ཀྲུང་གོའི་བོད་ལྗོངས་དྲ་བ།>དབུ་ལྷེ།

ཀྲུང་དབྱང་གིས《ཀྲུང་གོ་གུང་ཁྲན་ཏང་ཏང་ཙུའུ་ཡི་ལས་དོན་སྲོལ་ཡིག(ཚོད་ལྟའི་ལག་བསྟར)》པར་འགྲེམས་བྱས།

2015-06-18
   འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་6ཚེས་16ཉིན་གློག་འཕྲིན་འབྱོར་གསལ། ཀྲུང་གུང་ཀྲུང་དབྱང་གི་ཆོག་མཆན་ཐོབ་པ་བརྒྱུད《ཀྲུང་གོ་གུང་ཁྲན་ཏང་ཏང་ཙུའུ་ཡི་ལས་དོན་སྲོལ་ཡིག(ཚོད་ལྟའི་ལག་བསྟར)》(གཤམ་དུ《སྲོལ་ཡིག》ཅེས་བསྡུས་མིང་འགོད་རྒྱུ)དངོས་སུ་བཏོན་པ་དང་། 2015ལོའི་ཟླ་6ཚེས་11ཉིན་ནས་བཟུང་ལག་ལེན་བསྟར་བ་རེད།
   ཀྲུང་དབྱང་དང་ས་གནས་ཀྱི་རྒྱལ་ཁབ་ལས་ཁུངས་དང་། མི་དམངས་ཚོགས་པ། དཔལ་འབྱོར་རྩ་འཛུགས། རིག་གནས་རྩ་འཛུགས། སྤྱི་ཚོགས་རྩ་འཛུགས། རྩ་འཛུགས་གཞན་དག་གི་འགོ་ཁྲིད་ལས་ཁུངས་བཅས་ནང་ཏང་ཙུའུ་བཙུགས་པ་དེ་ནི་རང་རེའི་ཏང་གིས་རྒྱལ་ཁབ་ཀྱི་གནས་ཚུལ་དང་ཟུང་འབྲེལ་བྱས་ཏེ་གསར་གཏོད་བྱས་པའི་ལམ་ལུགས་གལ་ཆེན་ཞིག་ཡིན་པ་དང་། དེ་ནི་ཏང་གི་རིགས་པའི་གཞུང་ལུགས་དང་། ལམ་ཕྱོགས་དང་བྱེད་ཕྱོགས་སྲིད་ཇུས་ལག་བསྟར་དོན་འཁྱོལ་ཡོང་རྒྱུ་འགན་ལེན་བྱེད་པའི་ཐབས་ལམ་གལ་ཆེན་ཞིག་ཡིན་ཞིང་། དེའི་ཐོག་ནས་རང་རེའི་ཏང་གི་ཐུན་མོང་མ་ཡིན་པའི་ཆབ་སྲིད་ལེགས་ཆ་དང་། རྩ་འཛུགས་ཀྱི་ལེགས་ཆ། ལམ་ལུགས་ཀྱི་ལེགས་ཆ་བཅས་མངོན་ཡོད། གསར་བརྗེ་དང་འཛུགས་སྐྲུན། སྒྱུར་བཅོས་བཅས་ཀྱི་ལོ་རྒྱུས་དུས་སྐབས་ཁག་ནང་ཏང་ཙུའུ་ཡི་ལམ་ལུགས་ཀྱིས་ནུས་པ་གལ་ཆེན་འདོན་སྤེལ་བྱས་ཡོད། མིག་སྔར“ཕྱོགས་ཡོངས་ནས་བཞིའི”འཐབ་ཇུས་བཀོད་པར་མཐུན་སྦྱོར་ངང་སྐུལ་འདེད་གཏོང་བར་ངེས་པར་དུ་ཏང་གི་འགོ་ཁྲིད་མཐའ་འཁྱོངས་ནན་པོ་བྱེད་དགོས་པ་དང་། ཏང་འཛུགས་སྐྱོང་དེ་དེ་བས་མངོན་གསལ་དོད་པའི་གནས་བབ་ཐོག་བཞག་སྟེ་ཏང་ཙུའུ་ཡི་ལམ་ལུགས་སྔར་བས་འཐུས་ཚང་དུ་བཏང་ནས་ཏང་ཙུའུ་ཡི་ལས་ཀའི་ལམ་ལུགས་ཅན་དང་། ཚད་ལྡན་ཅན། གོ་རིམ་ཅན་བཅས་ཀྱི་ཆུ་ཚད་མཐོ་རུ་གཏོང་དགོས།
