ཀྲུང་གོའི་བོད་ལྗོངས་དྲ་བ།>རིག་གནས།

ཉི་མ་བསྐྱུར་བཞག___བོད་ཁུལ་དང་ཨེ་ཛི།

2015-01-28 དཔལ་མོ།
  ད་ནངས་ཐོ་རེངས་མ་ཤར་བའི་སྔོན་གྱི་ནམ་ཕྱེད་ཆུ་ཚོད་བཞི་དང་ཕྱེད་ཀའི་ཐོག་ཡར་ལངས་དུས། རྣ་ལམ་ན་ད་དུང་སྲུང་ཤུབས་དང་ཨེ་ཛི་ཟེར་བའི་སྐད་སྣ་ཚོགས་གྲག་གིན་འདུག དེ་བས་ངས་གྲོགས་མོར། ཁྱེད་ལ་དེ་འདྲའི་སྣང་ཚུལ་ཡོད་དམ་ཞེས་དྲིས་པ་ན། མོ་རང་དགོད་བཞིན་འདུག
   ང་རང་སྔ་མོར་གནམ་ཐང་ལ་བསླེབས་ཤིང་ཆུ་ཚོད་བརྒྱད་ལ་ཉེ་དུས་གནམ་གྲུར་བསྡད་ནས་ཅུང་ཙམ་འགོར་བ་ན། གནམ་གྲུ་ག་ལེར་ས་ངོས་དང་གྱེས་ཏེ་དགུང་ལ་འཕུར་འགོ་ཚུགས། ཁ་སང་སྤ་སེ་ཉོས་པ་འཕྱི་བའི་རྐྱེན་ཡིན་པའམ་དོན་གང་ཡིན་མི་ཤེས་མོད། ངའི་འདུག་སྟེགས་ཨང་ཉེར་དྲུག་པ་རེད། འདུག་སྟེགས་དེ་གནམ་གྲུའི་གཤོག་སྒྲོ་གཡས་པའི་འདབ་གཞུག་ལ་ཁེལ་བ་མ་ཟད། ཏག་ཏག་སྒེའུ་ཁུང་གི་འགྲམ་ལའང་ཁེལ་འདུག
  གནམ་གྲུ་རིམ་གྱིས་ཡར་ལ་འཕུར་བ་དང་བསྟུན་ནས་ཉི་མ་ཡང་ཤར་ཕྱོགས་ནས་རིམ་གྱིས་ཤར་ཡོང་། ངས་སྒེའུ་ཁུང་ནང་ནས་ཕྱི་རོལ་ལ་བལྟས་བསྡད་པ་ན། ཉི་མ་ལ་འོད་ཟེར་ཅི་ཡང་མེད་པར་དམར་ལོག་གེར་ཤར་ཡོང་བ་དེ་ཏག་ཏག་གནམ་གྲུའི་གཤོག་སྣེར་ཁེལ་བས་ཕར་བལྟས་ཚོད་ཀྱིས་གནམ་གྲུའི་གཤོག་སྣེ་ལ་ལྒང་ལི་དམར་བོ་ཞིག་འབྱར་འདུག་པ་དང་ཀུན་ནས་མཚུངས། གནམ་གྲུ་དུད་སྨུག་གི་ནང་ལ་འཛུལ་ཞིང་ས་གཞི་ཧྲིལ་བོ་དུད་རླངས་ནག་པོ་ཞིག་གི་ཁྲོད་ན་མགོ་འཐོམས་འདུག སྐབས་དེར་ངའི་སེམས་ལ། འདི་ནི་ཁ་སང་གི་བརྗོད་བྱ་ལྕི་མོ་དེ་དང་ཡོངས་སུ་མཚུངས་སྙམ་བྱུང་། དོན་དུ་ང་རང་ཡང་དུས་རྒྱུན་གཟུགས་ཡོད་མེད་ཀྱི་དུད་སྨུག་ནང་ན་འཚོ་བཞིན་ཡོད་སྟབས། སེམས་ཁམས་ལྕི་ཞིང་ཐུར་ལ་དྲུད་འདུག ངའི་གམ་ན་འདུག་པའི་ཟི་ཁྲོན་གྱི་རྒྱ་མོ་དེ་ས་སྐྱུག་རྡོ་སྐྱུག་བྱེད་པར་བལྟས་ན་མདང་དགོང་ཧ་ལམ་མོའི་འགྲོགས་རོགས་སྐྱེས་པ་དེ་དང་ལྷན་དུ་ཨ་རག་མང་བོ་འཐུང་བ་ཡིན་ཤས་ཆེ།
