ཀྲུང་གོའི་བོད་ལྗོངས་དྲ་བ།>དབུ་ལྷེ།

དྲིན་ཚོར་·ཡིད་ཆེས་·འགན་འཁྲི།

2015-09-15 པ་སྒྲོན།
—— ཀྲུང་དབྱང་སྐུ་ཚབ་ཚོགས་པའི་བྱེད་སྒོར་བོད་ཀྱི་མི་རིགས་ཁག་དང་ལས་རིགས་ཁག་ཏུ་ཚུར་སྣང་ལན་ཆ་དྲག་པོ་བྱུང་བ།
ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ། ཀྲང་ཅིང་ཕིང་དང་ཝང་ཅུན་གྱིས།

དྲིན་ཚོར།

སྐུ་མགྲོན་ཕེབས་ཀྱང་ས་མཐོར་གསུང་སྒྲ་གྲགས། ཉིན་ཤས་བསྟུད་མར་གྲོང་ཁྱེར་དང་སྡེ་ཁུལ་ཡིན་ནའང་འདྲ་ཡང་ན་རྒྱ་ཆེའི་ཞིང་འབྲོག་ཁུལ་ཡིན་ནའང་འདྲ་གང་ལྟར་བོད་ཀྱི་མི་རིགས་ཁག་གི་ལས་བྱེད་མང་ཚོགས་ཀྱིས་བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་50འཁོར་བའི་དྲན་གསོའི་བྱེད་སྒོའི་དགའ་སྤྲོའི་དཔལ་ལ་རོལ་ནས་བོད་ཀྱི་དུས་རབས་ཕྱེད་ཙམ་གྱི་འཕེལ་རྒྱས་དང་གྲུབ་འབྲས་ལ་སྤོབས་སེམས་སྐྱེས་པ་དང་། ཀྲུང་དབྱང་སྐུ་ཚབ་ཚོགས་པའི་བྱམས་བརྩེའི་ཐུགས་ཁུར་ལ་ཐུགས་རྗེ་ཆེ་ཞུས་པ་དང་དེ་བས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་གཏོད་ཆེད་ཡིད་ཆེས་ཀྱིས་ཁེངས།

—— སྤྱི་ཚོགས་རིང་ལུགས་ཀྱིས་འཚོ་བ་ཡག་པོ་བསྐྱལ་རྒྱུ་བྱུང་བ།

ལྷ་ས་གྲོང་ཁྱེར་ཚལ་གུང་ཐང་ཤང་དཔལ་སྡིངས་གྲོང་ཚོའི་གྲོང་མི་པ་སངས་ཁྱིམ་གྱི་ནང་མི་ཉིན་ཤས་རིང་གཞན་དང་མི་འདྲ་བའི་དགའ་ཚོར་ཆེན་པོ་ཡོད། གང་ལགས་ཤེ་ན། ཁྱིམ་དུ་གློག་སྒུལ་ཇ་བསྲུབས་འཕྲུལ་ཆས་དང་ཇ་ཕོར་སོགས་ཇ་ཆས་ཆ་ཚང་གཅིག་མང་དུ་ཕྱིན་ཡོད་པ་དང་། བུ་མོ་བསོད་ནམས་གཡང་འཛོམས་ལ་དཔེ་ཁུག་དང་རྩེད་ཆས་གསར་པ་བྱུང་བས་རེད།

“དེ་ནི་ཀྲུང་དབྱང་སྐུ་ཚབ་ཚོགས་པས་གནང་བའི་ལག་རྟགས་ཡིན་པ་དང་མཛེས་ལ་སྤྱོད་གོ་ཆོད་པོ་ཡང་ཡོད། བུ་མོས་དཔེ་ཁུག་ཁྱེར་ནས་འབེབས་འདོད་མི་འདུག”ཅེས་པ་སངས་ཀྱིས་བཤད། ཚེས་9ཉིན་ཀྲུའུ་ཞི་ཡུས་ཀྲེང་ཧྲེང་གིས་ཚོགས་གཙོ་གནང་བའི་ཀྲུང་དབྱང་སྐུ་ཚབ་ཚོགས་པ་ཁོང་གི་ཁྱིམ་ལ་ཕེབས་པ་ནི་བསམ་ཡུལ་ལས་འདས་པའི་དགའ་ཚོར་སྐྱེས་པ་དང་བསོད་ནམས་ཆེན་པོ་ཡིན་པ་མཚོན།

པ་སངས་ཀྱིས“ད་ལྟ་ནད་ལྟ་དུས་འགྲོ་གྲོན་རྩིས་ཞུ་ཡོད་པ་དང་། རྒས་དུས་འགན་ལེན་ཡོད། ཡོང་འབབ་ཀྱང་ལོ་རེ་ལས་ལོ་རེ་མང་དུ་འགྲོ་གི་ཡོད། ད་ལྟའི་བདེ་སྐྱིད་འཚོ་བ་དེ་ལྟ་བུ་བྱུང་བ་ནི་རྒྱལ་ཁབ་ཀྱི་སྲིད་ཇུས་བཟང་པོ་ལས་བྱུང་བ་ཞིག་ཡིན”ཞེས་བཤད།

