ཀྲུང་གོའི་བོད་ལྗོངས་དྲ་བ།>གསར་འགྱུར།

ཞིས་ཅིན་ཕིང་ཨེ་ཤེ་ཡ་རྨང་གཞིའི་སྒྲིག་བཀོད་མ་འཇོག་དངུལ་ཁང་གི་མཛད་སྒོར་ཕེབས་ནས་ཤིས་ཚིག་གསུངས་པ།

2016-01-18 ཚེ་རྡོ།

        ཟླ་༡ཚེས་༡༦ཉིན་ཨེ་ཤེ་ཡ་རྨང་གཞིའི་སྒྲིག་བཀོད་མ་འཇོག་དངུལ་ཁང་གི་ལས་གཉེར་བྱེད་འགོ་ཚུགས་པའི་མཛད་སྒོ་པེ་ཅིང་དུ་འཚོགས་ཤིང་། འདི་ནི་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞིས་ཅིན་ཕིང་ལས་གཉེར་བྱེད་འགོ་ཚུགས་པའི་མཛད་སྒོར་ཕེབས་པ་དང་འབྲེལ་ཤིས་ཚིག་ཀྱང་གསུངས་པའི་གནས་ཚུལ་ཡིན་པ།
        ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་༡ཚེས་༡༦ཉིན་གློག་འཕྲིན་འབྱོར་གསལ། གོང་ཚེས་ཉིན་གྱི་སྔ་དྲོ་ཨེ་ཤེ་ཡ་རྨང་གཞིའི་སྒྲིག་བཀོད་མ་འཇོག་དངུལ་ཁང་གི་ལས་གཉེར་བྱེད་འགོ་ཚུགས་པའི་མཛད་སྒོ་པེ་ཅིང་ཏེའོ་ཡུས་ཐའེ་རྒྱལ་མགྲོན་ཁང་དུ་འཚོགས་ཤིང་། ཀྲུང་གོའི་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞིས་ཅིན་ཕིང་མཛད་སྒོར་ཕེབས་པ་དང་འབྲེལ་ཤིས་ཚིག་ཀྱང་གསུངས་པ་དང་། ཁོང་གིས་ཁོངས་མིའི་རྒྱལ་ཁབ་ཁག་གིས་ལག་གདང་སྦྲེལ་ནས་མཉམ་དུ་འབད་བརྩོན་བྱས་ཚེ་ཨེ་ཤེ་ཡ་མ་འཇོག་དངུལ་ཁང་དེ་ཉིད་ཆེད་ལས་དང་། ནུས་ཆེ། སྤྱོད་གཙང་བཅས་ཀྱི་དུས་རབས་༢༡པའི་ཕྱོགས་མང་གསར་སྤེལ་དངུལ་ཁང་གསར་པ་ཞིག་དང་། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་པའི་ལས་སྟེགས་གསར་པ་ཞིག་ཏུ་འགྱུར་ནས་ཨེ་ཤེ་ཡ་དང་འཛམ་གླིང་གི་འཕེལ་རྒྱས་དང་དར་རྒྱས་ཡོང་ཆེད་ལེགས་སྐྱེས་གསར་པ་འབུལ་རྒྱུ་དང་གོ་ལ་ཧྲིལ་པོའི་དཔལ་འབྱོར་བཅོས་སྒྲིག་ཇེ་ལེགས་སུ་གཏོང་ཆེད་སྟོབས་ཤུགས་གསར་པ་སྣོན་རྒྱུ་རེད་ཅེས་ནན་བཤད་གནང་བ་རེད།