   ཆུ་ཚོད་སྐར་མ་ཉི་ཤུ་ལྷག་འགོར་རྗེས། གནམ་གྲུས་དུད་སྨུག་ནག་པོའི་དམྱལ་ཁམས་དེའི་ཁོངས་བརྟོལ་ནས་སྤྲིན་ཕུང་མང་བོའི་སྟེང་ལ་བུད། དུད་སྨུག་དང་སྤྲིན་ཕུང་གི་ཡང་རྩེ་ན་ཉི་འོད་མར་ཁུ་ལྟར་འཁྱིལ་ཞིང་ཉི་མ་གསེར་མདོག་ཅན་དུ་འགྱུར་འདུག་པ་མ་ཟད། ནམ་མཁའ་སྔོ་ཞིང་གཙང་ལ་གཡའ་དག་འདུག་པས་དེ་ནི་ལྷ་ཡུལ་ཞིག་རེད། ངས་ནམ་མཁའ་སྔོན་པོ་དང་ཉི་འོད་སེར་བོ་དེ་མཐོང་མ་ཐག་གློ་བུར་དུ་ཕ་ཡུལ་དྲན་ཞིང་སྐྱོ་བའི་མཆི་མ་འགོག་ཐབས་མེད་པར་ལྷུང་། དོན་གྱིས་ཕ་ཡུལ་དྲན་པ་གཅིག་པུ་ག་ལ་ཡིན་ཏེ། ནམ་རྒྱུན་སེམས་པ་བརྗོད་བྱ་ལྕི་མོ་དེ་དག་ལ་རག་ཐེངས་རེར་ཕྲ་ཞིང་སྐྱེན་པའི་ཚོར་བ་རྣོན་པོ་དག་གིས་ང་དང་ངའི་སེམས་པ་རྨང་ནས་གཙེས་ངེས་རེད། དེ་འདྲའི་ཚོར་བ་དྲག་ཏུ་འཕྱུར་དུས་མིག་ཆུའང་དྲག་ཏུ་བཞུར་ངེས་རེད།
   ད་ཐེངས་ཀྱི་ཚོགས་འདུའི་བརྗོད་བྱ་ནི་ལག་ལེན་དང་བར་ཐག་རིང་བའི་གཞུང་ལུགས་མིན་ལ། སྒྱུ་རྩལ་གྱིས་ཕྱུག་པའི་རྩོམ་རིག་ཀྱང་མ་རེད། འདི་ནི་བརྗོད་བྱ་ལྕི་མོ་ཞིག་སྟེ། མིའི་རིགས་སྤྱི་དང་ཁྱད་པར་བོད་ཁུལ་ལའང་བྱང་ཐང་ལ་མེ་ཤོར་བ་ལྟར་ཁྱབ་ཅིང་ཟིན་ནས་ཐོན་གྱིན་ཡོད་པའི་ཨེ་ཛི་ཞེས་པའི་འགོས་ ནད་ཀྱི་གནོད་འཚེ་ཆེན་པོ་དེ་ཇི་ལྟར་སྔོན་འགོག་དང་འཐབ་རྩོད་བྱེད་པར་ཐབས་ཇུས་འཚོལ་བའི་གྲོས་བསྡུར་ཚོགས་འདུ་ཞིག་རེད།
   བོད་མི་ལ་ལས། བོད་ཁུལ་ནི་རི་མགོ་ས་གཙང་ཡིན་ཕྱིན་འགོས་ནད་དེ་འདྲ་འབྱུང་མི་སྲིད་པར་འདོད་པ་དང་། ཡང་ལ་ལས་བོད་མི་ལ་ནང་ཆོས་ཟེར་བའི་ཁྱད་ནོར་ཞིག་ཡོད་པ་དེའི་བྱིན་རླབས་ཀྱིས་ནད་ཡམས་དེ་དག་འགོག་ཐུབ་པར་འདོད་མོད། དེ་ནི་དོན་དངོས་ལ་རྒྱུས་ལོན་བྱེད་པའི་འདུ་ཤེས་ཞན་པ་དང་ཚན་རིག་ལ་ཡིད་ཆེས་མ་བྱས་པའི་ལོག་རྟོགས་ཤིག་རེད། སྤྱིར་འཛམ་གླིང་ན་ཨེ་ཛི་ནད་འགོ་རྐྱེན་གསུམ་མ་གཏོགས་མེད་ན་ཡང་། རྒྱལ་ཁབ་དང་མི་རིགས་སོ་སོར་ནད་དེ་འགོ་བའི་ཐབས་ལམ་མི་འདྲ། རང་རེའི་བོད་ལ་མཚོན་ན་གཙོ་བོ་མཚན་མ་ལས་འགོས་པ་མང་ཤས་ཏེ། ངེས་གཏན་མེད་པའི་ཕོ་མོའི་འཁྲིག་སྤྱོད་ཀྱི་ལམ་ནས་འགོ་བཞིན་ཡོད། རྩད་བཅད་པ་ལྟར་ན་བོད་ལ་ནད་འདི་འབྱུང་སླ་བའི་དུས་ཚིགས་གཙོ་བོ་ནི་ལོ་རེའི་ཟླ་བཞི་བ་ནས་དྲུག་པའི་བར་ཡིན་ལ། རྒྱུ་མཚན་ནི་དུས་ཚིགས་དེར་ས་ཆུ་དྲོས་ཏེ་སྨན་རྩྭ་སྐྱེ་བཞིན་པའི་སྐབས་ཡིན་པས་ས་ཆ་སོ་སོའི་མི་མང་བོ་འདུས་ཏེ་ལ་ལས་སྨན་རྩྭ་འཐུ་བ་དང་ལ་ལས་ཉོ་བའི་སྐབས་དང་བསྟུན་ཏེ། ནང་ལོག་སོགས་ལ་ལུང་ནས་ཐོན་པའི་རིམས་ནད་ཅན་གྱི་བུད་མེད་ཚོས་ལུས་འཚོང་ནས་སྨན་རྩྭ་ཉོ་བཞིན་ཡོད། ཐ་ན་སྨན་རྩྭའི་ཆེ་ཆུང་ལྟར་སྨད་འཚོང་བཞིན་ཡོད། ཡིད་སྐྱོ་བ་ནི་བོད་པ་ཚོས་དཔལ་འབྱོར་བསྒྲུབ་ཆེད་ཞོར་ལས་ལ་སོང་བའི་མཇུག་འབྲས་ནི་སྐྱེས་པ་ལ་ལས་གྱོང་གུད་ཉོས་ཏེ་ཕྱིར་རང་ཡུལ་ ལ་ལོག་ཡོང་བ་དེ་རེད། ཚབས་ཆེ་བའི་གནད་དོན་དེ་དག་ངེས་འཛིན་བྱེད་པར་འདུ་ཤེས་ཞན་པ་དང་བཟློག་དཀའ་བའི་བསླུ་བྲིད་མང་བོའི་མདུན་དུ་རང་ཚུགས་ ཤོར་ཚེ། ཁྱིམ་ལ་དཔལ་འབྱོར་བསྒྲུབ་རྒྱུ་ཕར་ཞོག ཁྱིམ་ཚང་སྟོང་བར་འཕུད་པར་ཉེན་ཁ་ཆེན་པོ་ཡོད།
   ཚོགས་འདུའི་སྟེང་དུ་ཨེ་ཛི་བྱུང་བའི་བུད་མེད་ཅིག་གི་གཏམ་རྒྱུད་ཐོས་ལ། གཏམ་རྒྱུད་དེ་ནི་ཨེ་ཛི་བླ་མ་ཟེར་བའི་གྲོགས་པོ་ཞིག་གིས་ཨེ་ཛི་བྱུང་ཡོད་པའི་ནད་པ་ལ་དངོས་སུ་བཅར་འདྲི་བྱས་པའི་གནས་ཚུལ་ངོ་མ་རེད། འཆི་ལ་ཉེ་བའི་ནད་པ་དེས་ཨེ་ཛི་བླ་མར་འདི་ལྟར་ལྷུག་བརྗོད་བྱས་ཡོད། སྔོན་ཆད་རང་ཉིད་གཟུགས་དང་ལང་ཚོ་མཛེས་ལ་རྒྱུ་དང་འབྱོར་བས་ཕྱུག་པའི་ཁེངས་ལྡན་མ་ཞིག་སྟེ། ཁེངས་ཉམས་མཁའ་