ཀྲུང་གོའི་བོད་ལྗོངས་དྲ་བ།>གསར་འགྱུར།

ཨ་རིའི་རྒན་པོ་ལོ ༩༠ ཅན་ཞིག་གིས་འཁྱམ་པོར་སྦྱིན་པ་བཏང་བས་ཁྲིམས་ལ་ཐོགས།

2014-11-13 ཀླུ་འབུམ་རྒྱལ།
   
   ཤིན་ཧྭ་གསར་ཁང་ནས་སྤེལ་བའི་གནས་ཚུལ་ལྟར་ན། ལོ ༩༠ ཅན་གྱི་རྒན་པོ་ཨ་ནོ་རྡི་ཨ་བྷོ་ཐུ་ནི་ཨ་རིའི་ཧྥེ་ལོ་ལི་ཏྭ་ཁུལ་གྱི་སྡོད་དམངས་ཤིག་ཡིན། ཁོ་ལ་མཚོན་ན་རང་ཉིད་འཚོ་སྡོད་བྱེད་སའི་ལོ་ཏི་ཏེར་བྷོ་ནས་གནས་མལ་མེད་པའི་འཁྱམ་པོ་དག་ལ་བཟའ་བཏུང་སྦྱིན་པ་ནི་དགེ་བའི་ལས་ཤིག་ཡིན། ཡིན་ནའང་ལོ་ཏི་ཏེར་བྷོ་ཡི་ཉེན་རྟོག་པས་བལྟས་ན་ཁོང་གིས་ནག་ཉེས་བཟོ་བཞིན་པ་རེད།
   གཟའ་འཁོར་སྔོན་མའི་གཟའ་མཇུག་ཏུ་ཨ་ནོ་རྡི་དང་ས་གནས་དེ་གའི་ཡེ་ཤུའེ་ཆོས་འཆད་མཁན་གཉིས་ཀྱིས་རྒྱུན་ལྡན་ལྟར་གནས་མལ་མེད་པའི་འཁྱམ་པོ་དག་ལ་ཟས་ཀྱི་སྦྱིན་པ་གནང་བཞིན་ཡོད། ཡིན་ནའང་བསམ་ཡུལ་ལས་འདས་པ་ཞིག་ལ་ཉེན་རྟོག་པས་བཀག་འགོག་བྱས། "དེའི་ཁྲོད་ཀྱི་ཉེན་རྟོག་པ་ཞིག་གིས་བཤད་རྒྱུར། མགྱོགས་པོ་བྱས་ཏེ་ལག་གི་སྡེར་མ་སར་བཞག་ཅེས་ངའི་ལག་ཏུ་མཚོན་ཆ་བཟུང་ཡོད་པ་དང་མཚུངས་བར་བཤད"ཅེས་ཨ་ནོ་རྡི་ཡིས་ཕྱིར་དྲན་བྱས་ཏེ་བཤད།
   ཨ་ནོ་རྡི་དང་རོགས་པ་གཉིས་ལ་ཆེས་རིང་ན་ཉི་མ ༦༠ ལ་བཙོན་འཇུག་དང་ཨ་སྒོར ༥༠༠ ཡི་ཁྲིམས་ཆད་ཕོག་འདུག དེའི་རྒྱུ་མཚན་ནི་ཁོང་གསུམ་པོ་ཉེ་ཆར་གོ་ཆོད་བྱུང་བའི་བཀའ་ཁྲིམས་ཤིག་དང་འགལ་འདུག དེ་ནི་མི་མང་འདུ་འཛོམ་བྱེད་པའི་ཡུལ་དུ་འཁྱམ་པོ་དག་ལ་བཟའ་བཏུང་གི་སྦྱིན་པ་གཏོང་མི་ཆོག་པ་རེད།
   ཨ་བྷོ་ཐུ་ནི་འཛམ་གླིང་འཁྲུག་ཆེན་གཉིས་པའི་སྐབས་ཀྱི་དམག་མི་རྒན་པ་ཞིག་ཡིན། ཁོང་གིས་རང་ཉིད་ཀྱིས་དོན་བཟང་སྒྲུབ་པ་ཁྲིམས་འགལ་དུ་གྱུར་བ་ལ་ཅིས་ཀྱང་འདང་མི་ཕོག