ཟླ་བ ༡༢ པའི་ཚེས ༡ ཉིན་ནི་སྐབས ༢༧ པའི“འཛམ་གླིང་ཨེ་ཙིའི་འགོས་ནད་ཉིན་མོ”ཡིན་པ་དང་ཟླ་བ ༡༡ པའི་ཚེས ༢༨ ཉིན་གྱི་སྔ་དྲོར་འཚོགས་པའི་བོད་རང་སྐྱོང་ལྗོངས་ཀྱི་ཚབས་ཆེའི་ནད་རིགས་འགོག་བཅོས་མཐུན་སྦྱོར་འགོ་ཁྲིད་ཚོགས་ཆུང་གི་ལས་དོན་ཚོགས་འདུ་རུ། བོད་རང་སྐྱོང་ལྗོངས་འཕྲོད་བསྟེན་དང་འཆར་ལྡན་བུ་བཙའ་ཨུ་ལྷན་གྱི་ཀྲུའུ་རེན་ཕུར་བུ་སྒྲོལ་མས་ཕྱི་ཕྱོགས་ལ་བོད་ལྗོངས་ཀྱི་འདི་ལོའི་ཟླ་བ ༡ ནས་ཟླ་བ ༡༡ བར་གསར་དུ་བྱུང་བའི་ཨེ་ཙིའི་འགོས་ནད་ཕོག་པའི་མི་སྣ་དང་ནད་པའི་མི་གྲངས་ཡོངས་བསྒྲགས་བྱས་པ་མ་ཟད། སླད་ཕྱིན་བོད་ལྗོངས་ཀྱིས་བྱ་ཐབས་གང་དག་སྤྱད་ནས་ཨེ་ཙིའི་འགོས་ནད་སྔོན་འགོག་ཚོད་འཛིན་གྱི་ལས་དོན་ལ་སྐུལ་འདེད་བཏང་ནས་ཨེ་ཙིའི་འགོས་ནད་འགོག་བཅོས་ཀྱི་ཞབས་ཞུའི་ནུས་པ་གོང་མཐོར་གཏོང་རྒྱུའི་སྐོར་ངོ་སྤྲོད་གནང་བ་རེད།
༢༠༡༤ ལོའི་ཟླ་བ ༡ ནས་ཟླ་བ ༡༡ བར་ཨེ་ཙིའི་གསར་ཕོག་མཁན ༧༥ བྱུང་།
ཟླ་བ ༡༢ པའི་ཚེས ༡ ཉིན་ནི་སྐབས ༢༧ པའི་འཛམ་གླིང་ཨེ་ཙིའི་འགོས་ནད་ཉིན་མོ་ཡིན་པ་དང་འདི་ལོའི་དྲིལ་བསྒྲགས་ཀྱི་བརྗོད་དོན་གཙོ་བོ་ནི“བྱ་འགུལ་སྤེལ་ནས་ཨེ་ཙི་མེད་པའི་ཕྱོགས་སུ་གོམ་སྟབས་སྤོ་བ་དང་སྟོབས་ཤུགས་གཅིག་སྒྲིལ་དང་དཀའ་གནད་སྒྲོལ་བ། ཨེ་ཙིར་ཚོད་འཛིན་བྱེད”ཞེས་པ་དེ་ཡིན་པ་རེད།
ཉེ་བའི་ལོའི་རིང་ཨེ་ཙིའི་འགོས་ནད་དེ་འཛམ་གླིང་མི་དམངས་ཀྱི་བདེ་ཐང་ལ་འཇིགས་སྐུལ་ཚབས་ཆེན་བཟོ་མཁན་གྱི་སྤྱི་པའི་འཕྲོད་བསྟེན་གྱི་གནད་དོན་ཞིག་ཏུ་གྱུར་ཡོད། བྱས་ན་མིག་སྔར་བོད་ལྗོངས་ཀྱི་ཨེ་ཙིའི་ནད་ཀྱི་གནས་བབ་ཇི་འདྲ་ཡིན་ནམ།
“ཉེ་བའི་ལོའི་རིང་བོད་ལྗོངས་ཀྱི་ཨེ་ཙིའི་འགོས་ནད་ཀྱི་སྙན་ཞུའི་གྲངས་ཚད་ལོ་རེ་བཞིན་ཟམ་མི་ཆད་པར་འཕར་སྣོན་ཡོང་བཞིན་ཡོད་པ་དང་། འདི་ལོའི་ཟླ་བ ༡ ནས་ཟླ་བ ༡༡ བར་ལྗོངས་ཡོངས་ཀྱི་སྙན་ཞུར་ཨེ་ཙིའི་འགོས་ནད་གསར་ཕོག་མཁན ༧༥ བྱུང་འདུག”ཅེས་ཕུར་བུ་སྒྲོལ་མས་ཕྱི་ཕྱོགས་ལ་མིག་སྔའི་བོད་ལྗོངས་ཀྱི་ཨེ་ཙིའི་འགོས་ནད་ཀྱི་གནས་ཚུལ་ཡོངས་བསྒྲགས་གནང་བ་རེད།