ལ་བཏེགས་ཡོད་པའི་དུས་སུ་མོ་རང་དབྱར་གྱི་ཉི་མར་ཤིན་ཏུ་སྡང་། ཉི་འོད་དྲག་པོས་མོའི་ངོ་གདོང་འཚིག་པར་བྱེད་པས་ཡིན། མཁའ་དབུགས་ལ་སྡང་། མཁའ་དབུགས་ཙོག་པོས་མོའི་སྣ་ལམ་ལ་དྲི་ངད་ལྡང་བས་ཡིན། མི་ཚོགས་ལ་སྡང་། མི་མང་བོའི་ཁ་རླངས་ཀྱིས་མོ་ལ་གྲིབ་ཐེབས་པར་དོགས་པས་ཡིན། རྐང་ཐང་ལ་འགྲོ་བའམ་མེ་འཁོར་ས་ཚིགས་སོགས་ནས་ལངས་འདུག་པར་སུན་སྣང་སྐྱེས། རྐང་བ་དང་སྐེད་པ་ན་བས་ཡིན། ད་ལྟ་ང་ཉི་འོད་ལ་དགའ། མཁའ་དབུགས་ལ་དུང་། མི་ཚོགས་ལ་སྨོན་པ་འཆོར། རྐང་ཐང་ལ་འགྲོ་རྒྱུར་མོས་ན་ཡང་དེ་དག་ཐམས་ཅད་ཤོར་སོང་། ད་ལྟ་དེ་དག་ང་ལ་གཏན་ནས་དབང་ངེས་མིན། ཟེར་ཞིང་ཉམ་ཐག་གེར་ལུས་པའི་བཟོ་ལྟ་དེས་ཨེ་ཛི་བླ་མའི་སེམས་ལ་སྙིང་རྗེ་ཚད་མེད་སྐྱེས་བྱུང་། མི་སུ་ཡང་འཆི་ཁར་གཏུག་ཚེ་ད་གཟོད་འཇིག་རྟེན་གྱི་མཛེས་དགེ་བདེན་སོགས་འདོད་པའི་ཡོན་ཏན་ལ་ཞེ་ཆགས་པ་མ་ཟད། ཐ་ན་དེ་ལས་ལོག་པའི་ཆོས་ཐམས་ཅད་ལའང་ཞེན་སྲིད། ལྷག་པར་མོ་རང་གི་ལུས་པོ་རྣག་ཁྲག་གིས་ཟིན་ཅིང་རྐང་ལག་སྐམ་རིད་དུ་གྱུར་པའི་གནས་ཚུལ་ཐོས་ཏེ་ངའི་མིག་ཆུ་ཡང་ལྷུང་མོད། མིག་ཆུ་ནི་ནུས་མེད་སྐྱེས་དམན་རྣམས་ཀྱི་མཚོན་བྱེད་ཙམ་ལས་གང་ཡང་མིན། ཐེངས་འདིའི་ཚོགས་འདུར་ཆོལ་ཁ་གསུམ་པོ་ནས་སྤུན་ཟླ་ལྷག་བསམ་ཅན་སུམ་ཅུ་ལྷག་ཕེབས་ཡོད་ལ། ཁོ་ཚོས་ནད་ཡམས་འདི་འདྲ་སྔོན་འགོག་བྱེད་པར་རང་ངོས་ནས་དུས་ཚོད་དང་འབྱོར་བ་སྤྱད་པ་མ་ཟད་དཀའ་ལས་ཡང་གང་མང་མྱངས་ཡོད། ཚོགས་འདུ་ཉིན་དང་བོའི་མཚན་མོར། མཚོ་སྔོན་ཞིང་ཆེན་གྱི་འབྲེལ་ཡོད་སྨན་ཁང་ནས་ཚོགས་ཞུགས་མི་སྣ་ག་གེ་མོ་ལ་ཁ་པར་ཐོན་ཏེ་བརྗོད་པ་ལྟར་ན། ད་སྔ་མཚོ་སྔོན་ས་ཁུལ་ན་ཨེ་ཛི་བྱུང་ཡོད་པའི་མི་གྲངས་དྲུག་བརྒྱ་ལྷག་ལ་སླེབས་འདུག་ཟེར། ཡིན་ན་ཡང་། མི་མང་བོ་ཞིག་གིས་ཨེ་ཛི་ཟེར་བའི་ནད་ཡམས་འདི་འདྲ་ཡོད་པར་ཡིད་མི་ཆེས་པར་ཁ་འཁྲུག་རེད་སྙམ་བཞིན་ཡོད། དོན་དངོས་ཁས་མི་ལེན་པ་ལ་བྱ་ཐབས་ཅི་ཡོད།