        ཞིས་ཅིན་ཕིང་གིས་བསྟན་དོན། ༢༠༡༣ལོའི་ཟླ་བཅུ་པར་ཀྲུང་གོས་ཨེ་ཤེ་ཡ་མ་འཇོག་དངུལ་ཁང་འཛུགས་རྒྱུའི་གྲོས་གཞི་བཏོན་པ་དང་། དེ་རིང་ཨེ་ཤེ་ཡ་མ་འཇོག་དངུལ་ཁང་དངོས་སུ་ལས་གཉེར་བྱེད་འགོ་ཚུགས་ཡོད། དུས་ཐུང་ལོ་གཉིས་ལྷག་ཙམ་ནང་ང་ཚོས་མཉམ་དུ་སྤྱིར་བཏང་མིན་པའི་ལོ་རྒྱུས་ཀྱི་ལམ་བུ་ཞིག་བརྒྱུད་ཡོད། ཁོངས་མིའི་རྒྱལ་ཁབ་ཁག་གིས་སྒོ་དབྱེ་དང་ཁོང་ཡངས་ཀྱི་མཉམ་ལས་བྱ་ཐབས་དང་། མཉམ་དུ་འཕེལ་རྒྱས་དོན་གཉེར་གྱི་བྱ་སྤྱོད་དངོས། ཚད་ལྡན་ནུས་ཆེའི་ཆེད་ལས་སྙིང་སྟོབས་གང་ལེགས་མངོན་པར་བྱས་ཡོད། ཨེ་ཤེ་ཡ་མ་འཇོག་དངུལ་ཁང་བཙུགས་པ་དེ་ཐོག་ནས་སྙིང་རུས་ཅན་གྱིས་རྡོ་ལ་ཨི་ཁུང་ཕུག་ཐུབ་ཅེས་པའི་གནས་ལུགས་གསལ་བཤད་ཐུབ་ཡོད། མིའི་རིགས་ཀྱི་ཞི་བདེ་དང་འཕེལ་རྒྱས་ཀྱི་ལས་འགན་ལྕི་པོར་དམིགས་ནས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཡིད་ཆེས་བརྟན་པོ་དང་། མཐུན་ཆར་ཤུགས་སྣོན། གཉིས་ཁེ་མཉམ་ལས་བཅས་བྱས་ཚེ་ང་ཚོར་བྱ་གཞག་གཏོད་འདོད་ཀྱི་བློ་ཞིག་འཆར་ངེས་ལ་བྱ་གཞག་ཀྱང་འགྲུབ་ཐུབ་ངེས་ཡིན་པ་ང་ཚོར་ཡིད་ཆེས་ཡོད།
        ཞིས་ཅིན་ཕིང་གིས་ནན་བཤད་གནང་དོན། ཨེ་ཤེ་ཡ་མ་འཇོག་དངུལ་ཁང་བཙུགས་ནས་ལས་གཉེར་བྱེད་འགོ་ཚུགས་པ་དེས་ཨེ་ཤེ་ཡ་ས་ཁུལ་གྱི་རྨང་གཞིའི་སྒྲིག་བཀོད་ལ་མ་འཇོག་བྱ་ཤུགས་ཆེ་རུ་ནུས་ལྡན་འགྲོ་རྒྱུ་དང་། ས་ཁོངས་ཕན་ཚུན་སྦྲེལ་མཐུད་དང་དཔལ་འབྱོར་གཞི་གཅིག་ཅན་གྱི་འཕེལ་རིམ་ལ་སྐུལ་འདེད་ཐུབ་རྒྱུ་མ་ཟད། ཨེ་ཤེ་ཡའི་འཕེལ་རྒྱས་འགྲོ་བཞིན་པའི་ཁོངས་མིའི་རྒྱལ་ཁབ་ཀྱི་མ་འཇོག་ཁོར་ཡུག་ལེགས་སུ་འགྲོ་རྒྱུར་ཡང་ཕན་པ་ཐོབ་ནས་ལས་ཞུགས་གོ་སྐབས་གསར་གཏོད་དང་དུས་ཡུན་རིང་འབྲིང་གི་འཕེལ་རྒྱས་ཀྱི་གཏིང་ཤུགས་ཆེ་རུ་ཕྱིན་ཏེ་ཨེ་ཤེ་ཡ་ཙམ་མ་ཟད། ཐ་ན་འཛམ་གླིང་གི་དཔལ་འབྱོར་འཕར་རྒྱུར་དགེ་མཚན་ལྡན་པའི་ཕན་འབྲས་བཟང་པོ་ཐོན་རྒྱུ་རེད། ཨེ་ཤེ་ཡ་མ་འཇོག་དངུལ་ཁང་བཙུགས་ཤིང་ལས་གཉེར་བྱེད་འགོ་ཚུགས་པ་དེ་གོ་ལ་ཧྲིལ་པོའི་དཔལ་འབྱོར་བཅོས་སྒྲིག་མ་ལག་སྒྱུར་བཅོས་དང་འཐུས་ཚང་དུ་གཏོང་བའི་ངོས་ནས་བརྗོད་ན་དོན་སྙིང་གལ་ཆེན་ལྡན་པ་དང་། འཛམ་གླིང་དཔལ་འབྱོར་གྱི་རྣམ་པ་ལེགས་སྒྲིག་དང་འགྱུར་ལྡོག་འགྲོ་ཕྱོགས་དང་མཐུན་ནས་གོ་ལ་ཧྲིལ་པོའི་དཔལ་འབྱོར་བཅོས་སྒྲིག་མ་ལག་དེ་བས་གཞུང་དྲང་དང་། དེ་བས་ལུགས་མཐུན། དེ་བས་ནུས་ལྡན་བཅས་ཀྱི་ཕྱོགས་སུ་འཕེལ་རྒྱས་འགྲོ་རྒྱུར་ཕན་ཐོགས་ཡོད། ཁོངས་མིའི་རྒྱལ་ཁབ་ཁག་གིས་མཐུན་སྒྲིལ་མཉམ་ལས་ཀྱི་སྙིང་སྟོབས་ཐོག་ནས་མ་འཇོག་བྱ་ཤུགས་ཆེ་རུ་ཧུར་ཐག་གཏོང་བ་དང་། ཨེ་ཤེ་ཡ་མ་འཇོག་དངུལ་ཁང་སྔ་ཙམ་ལས་གཉེར་བྱེད་འགོ་འཛུགས་རྒྱུར་སྐུལ་འདེད་གཏོང་བ། སྔ་ཙམ་རྒྱ་སྟོབས་ཆེ་རུ་གཏོང་བ། ཕྱོགས་མང་གསར་སྤེལ་དངུལ་ཁང་གི་སྤྱི་ཡོངས་ཀྱི་སྟོབས་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ནས་རྒྱལ་སྤྱིའི་འཕེལ་རྒྱས་བྱ་གཞག་ཆེད་ལེགས་སྐྱེས་དེ་བས་ཆེ་བ་འབུལ་དགོས།
        ཞིས་ཅིན་ཕིང་གིས་བསྟན་དོན། ཨེ་ཤེ་ཡ་མ་འཇོག་དངུལ་ཁང་གིས་སྒོ་དབྱེའི་ས་ཁོངས་ལམ་ལུགས་ལག་ལེན་བསྟར་ནས་ད་ཡོད་ཀྱི་ཕྱོགས་མང་གསར་སྤེལ་དངུལ་ཁང་དབར་ཕན་ཚུན་གསབ་རེས་བྱེད་པ་དང་། དེའི་ལེགས་ཆ་དང་ཁྱད་ལྡན་ལ་བརྟེན་ནས་ད་ཡོད་ཀྱི་ཕྱོགས་མང་མ་ལག་ལ་གསོན་ཤུགས་གསར་པ་སྣོན་པ། ཕྱོགས་མང་སྒྲིག་གཞི་མཉམ་དུ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ནས་གཉིས་ཁེ་གཉིས་ཕན་དང་ཆེད་ལས་ནུས་ཆེའི་རྨང་གཞིའི་སྒྲིག་བཀོད་ཀྱི་མ་འཇོག་དང་མ་དངུལ་བསྡུ་སྒྲིལ་གྱི་ལས་སྟེགས་ཤིག་ཏུ་ཧུར་ཐག་འགྱུར་བ་བྱེད་དགོས། ཨེ་ཤེ་ཡ་རྨང་གཞིའི་སྒྲིག་བཀོད་ལ་མ་དངུལ་བསྡུ་སྒྲིལ་གྱི་དགོས་མཁོ་ཆེན་པོ་ཡོད་པས་སྒྲིག་གཞི་གསར་རྙིང་གིས་ཐབས་ལམ་སྣ་མང་ཐོག་ནས་མཉམ་ལས་དང་འགྲན་རྩོད་ཡག་པོ་བྱེད་པ་དང་། ཕྱོགས་མང་གསར་