   《སྲོལ་ཡིག》ནང་བསྡོམས་ས་བཅད་8དང་དོན་ཚན་39རུ་དབྱེ་ཡོད་པ་དང་ཏང་ཙུའུ་འཛུགས་པ་དང་། འགན་འཁྲི། རྩ་འཛུགས་ཀྱི་རྩ་དོན། གྲོས་བསྡུར་དང་ཇུས་ཐག་གཅོད་པ་སོགས་ཐད་ཁྱོན་ཡོངས་ནས་ཚད་ལྡན་དུ་བཏང་བ་དང་ལྟ་སྐུལ་ཞིབ་བཤེར་དང་འགན་འཁྲི་བདའ་འདེད་ཐད་བླང་བྱ་ཁ་གསལ་བཏོན་པ་དེ་ནི་ཏང་ཙུའུ་ཡི་ལས་ཀའི་ཐད་ཀྱི་རྨང་གཞི་དང་གཙོ་རྐང་གི་ཏང་ནང་ཁུལ་གྱི་ཁྲིམས་སྲོལ་ཡིན་པ་དང་། ཏང་ཙུའུ་འཛུགས་པ་དང་འཁོར་རྒྱུག་བྱེད་པའི་སྤྱིའི་གཞི་འཛིན་ས་དང་སྤྱིའི་བརྩི་སྲུང་ཞུ་ས་ཡིན་ཞིང་། 《སྲོལ་ཡིག》བཟོས་པ་དང་ལག་ལེན་བསྟར་བ་དེས་ཏང་གི་འགོ་ཁྲིད་ལ་ཤུགས་སྣོན་དང་ལེགས་སུ་གཏོང་བ་དང་། ཏང་གི་སྲིད་སྐྱོང་ནུས་པ་ཆེ་རུ་གཏོང་བ། ཏང་གི་ཁྱོན་ཡོངས་ཀྱི་གནས་ཚུལ་འཛིན་སྐྱོང་བྱེད་པ་དང་ཕྱོགས་ཁག་འགོ་ཁྲིད་ཀྱི་སྲོག་ཤིང་ནུས་པ་མཐུན་སྦྱོར་ཡོང་བར་བྱེད་པའི་སྔར་བས་ལེགས་པའི་ངང་འདོན་སྤེལ་བྱེད་པ། ཏང་འདི་ཉིད་སྔ་ཕྱི་བར་གསུམ་དུ་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བྱ་གཞག་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་སྲོག་ཤིང་དུ་འགྱུར་རྒྱུའི་འགན་ལེན་བྱེད་པ་བཅས་ཐད་དོན་སྙིང་གལ་ཆེན་ལྡན་ཡོད་པ་རེད།
   ཀྲུང་དབྱང་གིས་རིམ་ཁག་ཏང་ཨུད་ཀྱིས་ཕྱོགས་ཡོངས་ནས་ཏང་ནན་པོ་སྐྱོང་བ་དང་། ལམ་ལུགས་ལ་བརྟེན་ནས་ཏང་སྐྱོང་བ། སྒྲིག་སྲོལ་ལ་བརྟེན་ནས་ཏང་སྐྱོང་བ་བཅས་ཀྱི་འཐབ་ཇུས་ཀྱི་མཐོ་ཚད་ཐོག་ནས་ཏང་ཙུའུ་ཡི་ལས་དོན་ལ་ཤུགས་སྣོན་དང་ལེགས་སུ་གཏོང་བའི་ཧ་ཅང་གལ་ཆེའི་རང་བཞིན་དང་དངོས་ཡོད་ཀྱི་ཁ་ཚ་དགོས་གཏུགས་རང་བཞིན་ངོས་འཛིན་གང་ལེགས་ཐུབ་པ་བྱས་ཏེ《སྲོལ་ཡིག》ལག་ལེན་བསྟར་བའི་རྩ་འཛུགས་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་དགོས། 《སྲོལ་ཡིག》དྲིལ་བསྒྲགས་དང་། འགྲེལ་བཤད། སློབ་སྦྱོང་དང་གསོ་སྦྱོང་བཅས་བྱ་རྒྱུར་དམ་འཛིན་ཡག་པོ་བྱས་ཐོག་རིམ་ཁག་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་དང་ལྷག་པར་དུ་འགོ་ཁྲིད་ལས་བྱེད་པས《སྲོལ་ཡིག》གི་དགོངས་དོན་ལ་གོ་བ་གཏིང་ཟབ་ལེན་ཐུབ་པ་དང་། 《སྲོལ་ཡིག》གི་ནང་དོན་གཙོ་བོ་ཁོང་དུ་ཡང་དག་ཆུད་ཐུབ་པ། 《སྲོལ་ཡིག》བེད་སྤྱད་དེ་ཏང་ཙུའི་ལས་དོན་ཡག་པོ་སྒྲུབ་པའི་ནུས་པ་ཆེ་རུ་གཏོང་ཐུབ་པ་བཅས་བྱེད་དགོས། དོན་འཁྱོལ་ལ་སྐུལ་འདེད་གཏོང་རྒྱུར་ཤུགས་སྣོན་བརྒྱབ་ནས《སྲོལ་ཡིག》གི་གཏན་འབེབས་ཁག་དོན་ཐོག་ཏུ་འཁྱོལ་ཐུབ་པའི་འགན་ལེན་བྱེད་དགོས་པའི་བླང་བྱ་བཏོན་ཡོད་པ་རེད།(རྩོམ་འགན་པ། རྟ་མགྲིན)
འབྲེལ་ཡོད་རྩོམ་ཡིག