   གཏམ་རྒྱུད་འདི་ནི ༢༠༠༨ ལོའི་ཟླ ༨ པའི་ཚེས ༥ ཉིན་བྱུང་བའི་དོན་ངོ་མ་ཞིག་རེད། གཏམ་རྒྱུད་འདི་དབྱིན་ཇིའི་སྐད་གྲགས་ཅན་གྱི་དུས་བབTimesཚགས་པར་དུ་བཀོད་དེ་བསྒྲགས་ཡོད། རྒྱ་གར་ན་ཕ་མ་གཉིས་ལ་ཕྲུ་གུ་གསུམ་སྟེ་མི་ལྔ་ལས་གྲུབ་པའི་ཁྱིམ་ཚང་ཞིག་ཡོད། བཟའ་མི་ལྷན་འཛོམས་བྱུང་བའི་དུས་སུ་ཕ་མ་དང་བུ་ཕྲུག་བར་ལ་བརྩེ་སེམས་དང་རེ་བ། ཡིད་ཆེས་ཀྱིས་ཁེངས་འདུག ཉིན་ཞིག་ལ། ཕ་མ་གཉིས་ཀས་ཕྲུ་གུ་གསུམ་པོར་ནམ་རྒྱུན་དང་མི་འདྲ་བའི་ཁ་ཟས་ཞིམ་པོའི་སྟོན་མོ་བཤམས། ཕྲུ་གུ་ཚོས་རྒྱུ་མཚན་ཅི་ཡིན་མི་ཤེས་པར་དགའ་སྤྲོའི་ངང་ཁ་ཟས་ཀྱིས་ཚིམ་ནས་གཉིད་དུ་ཡུར་རྗེས། ཕ་མ་གཉིས་ཀྱིས་རང་གི་སྐེ་ལ་ཞགས་ཐག་བཀོན་ཏེ་བར་སྣང་ལ་དཔྱང་། ཅུང་ཙམ་འགོར་བ་ན་ཁྱིམ་ཚང་དེ་ནི་འཇམ་ཐིང་ངེར་སོང་བ་དང་ཁོར་ཡུག་ཐམས་ཅད་ཡ་ང་བ་ཞིག་ཏུ་གྱུར། ཕ་མ་གཉིས་ཀྱི་བེམ་པོ་བར་སྣང་ལ་འཕྱང་འདུག་ལ་ཕྲུ་གུ་གསུམ་པོ་ཡང་གཏན་ནས་སད་མ་བྱུང་། ཕན་ཚུན་བརྩེ་བ་དང་ཡིད་ཆེས་ཀྱིས་ཁེངས་པའི་ཁྱིམ་ཚང་ཞིག་དེ་ལྟར་གློ་བུར་དུ་ཡ་ང་བའི་སྐྱོ་གར་ཞིག་གིས་མཇུག་རྫོགས་པར་བྱས། སྐྱོ་གར་དེའི་འབྱུང་རྐྱེན་ནི་ཕ་མ་གཉིས་ཀས་བཟའ་མི་ཚང་མར་ཨེ་ཛིའི་ནད་དུག་འགོས་པ་ཤེས་ཏེ། གསོ་ཐབས་བྲལ་ལ་ངོ་ཚ་དང་སྐྱོ་གདུང་གིས་གཟིར་བས་གསོན་པའི་རེ་བ་ཆད་པ་རེད། ང་ཚོས་སྐྱོ་གར་འདི་འདྲ་ལ་བརྟེན་ནས་ཨེ་ཛིའི་ནད་དུག་ནི་ཆེས་ཡ་ང་བའི་ནད་རིགས་ཤིག་ཡིན་པ་རྟོགས་དགོས།
