ཆེད་ཞབས་འདེགས་ཞུ་བ་བཅས་བྱེད་དགོས་པའི་ནན་བཤད་བྱས་ཡོད།
   《སྲོལ་ཡིག》དེ་སྤྱིའི་རྩ་དོན་དང་། རྩ་འཛུགས་འགོ་ཁྲིད་དང་ལས་འགན། དམངས་གཙོའི་ཏང་ཤོག་དང་ཏང་ཤོག་གང་ལའང་མ་གཏོགས་པའི་མི་སྣའི་ལས་དོན། ཏང་ཕྱིའི་ཤེས་ཡོན་ཅན་གྱི་ལས་དོན། མི་རིགས་ལས་དོན། ཆོས་ལུགས་ལས་དོན། སྤྱི་དབང་མིན་པའི་ལམ་ལུགས་དཔལ་འབྱོར་ཁྱབ་ཁོངས་ཀྱི་འཐབ་ཕྱོགས་གཅིག་གྱུར་ལས་དོན། ཤང་ཀང་དང་། ཨའོ་མོན། ཐའེ་དབན་བཅས་ཀྱི་འཐབ་ཕྱོགས་གཅིག་གྱུར་ལས་དོན། ཏང་ཕྱིའི་ཚབ་བྱེད་མི་སྣའི་དཔུང་ཁག་འཛུགས་སྐྱོང་། ཞར་བྱུང་སོགས་ལེའུ་10དང་དོན་ཚན་46བཅས་ལ་ཕྱེ་ཡོད།
   《སྲོལ་ཡིག》ནང་རིམ་ཁག་ཏང་ཨུད(ཏང་ཙུའུ)ཀྱིས་འཐབ་ཕྱོགས་གཅིག་གྱུར་ལས་དོན་གྱི་འགན་འཁྲི་སྒྲུབ་པ་དང་། ཏང་ཨུད(ཏང་ཙུའུ)ཀྱི་འགན་འཁུར་བ་གཙོ་བོ་ནི་འཐབ་ཕྱོགས་གཅིག་གྱུར་ལས་དོན་གྱི་འགན་འཁྲི་སྒྲུབ་མཁན་ཨང་དང་པོ་ཡིན་པ་དང་། རིམ་ཁག་འཐབ་ཕྱོགས་གཅིག་གྱུར་པུས་ཏང་ཨུད་གཙོ་གཉེར་གྱི་འཐབ་ཕྱོགས་གཅིག་གྱུར་ལས་དོན་གྱི་འགན་ནུས་སྡེ་ཚན་གྱི་འགན་འཁྲི་ཏན་ཏིག་འཁུར་ཏེ་སྣེ་ཁྲིད་དང་མཐུན་སྦྱོར་གྱི་ནུས་པ་འདོན་སྤེལ་བྱས་ནས་སྲོལ་ཡིག་འདིར་སྲུང་བརྩི་ནན་པོ་ཞུ་བ་དང་ལག་བསྟར་དོན་འཁྱོལ་ཡག་པོ་བྱེད་དགོས། འཐབ་ཕྱོགས་གཅིག་གྱུར་ལས་དོན་ལ་ཏང་ཡོངས་ཀྱིས་མཐོང་ཆེན་དང་སྤྱི་ཚོགས་ཡོངས་ཀྱིས་རྒྱབ་སྐྱོར་བྱེད་པའི་རྣམ་པ་བཟང་པོ་ཆགས་རྒྱུར་སྔར་བས་སྐུལ་མ་བཏང་སྟེ་ཏང་གི་འབད་འཐབ་དམིགས་ཚད་མངོན་འགྱུར་ཡོང་ཆེད་ཐུན་མོང་གི་ངོས་འཛིན་གཅིག་ཏུ་སྒྲིལ་བ་དང་། མི་སེམས་གཅིག་ཏུ་སྒྲིལ་བ། བློ་གྲོས་གཅིག་ཏུ་སྒྲིལ་བ། སྟོབས་ཤུགས་གཅིག་ཏུ་སྒྲིལ་བ་བཅས་བྱེད་དགོས་པའི་བླང་བྱ་བཏོན་ཡོད།(རྩོམ་འགན་པ། རྟ་མགྲིན)
འབྲེལ་ཡོད་རྩོམ་ཡིག