ཀྲུང་གོའི་བོད་ལྗོངས་དྲ་བ།>དབུ་ལྷེ།

“ཤར་ཕྱོགས་རྒྱུ་སྐར”འགྲུལ་སྐྱེལ་གྲུ་གཟིངས་དོན་རྐྱེན་གྱི་བརྟག་དཔྱད་སྒོ་ཀུན་ནས་མགོ་ཚུགས།

2015-06-12
   འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་6ཚེས་10ཉིན་གློག་འཕྲིན་འབྱོར་གསལ། གསར་འགོད་པས་རྒྱལ་ཁབ་བདེ་འཇགས་ལྟ་སྐུལ་སྤྱི་ཁྱབ་ཅུས་ནས་ཤེས་རྟོགས་བྱུང་བར་གཞིགས་ན། ཁྲུང་ཆིང་ཤར་ཕྱོགས་གྲུ་གཟིངས་ཀུང་སིར་གཏོགས་པའི“ཤར་ཕྱོགས་རྒྱུ་སྐར”རྟགས་ཅན་གྱི་འགྲུལ་སྐྱེལ་གྲུ་གཟིངས་མགོ་རྟིང་ལོག་རྗེས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་དོན་རྐྱེན་བརྟག་དཔྱད་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་བ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས་དོན་དངོས་གཞི་འཛིན་སར་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ་དོགས་གནད་ཕྲན་བུ་ཙམ་ཡང་གསལ་རྟོགས་དང་དོན་རྐྱེན་འབྱུང་རྐྱེན་རྩད་གཅོད་མཐར་ཕྱིན་པ་བྱེད་དགོས་ཞེས་བླང་བྱ་གསལ་པོ་བཏོན་ཡོད། ཟླ་6ཚེས་2ཉིན་གྱི་མཚན་མོ་ཙུང་ལི་ལི་ཁེ་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འཚོལ་སྐྱོབ་ལས་དོན་བཀོད་འདོམས་པུའི་ཚོགས་འདུའི་ཐོག་རྒྱལ་སྲིད་སྤྱི་ཁྱབ་ཁང་གི“ཤར་ཕྱོགས་རྒྱུ་སྐར”རྟགས་ཅན་གྱི་འགྲུལ་སྐྱེལ་གྲུ་གཟིངས་མགོ་རྟིང་ལོག་པའི་དོན་རྐྱེན་གྱི་བརྟག་དཔྱད་ཚོགས་ཆུང་བཙུགས་ཏེ་དེ་མ་ཉིད་དུ་བརྟག་དཔྱད་ལས་དོན་སྤེལ་བ་དང་དོན་རྐྱེན་འབྱུང་རྐྱེན་རྩད་གཅོད་མཐར་ཕྱིན་པ་བྱས་ཏེ་རྐྱེན་ལམ་དུ་ཤོར་མཁན་གྱི་ནང་མི་དང་སྤྱི་ཚོགས་ཀྱི་སྤྱི་དམངས་ལ་འགན་འཁུར་བའི་ལན་འདེབས་ཤིག་འབུལ་རྒྱུའི་གཏན་འབེབས་གནང་བ་རེད།
   ངོ་སྤྲོད་བྱས་པར་གཞིགས་ན། བརྟག་དཔྱད་ཚོགས་ཆུང་དེ་བདེ་འཇགས་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུས་ཀྱི་ཅུས་ཀྲང་དབྱང་ཏུང་ལེའང་གིས་ཙུའུ་ཀྲང་གི་འགན་འཁུར་བ་དང་ཁོངས་མིའི་གྲས་སུ་འགྲིམ་འགྲུལ་སྐྱེལ་འདྲེན་པུའུ་དང་། བཟོ་ལས་དང་ཆ་འཕྲིན་ཅན་པུའུ། སྤྱི་བདེ་པུའུ། དམངས་སྲིད་པུའུ། ཆུ་བེད་པུའུ། རྒྱལ་ཁབ་གནམ་གཤིས་བརྟག་དཔྱད་ཅུས། ཧོ་པེ་ཞིང་ཆེན་