ཟླ་9ཚེས་8ཉིན་གྱི་རྟེན་འབྲེལ་ཆེ་མོའི་ཚོགས་ཆེན་གྱི་ཉིན་དེར་ལས་འཁྱུར་ངལ་གསོ་རྒྱག་མཁན་ལོ་67ལ་སླེབས་པའི་བོད་རིགས་མང་ཚོགས་བསོད་ནམས་བསྟན་འཛིན་གྱིས་ཁྱིམ་དུ་ཐད་གཏོང་བརྙན་འཕྲིན་བརྒྱུད་རྟེན་འབྲེལ་བྱེད་སྒོ་བལྟས་ཤིང་། བོད་ཀྱི་ས་ཁུལ་དང་གྲོང་ཁྱེར་ཁག་ནས་ཡིན་པའི་མང་ཚོགས་ཀྱིས་དུས་ཆེན་གྱི་གཟབ་མཆོར་ལེགས་པར་སྤྲས་པ་དང་མེ་ཏོག་སོས་པ་མཐོན་པོར་བསྒྲེངས་ནས་དགའ་འབོད་བྱེད་པ་མཐོང་སྐབས་རྒད་པོར་དགའ་ངུ་ཤོར། “ང་ནི་བོད་ཀྱི་འཕེལ་རྒྱས་དང་ཡར་རྒྱས་བརྒྱུད་མྱོང་མཁན་ཞིག་ཡིན་པས་ད་ལྟའི་ལས་སླ་པོར་བྱུང་བ་མིན་པའི་བདེ་སྐྱིད་འཚོ་བར་མྱོང་ཚོར་ཟབ་མོ་ཡོད། ངས་སེམས་ཀྱི་གཏིང་ནས་བོད་ཀྱི་འཕེལ་རྒྱས་དང་རྒྱལ་ཁབ་སྟོབས་འབྱོར་མངའ་ཐང་རྒྱས་པར་སྤོབས་པ་སྐྱེ་གི་འདུག”ཅེས་བཤད།

ཀྲུའུ་ཞི་ཡུས་ཀྲེང་ཧྲེང་གིས་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་50འཁོར་བའི་རྟེན་འབྲེལ་བྱེད་སྒོའི་ནང་ཞུགས་རིང་ལོ་50རིང་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱིས་བློ་སྟོབས་ཆེར་སྐྱེད་དང་མཐུན་སྒྲིལ་འབད་འབུངས་ངང་ལས་ལ་བརྩོན་པ་དང་ཤེས་རབ་ལ་བརྟེན་ནས་བྱས་རྗེས་ངོ་མཚར་ཅན་ཡང་ཡང་བཏོད་པ་དང་མི་རྣམས་དགའ་འོས་པའི་གྲུབ་འབྲས་ཐོབ་ནས་གངས་ལྗོངས་ས་མཐོར་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་རླབས་པོ་ཆེ་བྱུང་ཡོད་ཅེས་གསུངས།

ལྷག་པར་དུ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་ཏང་ཀྲུང་དབྱང་གིས་བོད་སྐྱོང་ཇུས་ཆེན་སྔར་བས་ལེགས་སུ་བཏང་བ་དང་བོད་སྐྱོང་གི་བྱེད་ཐབས་འཐུས་སྒོ་ཚང་དུ་བཏང་བས་གངས་ལྗོངས་ས་མཐོར་དཔྱིད་ཀྱི་དཔལ་ཡོན་བཞད་པ་ལྟ་བུའི་རྣམ་པ་མངོན། 2014ལོར་བོད་ཀྱི་ས་ཁུལ་གྱི་ཐོན་སྐྱེད་ཀྱི་སྤྱིའི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར་920མངོན་འགྱུར་བྱུང་ནས་སྡོད་ཁང་དང་། ལས་ཞུགས། སློབ་གསོ། འཐུང་ཆུའི་བདེ་འཇགས། སྨན་བཅོས་འགན་ལེན། ཆ་འཕྲིན་ཞབས་ཞུ་སོགས་ཕྱོགས་ཡོངས་ནས་ལེགས་སུ་ཕྱིན།