   ཚོགས་ཐོག་ཏུ་རྒྱལ་སྤྱིའི་རོགས་སྐྱོར་ཚོགས་པའི་བླ་མ་ཨ་དཀོན་མཆོག་གིས།“……ལྷག་པར་ཨ་མདོ་དང་ཁམས་ཕྱོགས་ཀྱི་ལུགས་སྲོལ་ སྐྱོ་བོ་འདུག་སྟེ། བུད་མེད་ཚོས་ང་རང་སྐྱེས་པ་བཅུ་ལ་ཉལ་མྱོང་བརྒྱ་ལ་ཉལ་མྱོང་ཞེས་ངོམས་པ་དང་། སྐྱེས་པ་རྣམས་ཀྱིས་མདང་དགོང་རང་གིས་བུད་མེད་ག་ཚོད་ག་ཚོད་ལ་ཆགས་པ་སྤྱད་ཡོད་ཅེས་བསྒྲགས་པ་དེ་ནི་འཇོན་ཐང་དང་ལ་རྒྱར་བརྩི་བཞིན་ཡོད། མི་དེ་དག་ལ་ཕོ་མོའི་འདོད་པ་ཁོ་ན་ལས་བསམ་རྒྱུ་མེད་ལ་སྐྲག་རྒྱུ་དང་ངོ་ཚ་རྒྱུ་ཡང་མེད། ཨེ་ཛི་ནད་གསོ་བའི་སྨན་རྒྱལ་སྤྱིའི་སྟེང་ནའང་ཡོད་པ་མ་རེད། འོན་ཀྱང་ནད་དེ་འགོག་པའི་སྨན་ཞིག་ཡོད་པ་རེད”ཅེས་ནན་གྱིས་གསུངས།
  ལ་ལས་ཨེ་ཛི་འགོག་པའི་སྨན་ཡོད་པ་མ་ཟད་བོད་པས་བཟོས་པ་ཡིན་ཟེར་བ་དང་། ཡང་ལ་ལས་གསང་སྔགས་ལ་བཅོས་ཐབས་ཡོད་ཟེར་མོད། བཤད་སྲོལ་སྔོན་མ་འུད་གཏམ་ཁོ་ན་ཡིན་པ་དང་རྗེས་མའི་བཤད་སྲོལ་དེ་ནུས་པ་གང་ཟག་ཕལ་བའི་ནང་ན་ཡོད་མི་སྲིད་པས། ང་ཚོ་ཚང་མས་དངོས་ཐོག་བདེན་འཚོལ་གྱིས་ཨེ་ཛི་ནད་འགོ་རྐྱེན་གསལ་བོ་ངེས་རྒྱུ་དང་ནམ་ཡང་སྔོན་འགོག་བྱེད་པར་དོ་ཁུར་བྱས་ན་སྤྱི་དང་སྒེར་གང་ལའང་ཕན་ཏེ། ང་ཚོའི་བདེ་ཐང་ནི་མི་རིགས་ཀྱི་བདེ་ཐང་ཡིན།
   གནམ་གྲུ་ནུབ་ཕྱོགས་སུ་འཕུར་བ་དང་མཉམ་དུ་ཉི་མ་ཤར་ཕྱོགས་སུ་ལུས་པའི་སྣང་བ་ཞིག་གིས་ང་རང་མཛེས་པའི་ཡང་རྩེ་ཞིག་དང་ གྱེས་ཏེ་བར་ཐག་ཇེ་རིང་ནས་ཇེ་རིང་ཡིན་པའི་གདུང་ཚོར་དྲག་པོ་ཞིག་སྐྱེས་པ་དེས་ངའི་སེམས་པ་རྨང་ནས་བཞུས། ངའི་ཚོར་བ་ཞིག་ལ་རང་གིས་ཉི་མ་བསྐྱུར་བཞག་བསམས་མོད། དེ་ནི་རྟོག་པ་ལྟར་སྣང་ཞིག་སྟེ། དོན་གྱིས་ཉི་མ་ལུས་པ་ག་ལ་ཡིན། ང་དང་ང་ལྟ་བུའི་གྲངས་མེད་སེམས་ཅན་མང་བོ་གཟུགས་མེད་པའི་དུད་སྨུག་ལྐོག་གྱུར་པ་ཞིག་ཏུ་མགོ་འཐོམས་འདུག་པ་ནི་ཇི་འདྲའི་སྐྱི་གཡའ་བ་ཞིག་རེད་ཨང་། བླང་དོར་གྱི་བློ་མིག་ལྡོང་བའི་ང་དང་ང་འདྲ་བའི་མདུན་ན་ཉི་མ་གསེར་གྱི་ལེར་ཤར་འདུག་པའང་མཐོང་དཀའ་བ་མིན་ནམ།(རྩོམ་འགན་པ། རྟ་མགྲིན)
འབྲེལ་ཡོད་རྩོམ་ཡིག