དང་ཁྲུང་ཆིང་གྲོང་ཁྱེར་གྱི་འབྲེལ་ཡོད་འགན་འཁུར་བ་བཅས་ཚུད་པ་དང་འབྲེལ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འཕྲལ་སྡོམ་དོ་དམ་རིགས་གཅིག་མཁས་ཅན་དང་དེ་བཞིན་རྒྱལ་ནང་གི་གནམ་གཤིས་ཆུ་དཔྱད་དང་། ཆུ་ཐོག་སྐྱེལ་འདྲེན་བདེ་འཇགས། གྲུ་གཟིངས་ཇུས་འགོད་བཟོ་སྐྲུན། ཆུ་ཐོག་འགྲིམ་འགྲུལ་གྱི་དོ་དམ་དང་ཆ་འཕྲིན་ཅན། བཅའ་ཁྲིམས་སོགས་ཐད་ཀྱི་གྲགས་ཅན་རིགས་གཅིག་མཁས་ཅན་20ལྷག་ཙམ་གདན་ཞུ་བྱས་པའི་མི་60ལྷག་ཙམ་གྱི་བརྟག་དཔྱད་ཚོགས་པས་བརྟག་དཔྱད་བྱ་རྒྱུ་རེད། བརྟག་དཔྱད་ཚོགས་ཆུང་དུ་གནམ་གཤིས་དང་། གྲུ་གཟིངས་བཟོ་སྐྲུན་དང་། སྒྱུར་བཀོད། གྲུ་གཟིངས་གཏོང་འཚམ་པ་དང་གྲུ་མིས་ལས་འགན་ཁུར་འཚམ་པ། འབྲི་ཆུའི་ཆུ་ཐོག་སྐྱེལ་འདྲེན་བདེ་འཇགས་ལྟ་སྐུལ། ཕྱོགས་བསྡུས་མཐུན་སྦྱོར་བཅས་ཚོགས་ཆུང་ལྔ་བཙུགས་པ་དང་། བརྟག་དཔྱད་ཇུས་གཞི་ཆེད་མངགས་བཟོས་ཏེ་འགན་འཁྲི་ལས་བགོས་གསལ་པོ་བཟོས་པ་དང་འབྲེལ་ཉིན་རེའི་ངོ་འཕྲད་ཚོགས་འདུ་དང་། རིགས་གཅིག་མཁས་ཅན་གྱི་གྲོས་མོལ། གླེང་ཕྱོགས་དབྱེ་ཞིབ་སོགས་ཀྱི་ལམ་ལུགས་ཀྱང་བཙུགས་ནས་བརྟག་དཔྱད་ལས་དོན་གོ་རིམ་ལྡན་པ་དང་འཆུག་མེད་ཕན་ཆེ་ཡོང་རྒྱུའི་འགན་ལེན་བྱེད་ཀྱི་ཡོད།
   ཉིན་ཤས་བསྟུད་མར་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བརྟག་དཔྱད་ཚོགས་ཆུང་གིས“ཚན་རིག་དམ་ནན་དང་། ཁྲིམས་མཐུན་སྒྲིག་མཐུན། དངོས་ཐོག་བདེན་འཚོལ། ཕན་འབྲས་ལ་མཐོང་ཆེན”བཅས་ཀྱི་རྩ་དོན་མཐའ་འཁྱོངས་བྱས་ཏེ་བརྟག་དཔྱད་ལས་དོན་ཁག་ཏན་ཏིག་སྤེལ་བ་སྟེ། གཅིག་ནི་གླེང་མོལ་འདྲི་རྩད་བྱེད་པ། བརྟག་དཔྱད་ཚོགས་ཆུང་གི་ཙུའུ་ཀྲང་གིས་སྣེ་ཁྲིད་དེ་སྔ་རྟིང་དུ་སྟེས་དབང་གིས་ལུས་པའི་འགྲུལ་པ་དང་། གྲུ་དཔོན་དང་གྲུ་པ། གྲུ་གཟིངས་ཁེ་ལས་ཀྱི་འགན་ཁུར་བ། གྲུ་གཟིངས་ཇུས་འགོད་དང་། བཟོ་སྐྲུན། སྒྱུར་བཀོད་བཅས་བྱེད་མཁན། ཆུ་ཁོངས་ཉེ་འདབས་སུ་ཡོད་པའི་གྲུ་གཟིངས་ཀྱི་འབྲེལ་ཡོད་མི་སྣ་དང་མཐོང་མཁན། ས་གནས་མཚོ་དོན་སྡེ་ཚན་དང་འགྲིལ་འགྲུལ་སྐྱེལ་འདྲེན་པུའི་འབྲེལ་ཡོད་སྡེ་ཚན། ཡུལ་སྐོར་ཁང་སོགས་འབྲེལ་ཡོད་མི་སྣ་དང་གྲོས་མོལ་ཞིབ་ཕྲ་བྱས་པ་དང་གླེང་མོལ་ཟིན་