ཡིད་ཆེས།

—— སྐུ་ཚབ་ཚོགས་པས་མཛེས་སྡུག་ལྡན་པའི་རེ་བ་གནང་བ།

བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་50འཁོར་པའི་རྟེན་འབྲེལ་ཚོགས་ཆེན་ཚེས་8ཉིན་མཇུག་བསྒྲིལ་རྗེས་ཀྲུང་དབྱང་སྐུ་ཚབ་ཚོགས་པ་གྲོང་ཁྱེར་དང་ས་ཁུལ་བདུན་དུ་སོ་སོར་ཕེབས་ཏེ་མི་རིགས་ཁག་གི་ལས་བྱེད་མང་ཚོགས་ལ་གཟིགས་པ་དང་འཚམས་འདྲི་གནང་སྟེ་བློ་མཐུན་ཞིས་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གི་བྱམས་བརྩེའི་ཐུགས་ཁུར་གངས་ལྗོངས་ཀྱི་ས་གཞི་ཆེ་མོ་དང་ཁྱིམ་ཚང་ཁྲི་སྟོང་མང་པོར་གནང་བ་དང་། རྒྱ་ཆེའི་ཞིང་འབྲོག་མང་ཚོགས་ཀྱིས་འབྱུང་འགྱུར་གྱི་འཚོ་བ་དེ་བས་མཛེས་སྡུག་ལྡན་པ་ཡོང་རྒྱུའི་ཡིད་ཆེས་ཀྱིས་ཁེངས།

ལྷོ་ཁ་ས་ཁུལ་སྣེ་གདོང་རྫོང་ཁྲ་འབྲུག་གྲོང་རྡལ་ཁེ་གསུམ་ཡུལ་མི་ཨུ་ཡོན་ལྷན་ཁང་ནི་བོད་ཀྱི་དམངས་གཙོའི་བཅོས་སྒྱུར་གྱི་གྲོང་ཚོ་དང་པོ་ཡིན་ཞིང་། གྲོང་མི་ཟླ་བའི་ཁྱིམ་ཚང་གི་ལོ་རེའི་ཡོང་འབབ་སྒོར་ཁྲི་26ལས་བརྒལ་བ་དང་ད་ལོ་བུ་མོ་རང་སྐྱོང་ལྗོངས་མི་དམངས་སྨན་ཁང་ལ་རྒྱུགས་འཕྲོད་ཡོད། ཁོང་གིས“རྒྱལ་ཁབ་ཀྱིས་བོད་ལ་རྒྱབ་སྐྱོར་བྱེད་ཤུགས་ཇེ་ཆེར་ཕྱིན་པས་འབྱུང་འགྱུར་འཚོ་བར་ང་ཚོ་ཡིད་ཆེས་ཀྱིས་ཁེངས་པ་དང་འཚོ་བ་ཇེ་ཡག་ཏུ་འགྲོ་བའི་ཡིད་ཆེས་ཡོད”ཅེས་བཤད།

ད་ལོ་ལོ་52ལ་སླེབས་པའི་ཟླ་བ་དོན་གྲུབ་ནི་བོད་དུ་སྐད་གྲགས་ཡོད་པའི་དམངས་གཉེར་ཁེ་ལས་མཁས་ཅན་ཞིག་ཡིན་ཞིང་། 1983ལོར་ཟླ་བ་དོན་གྲུབ་ནི་བོད་ལྗོངས་ཉིང་ཁྲི་ས་ཁུལ་གྱི་དམངས་བཙུགས་དགེ་རྒན་གྱི་ལས་གནས་ནས་བབས་ཏེ་འཛིན་ཆས་ལ་ཚོན་རྩི་གཏོང་བ་དང་། སྐྱེལ་འདྲེན་བྱེད་པ། ཨར་པོ་རྒྱག་པ་བཅས་བྱས་པ་དང་། ད་ཆ་གཏེར་ཆུ་དང་རིག་གནས་ཐོན་ལས་བྱེད་འགོ་ཚུགས་ཏེ་བོད་རིགས་སྐྱེས་པ་དེའི་དཔལ་འབྱོར་གྱི“རྫི”ཧ་ཅང་བསངས་པོ་ཡོད།

ནག་ཆུ་ས་ཁུལ་མཚོ་གཉིས་རྫོང་ཨུད་ཀྱི་ཧྲུའུ་ཅི་ནོར་འཕེལ་གྱིས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐུགས་ཁུར་ཟབ་བཞེས་དང་རྒྱལ་ཡོངས་ས་གནས་ཁག་གི་སྒེར་སེམས་མེད་པའི་རོགས་སྐྱོར་འོག་བོད་ལ་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་བྱུང་ཡོད། བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་50འཁོར་སྐབས་འཕེལ་རྒྱས་ཀྱི་གོ་སྐབས་དེ་བས་ལེགས་པ་ཤར་ནས་མི་རིགས་ཁག་གི་མི་དམངས་ཀྱི་དངོས་པོ་དང་རིག་གནས་འཚོ་བའི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་དང་བོད་ཀྱི་འབྱུང་འགྱུར་ཡང་དེ་བས་མཛེས་སྡུག་ལྡན་པ་ཞིག་ཡོང་རྒྱུ་རེད་ཅེས་བཤད།