བོད་རང་སྐྱོང་ལྗོངས་འགོས་ནད་ཚོད་འཛིན་ལྟེ་གནས་ཀྱི་ཀྲུའུ་རེན་གཞོན་པ་ཝང་ཝུན་ཅིང་གིས“བོད་ལྗོངས་ཀྱི་ཨེ་ཙིའི་འགོས་ནད་ཕོག་རྒྱུ་དེ་སྔར་ནས་ད་བར་གཙོ་བོ་འཁྲིག་སྤྱོད་ལས་བརྒྱུད་འཕེལ་བྱུང་བ་དང་། འདི་ལོའི་སྙན་ཞུའི་ཐོག་ཨེ་ཙིའི་འགོས་ནད་ཀྱི་ཕོག་མཁན་ཁྲོད་འཁྲིག་སྤྱོད་ལས་ཁྱབ་འཕེལ་བྱུང་བའི་བསྡུར་ཚད་དེ་ནི ༩༡.༨༩% ཡིན་པ་དང་། དེའི་ཁྲོད་སྐྱེས་པའི་མཚན་མཐུན་གྱི་ཁྱབ་འཕེལ་བྱུང་བའི་བསྡུར་ཚད་དེ ༦.༧༦% ཡིན་པ་རེད། འདི་ལོའི་སྙན་ཞུའི་ཐོག་ཨེ་ཙི་འགོས་ནད་ཀྱི་ནད་དུག་ཕོག་མཁན་ཁྲོད་ཕོ་མོའི་བསྡུར་ཚད་དེ ༢:༡ ཡིན་པ་དང་། ལོ ༢༡ ནས ༥༠ བར་གྱི་གཞོན་ནུ་དང་དར་མར་ཨེ་ཙིའི་འགོས་ནད་ཕོག་པའི་བསྡུར་ཚད་དེ ༨༡.༠༨% ཡིན་པ་རེད”ཅེས་ངོ་སྤྲོད་གནང་བ་རེད།
མིག་སྔར་ས་ཚིགས ༡༣ དུ་ལྟ་ཞིབ་དང་ཞིབ་དཔྱད་ཚད་ལེན་གྱི་ལས་དོན་སྤེལ་བ།
མིག་སྔའི་ཨེ་ཙིའི་འགོས་ནད་ཀྱི་གནས་ཚུལ་ལ་དམིགས་ནས་བོད་ལྗོངས་ཀྱིས་སྔོན་འགོག་ཚོད་འཛིན་གྱི་ལས་དོན་ཇི་ལྟར་སྤེལ་གྱི་ཡོད་དམ། ཕུར་བུ་སྒྲོལ་མས་མིག་སྔར་བོད་ལྗོངས་ཀྱིས་ས་ཁུལ་དང་གྲོང་ཁྱེར ༦ གི་ལྐོག་འཆལ་མ་དང་སྦྲུམ་མ། རེག་དུག་སྨན་བཅོས་བྱེད་མཁན་གྱི་སྐྱེས་པ། གཞོན་ནུ་དང་ལོ་ཆུང་སློབ་མ། སྐོར་བསྐྱོད་མི་སྣ་སོགས་རིགས ༥ ཡི་ཉེན་ཁ་ཆེ་བའི་མི་སྣར་དམིགས་ནས་རྒྱལ་ཁབ་རིམ་པའི་ཨེ་ཙིའི་འགོས་ནད་ཀྱི་ལྟ་ཞིབ་ཚད་ལེན་དང་ཞིབ་དཔྱད་ཚད་ལེན་ས་ཚིགས ༡༣ བཙུགས་ཡོད་པ་དང་། གཙོ་བོ་ཨེ་ཙི་འགོས་ནད་ཀྱི་ལྟ་ཞིབ་དང་ཞིབ་དཔྱད་ཚད་ལེན་གྱི་ལས་དོན་སྤེལ་ནས་གཞི་རྩའི་རིམས་ནད་བྱུང་ཚུལ་ཁོངས་སུ་ཆུད་ཀྱི་ཡོད། ད་སྔའི་བར་དུ། ལྗོངས་ཡོངས་སུ་ནད་དུག་འགོག་པའི་སྨན་བཅོས་དང་ལེན་བྱེད་མཁན་གྱི་ཨེ་ཙིའི་འགོས་ནད་ནད་པ ༤༧ ཡོད་པ་དང་ཚང་མར་རིམ་པ་དང་པོའི་སྨན་ཁབ་སྨན་བཅོས་བེད་སྤྱོད་བྱེད་ཀྱི་ཡོད་ཅིང་ནད་དུག་འགོག་ཚད ༡༠༠% ཁྱབ་ཡོད་པ་རེད་ཅེས་གསུངས། “ད་ལྟའི་དུས་རིམ་དུ་བོད་ལྗོངས་སུ་བཙུགས་པའི་རྒྱལ་ཁབ་རིམ་པའི་ཨེ་ཙིའི་འགོས་ནད་ཀྱི་ལྟ་ཞིབ་དང་ཞིབ་དཔྱད་ཚད་ལེན་ས་ཚིགས ༡༣ དེ་དག་ནི་བོད་ལྗོངས་སུ་ཨེ་ཙིའི་འགོས་ནད་ཤེས་རྟོགས་བྱེད་པའི་ཐབས་ལམ་གཙོ་བོ་དེ་ཡིན་པ་རེད། མིག་སྔར་བོད་ལྗོངས་ཀྱི་ཨེ་ཙིའི་འགོས་ནད་ལྟ་ཞིབ་ཚད་ལེན་ས་ཚིགས་ཉུང་བ་དང་ལྟ་ཞིབ་ཚད་ལེན་མི་ཚོགས་ཚད་བཀག་ཡོད་པའི་དོན་དངོས་གནས་ཚུལ་ལ་དམིགས་ཏེ ༢༠༡༥ ལོར་བོད་རང་སྐྱོང་ལྗོངས་འཕྲོད་བསྟེན་དང་འཆར་ལྡན་བུ་བཙའ་ཨུ་ལྷན་གྱིས་ལྗོངས་ཡོངས་ཀྱི་ས་ཁུལ་དང་གྲོང་ཁྱེར ༧ གྱི་རྫོང ༧༤ ལྟ་ཞིབ་ཚད་ལེན་ས་ཚིགས ༧༤ བཙུགས་ནས་ཚད་གཞི་ཆེ་ཤོས་ཐོག་ནས་ཨེ་ཙིའི་འགོས་ནད་ཕོག་མཁན་ཤེས་རྟོགས་ཐུབ་པ་བྱ་རྒྱུ་ཡིན་པ་རེད།
དུས་མཚུངས། སང་ལོ་ནས་བཟུང་རིན་པ་མི་དགོས་པའི་སྦྲུམ་མའི་ལེགས་བཙའི་བརྟག་དཔྱད་རྣམ་གྲངས་ཁྲོད་ཨེ་ཙིའི་འགོས་ནད་ལྟ་ཞིབ་ཚད་ལེན་གྱི་ནང་དོན་ཁ་སྣོན་བྱ་རྒྱུ་མ་ཟད། རྣམ་གྲངས་དེ་སྤྱི་པའི་འཕྲོད་བསྟེན་དང་འཆར་ལྡན་བུ་བཙའི་ཞབས་ཞུའི་གལ་ཆེའི་རྣམ་གྲངས་སུ་བཞག་སྟེ་ནུས་ལྡན་ངང་ཨེ་ཙིའི་འགོས་ནད་བརྒྱུད་འཕེལ་དང་ཁྱབ་སྤེལ་ལ་ཚོད་འཛིན་བྱ་རྒྱུ་རེད”ཅེས་ཕུར་བུ་སྒྲོལ་མས་སྟོན་གནང་བ་རེད།
གཞན་ཡང་། ས་ཁུལ་དང་གྲོང་ཁྱེར་ཁག་གི་འགོས་ནད་ཚོད་འཛིན་ཚན་པས་ས་ཁུལ་དང་གྲོང་ཁྱེར་དེ་གའི་ལྟ་ཞིབ་ཚད་ལེན་དང་འགོག་བཅོས་ཀྱི་འགན་འཁྲི་འཁྱེར་དགོས་པ་དང་ཕྱི་ཕྱོགས་སུ་ཁྱོན་ཡོངས་ནས“རེག་དུག་དང་ཨེ་ཙིའི་འགོས་ནད་བློ་འདྲི་བཤེར་འཇལ་ཞབས་ཞུའི་ལྟེ་གནས”ཁ་སྣོན་བྱས་ཏེ་ཉུང་མཐར་ཡང་རེག་དུག་དང་ཨེ་ཙིའི་འགོས་ནད་ཀྱི་ཆེད་བསྐོས་སམ་ལས་འགན་གཅིག་ལྕོགས་ཀྱི་འགོག་བཅོས་ལས་དོན་མི་སྣ ༢ ནས ༣ བར་བཀོད་སྒྲིག་བྱས་ཏེ། རེག་དུག་ནད་བརྟག་སྨན་བཅོས་བློ་འདྲི་ཞབས་ཞུའི་ལས་དོན་ཏན་ཏིག་སྤེལ་ནས་ཚད་ལྡན་ངང་རེག་དུག་སྨན་བཅོས་བྱས་ཏེ་རེག་དུག་ནད་པར་ཨེ་ཙིའི་འགོས་ནད་ཕོག་པའི་ཉེན་ཁ་ཆུང་དུ་གཏོང་རྒྱུ་ཡིན་པ་རེད།(རྩོམ་འགན་པ། རྟ་མགྲིན)