བྲིས་200ལྷག་ཙམ་དང་ཁྱོན་བསྡོམས་ཡིག་འབྲུ་ཁྲི་50ལྷག་ཙམ་ཡོད་པ་དང་། གཉིས་ནི་གནམ་གཤིས་དབྱེ་ཞིབ་ཚན་རིག་དང་མཐུན་པའི་སྒོ་ནས་བྱེད་པ། གནམ་གཤིས་རིགས་གཅིག་མཁས་ཅན་ཚོགས་ཆུང་གིས་གནས་ཚུལ་ཐོན་ཡུལ་གྱི་ངོགས་གཉིས་སུ་བརྟག་དཔྱད་བྱེད་པ་དང་དུས་ཐོག་ཏུ་གནས་ཚུལ་ཐོན་སྐབས་ཀྱི་གནམ་གཤིས་ལྟ་ཞིབ་ཚད་ལེན་ཡིག་ཆ་ལེན་པ་དང་སྔ་རྗེས་སུ་པེ་ཅིང་སློབ་ཆེན་དང་། ནན་ཅིན་སློབ་ཆེན། གནོད་འཚེའི་གནམ་གཤིས་རྒྱལ་ཁབ་ཀྱི་གཙོ་གནད་ཚོད་ལྟ་ཁང་། ཀྲུང་གོ་གནམ་གཤིས་ཚན་རིག་ཁང་། རླུང་ཁམས་དངོས་ཁམས་ཞིབ་འཇུག་སུའོ། ཀྲུང་གོ་གནམ་གཤིས་ཅུས་ཀྱི་རིགས་གཅིག་་མཁས་ཅན་བཅས་སྒྲིག་འཛུགས་བྱས་ནས་ཆེད་དོན་ཞིབ་བསྡུར་ཐེངས་དྲུག་བྱས་ཏེ་གནམ་གཤིས་སྲུང་སྐར་དང་། གནམ་གཤིས་ལེ་ཏ། གློག་འཁྱུག ས་ངོས་རང་འགུལ་གནམ་གཤིས་བརྟག་དཔྱད་ཚད་ལེན་སོགས་ཀྱི་དཔྱད་གཞིའི་ཡིག་རིགས་དང་། དེ་བཞིན་རིགས་གཅིག་མཁས་ཅན་གྱི་བརྟག་དཔྱད་འབྲས་བུ་ཕྱོགས་བསྡུས་དབྱེ་ཞིབ་བྱས་ནས་གནས་ཚུལ་ཐོན་སྐབས་ཀྱི་གནམ་གཤིས་གནས་ཚུལ་ཚན་རིག་དང་མཐུན་པའི་སྒོ་ནས་གཏན་འཁེལ་བྱེད་པ། གསུམ་ནི་གྲུ་གཟིངས་ཀྱི་དཔྱད་གཞིའི་ཡིག་རིགས་ནན་ཏན་ངང་ལྟ་བཤེར་བྱེད་པ། གྲུ་གཟིངས་ཁེ་ལས་དང་། ཇུས་འགོད་ཚན་པ། གསལ་འབྱེད་སྒྲིག་གཞི། ཆུ་ལམ་དོ་དམ་སྡེ་ཚན། ལྟ་སྐུལ་དོ་དམ་སྡེ་ཚན་སོགས་སྡེ་ཚན་ནས་གྲུ་གཟིངས་ཇུས་འགོད་ཀྱི་དཔེ་རིས་དང་། དམིགས་ཚད་ཚད་ལྡན། ཐོབ་ཐང་ལག་ཁྱེར་སོགས་དཔྱད་གཞིའི་ཡིག་རིགས་200ལྷག་ཙམ་བླངས་ནས་རིགས་གཅིག་མཁས་ཅན་སྒྲིག་འཛུགས་ཐོག་ཉིན་མཚན་མེད་པར་ལྟ་བཤེར་ལྟ་ཞིབ་ཀྱིས་གྲུ་གཟིངས་ཇུས་འགོད་དང་། བཟོ་སྐྲུན། སྒྱུར་བཀོད། ཞིབ་དཔྱད་བཅས་དང་དེ་བཞིན་ཆུ་ལམ་དང་གཙང་པོ་སོགས་ཀྱི་གནས་ཚུལ་སྒོ་ཀུན་ནས་ཤེས་རྟོགས་བྱེད་པ། བཞི་ནི་དུས་ཐོག་ཏུ་གྲུ་གཟིངས་ཐོག་བསྐྱོད་ནས་དེ་གར་རྩད་བཤེར་དང་དཔང་རྟགས་ལེན་པ། སྔ་ས་ནས་འཚོལ་སྐྱོབ་བཀོད་འདོམས་པུའུ་དང་འབྲེལ་བ་བྱས་ཏེ་གྲུ་གཟིངས་ཆུ་ནས་འདོན་རིང་ཁ་ལོ་ཁང་སྲུང་སྐྱོང་ཐུབ་རྒྱུའི་འགན་ལེན་བྱས་ཏེ་བརྟག་དཔྱད་དང་དཔང་རྟགས་ལེན་པར་ཆ་རྐྱེན་བསྐྲུན་པ་བཅས་རེད།(རྩོམ་འགན་པ། རྟ་མགྲིན)
འབྲེལ་ཡོད་རྩོམ་ཡིག