འགན་འཁྲི།

—— ཏང་ཀྲུང་དབྱང་གིས་འཕེལ་རྒྱས་ཀྱི་ཁ་ཕྱོགས་བསྟན།

ཀྲུང་དབྱང་སྐུ་ཚབ་ཚོགས་པ་བོད་དུ་བཞུགས་རིང་ལོ་ངོ་ལྔ་བཅུའི་བོད་ཀྱི་འཕེལ་རྒྱས་ཀྱི་གྲུབ་འབྲས་ཁས་ལེན་གནང་བ་དང་དུས་མཚུངས་བོད་ཀྱི་དུས་སྐབས་གསར་པའི་འཕེལ་རྒྱས་ཐད་མཛུབ་ཁྲིད་རང་བཞིན་གྱི་བླང་བྱ་བཏོན་གནང་བས་རིམ་ཁག་ཏང་ཡོན་ལས་བྱེད་པས་ཕྲག་སྟེང་གི་ཁུར་པོ་ལྕི་རུ་སོང་བ་ཚོར། ཁོང་ཚོས་གཅིག་རྗེས་གཉིས་མཐུད་ངང་ཏང་གི་བོད་སྐྱོང་ཇུས་ཆེན་མཐའ་འཁྱོངས་དེ་བས་ནན་པོ་བྱས་ནས་དེ་བས་མཛེས་སྡུག་ལྡན་པའི་བོད་གསར་ཐུན་མོང་ཐོག་འཛུགས་སྐྲུན་དང་དེ་བས་བདེ་སྐྱིད་ལྡན་པའི་འཚོ་བ་གསར་པ་གཏོད་རྒྱུ་ཡིན་ཞེས་གཅིག་རྗེས་གཉིས་མཐུད་ངང་བཤད།

རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་ཀྲུང་དབྱང་གི་དགོངས་དོན་དྲིལ་བསྒྲགས་རྒྱ་ཁྱབ་གཏིང་ཟབ་དང་སེམས་ནུས་གཅིག་སྡུད་ཀྱིས་སློབ་སྦྱོང་བྱས་ནས་བོད་ཀྱི་ལས་དོན་ལེགས་པར་སྒྲུབ་པའི་ལས་འགན་སྒྲུབ་སེམས་དང་། འགན་འཁྲིའི་སེམས་པ། དགོས་གཏུགས་ཀྱི་སེམས་པ་བཅས་སྔར་བས་ཆེ་རུ་བཏང་སྟེ་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་དང་ཀྲུང་གོའི་ཕུགས་འདུན་གྱི་བོད་ཀྱི་ལེའུ་ལེགས་པར་བརྩམ་རྒྱུའི་བླང་བྱ་བཏོན་གནང་བ་རེད།

པེ་ཅིང་གི་བོད་སྐྱོར་ཁག་བདུན་པའི་བཀོད་འདོམས་པུའི་སྤྱི་ཁྱབ་བཀོད་འདོམས་པ་ལྷ་ས་གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་མ་ཤིན་མིང་གིས་ལོ་རྒྱུས་ཀྱི་ལམ་བུ་གསར་པའི་ནང་ང་ཚོས་བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས་སློབ་སྦྱོང་ཧུར་ཐག་བྱས་ནས་སེམས་སུ་རྒྱལ་ཁབ་དང་ལོ་རྒྱུས་ཀྱི་འགན་འཁྲི་བཅངས་ནས་བོད་སྐྱོར་ལས་བྱེད་པའི་དམིགས་བསལ་གྱི་ནུས་པ་མུ་མཐུད་འདོན་སྤེལ་ལེགས་པར་བྱེད་དགོས། མི་རིགས་མཐུན་སྒྲིལ་གྱི་ཕོ་ཉ་ལེགས་པར་བྱེད་པ་དང་། རོགས་སྐྱོར་དང་དང་ལེན་ཕྱོགས་གཉིས་པོའི་ཟམ་པ་དང་སྒྲོག་ཐག་ལེགས་པར་བྱེད་པ། ཕྲག་ཐོག་ཏུ་ཁུར་བའི་འགན་འཁྲི་ལེགས་པར་བསྒྲུབས་ཏེ་སེམས་ནུས་ལ་བརྟེན་ནས་བོད་སྐྱོར་གྱི་ལེའུ་གསར་པ་རྩོམ་པ་དང་། འགན་འཁྲི་དང་བརྩེ་སེམས་ལ་བརྟེན་ནས་ཐུན་མོང་ཐོག་རླབས་ཆེན་གྱི་ཀྲུང་གོའི་ཕུགས་འདུན་གཏོད་དགོས་ཞེས་གསུངས།
འབྲེལ་ཡོད་རྩོམ་ཡིག