དེ་ནི་བསམ་ཡུལ་ལས་འདས་པ་ཞིག་རེད། "མི་འདི་དག་ནི་སྤྲང་བོའི་ཁྲོད་ཀྱི་སྤྲང་བོ་རེད། ཁོ་ཚོར་ཅི་ཡང་མེད། ཐ་ན་མགོ་ཁེབས་ཀྱི་སོ་ཕག་ཅིག་ཀྱང་མེད་པས། ངས་ཁོ་ཚོ་ཕྱིར་ཅི་ལྟར་ཟློག"ཅེས་ཟེར། "འཁྱམ་པོ་དེ་དག་གནས་འདི་རུ་ཡོང་དོན་ནི་ས་འདིའི་གནམ་གཤིས་དྲོད་འཇམ་ལྡན་པའི་རྐྱེན་རེད། ཁོ་ཚོས་རང་ཉིད་གནས་འདིར་ཡོང་ན་གྲང་ངར་གྱིས་གནོད་པ་མི་ཐེབས་པ་ཤེས་ཡོད།"
   ཡིན་ནའང་ས་གནས་དེ་གའི་སྲིད་གཞུང་གི་ཉེན་རྟོག་སྡེ་ཁག་ལ་མི་མཐུན་པའི་ལྟ་བ་ཡོད། ཚོད་དཔག་བྱས་པ་ལྟར་ན། ལོ་ཏི་ཏེར་བྷོ་དང་མཐའ་མཚམས་ས་ཁུལ་དུ་གནས་མལ་མེད་པའི་འཁྱམ་པོ་ཁྲི་ལ་ཉེ་བ་འདུས་ཡོད་པ་དང་། ས་དེ་གའི་སྡོད་དམངས་དང་ཚོང་བདག་དག་ནི་རིན་མི་དགོས་པའི་བཟའ་བཏུང་གིས་འདི་ལས་མང་པའི་འཁྱམ་པོ་བསུས་འོངས་སྙམ་ནས་སེམས་ཁྲལ་བྱེད།
   ད་ལོའི་ཟླ ༥ པར། ལོ་ཏི་ཏེར་བྷོ་ནས་གྲོས་ཐེངས་གཅིག་ལ་འཁྱམ་པོའི་གནས་ཚུལ་ཐག་གཅོད་བྱེད་པའི་བཀའ་ཁྲིམས ༥ ལ་གྲོས་མོལ་བརྒྱུད་ཐག་གཅོད་བྱུང་། ཨ་བྷོ་ཐུ་སོགས་དེའི་ཁྲོད་ཀྱི་བཀའ་ཁྲིམས་གཅིག་ལས་འགལ་བ་རེད། ལོ་ཏི་ཏེར་བྷོ་གྲོང་ཁྱེར་གྱི་གྲོང་དཔོན་ལྗེ་ཁི་སེ་ལི་ཡིས་བཤད་རྒྱུར། འབྲེལ་ཡོད་བཀའ་ཁྲིམས་ནི་གྲོང་ཁྱེར་གྱི་སྤྱི་བའི་ཁྱབ་ཁོངས་ནས་མི་ཚང་མ་ལ་བཏོན་ཡོད་ཟེར།
   གྲོང་དཔོན་སེ་ལི་ཡིས་བཤད་པ་ལྟར་ན། ཁོང་གིས་ཨ་བྷོ་ཐུ་སོགས་ཀྱིས་འཁྱམ་པོ་དག་ལ་བཟའ་བཏུང་སྦྱིན་པ་ནི་སེམས་བཟང་བཅངས་ཡོད་པ་ཤེས་ཡོད། ཡིན་ནའང་ངེས་བར་དུ་ཁྲིམས་འཛིན་སྡེ་ཁག་གིས་དྲང་བདེན་དྲང་བཞག་གིས་ཁྲིམས་ལུགས་ལག་བསྟར་བྱེད་དགོས་ཞེས་ནན་བཤད་བྱས། ཉེན་རྟོག་པའི་སྡེ་ནས་བཤད་རྒྱུར། ཨ་བྷ་ཐུ་དང་རོགས་པ་གཉིས་འཛིན་བཟུང་བྱས་མེད་པ་དང་། ཁོ་ཚོར་ཁྲིམས་ཆད་ཇི་འདྲ་ཕོག་རྒྱུ་ཡིན་པའི་སྐོར་ནི་ཁྲིམས་ཁང་ནས་ཆེས་མཐའ་མཇུག་གི་ཐག་གཅོད་བྱེད་རྒྱུ་རེད་ཟེར།(རྩོམ་འགན་པ། རྟ་མགྲིན)
འབྲེལ་ཡོད་རྩོམ་ཡིག