སྤེལ་སྒྲིག་གཞིས་ཨེ་ཤེ་ཡའི་རྨང་གཞིའི་སྒྲིག་བཀོད་ཕན་ཚུན་སྦྲེལ་མཐུད་དང་དཔལ་འབྱོར་རྒྱུན་མཐུད་འཕེལ་རྒྱས་ཡོང་རྒྱུར་ལེགས་སྐྱེས་འབུལ་ཚད་མཐོ་རུ་གཏོང་དགོས། རྒྱལ་སྤྱིའི་འཕེལ་རྒྱས་ཁྱབ་ཁོངས་ཀྱི་འཕེལ་ཕྱོགས་གསར་པ་དང་འཕེལ་རྒྱས་འགྲོ་བཞིན་པའི་ཁོངས་མིའི་རྒྱལ་ཁབ་ཀྱི་སྣ་མང་ཅན་གྱི་དགོས་མཁོ་དང་ཟུང་འབྲེལ་བྱས་ནས་ལས་སྒོ་སྤེལ་སྟངས་དང་མ་དངུལ་བསྡུ་སྒྲིལ་གྱི་བྱེད་ཐབས་གསར་གཏོད་བྱས་ཏེ་ཁོངས་མིའི་རྒྱལ་ཁབ་ཀྱིས་སྤུས་ཚད་མཐོ་བ་དང་མ་གནས་དམའ་བའི་རྨང་གཞིའི་སྒྲིག་བཀོད་ཀྱི་རྣམ་གྲངས་དེ་བས་མང་བ་གསར་སྤེལ་བྱ་རྒྱུར་རོགས་རམ་བྱས་ཐོག་དེ་ཉིད་ལྷོ་ལྷོ་མཉམ་ལས་དང་ལྷོ་བྱང་མཉམ་ལས་ཀྱི་འབྲེལ་ཟམ་དང་འབྲེལ་ཐག་ཏུ་འགྱུར་བ་བྱེད་དགོས། ཕྱོགས་མང་གསར་སྤེལ་དངུལ་ཁང་གི་རྣམ་པ་དང་རྩ་དོན་གཞིར་བཟུང་གཉེར་སྐྱོང་བྱེད་དགོས་པ་དང་འབྲེལ་ད་ཡོད་ཀྱི་ཕྱོགས་མང་གསར་སྤེལ་དངུལ་ཁང་གི་ཉམས་མྱོང་དང་བྱེད་ཐབས་བཟང་པོ་དཔྱད་གཞིའི་མེ་ལོང་དུ་འཛིན་ནས་སྐྱོན་སྤངས་དགེ་སྒྲུབ་དང་འགོ་འཛུགས་ས་མཐོ་བའི་ངང་གཉེར་སྐྱོང་བྱེད་དགོས།
ཞིས་ཅིན་ཕིང་གིས་བསྟན་དོན། ༢༠༡༦ལོ་ནི་ཀྲུང་གོའི“ལོ་ལྔ་ཚན་བཅུ་གསུམ་པ”འགོ་འཛུགས་པའི་ལོ་ཞིག་ཡིན་པས་ཀྲུང་གོར་དཔལ་འབྱོར་རྒྱུན་མཐུད་དང་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུ་རྒྱུན་འཁྱོངས་ཐུབ་པའི་ཡིད་ཆེས་དང་འཇོན་ཐང་ཡོད་སྟབས་ཨེ་ཤེ་ཡ་དང་འཛམ་གླིང་རྒྱལ་ཁབ་ཁག་ལ་གོ་སྐབས་དེ་བས་མང་བ་དང་བདེ་སྐྱིད་དེ་བས་མང་བ་བསྐྲུན་རྒྱུ་རེད། ཀྲུང་གོས་སྔ་བར་ཕྱི་གསུམ་དུ་གོ་ལ་ཧྲིལ་པོའི་འཕེལ་རྒྱས་ཐད་ལེགས་སྐྱེས་འབུལ་མཁན་ཞིག་བྱས་ནས་གཉིས་ཁེ་གཉིས་ཕན་གྱི་སྒོ་དབྱེའི་འཐབ་ཇུས་ལག་ལེན་བསྟར་རྒྱུ་མཐའ་འཁྱོངས་བྱ་རྒྱུ་ཡིན། ཀྲུང་གོས་ཕྱོགས་ཁག་དང་མཉམ་དུ་ཨེ་ཤེ་ཡ་མ་འཇོག་དངུལ་ཁང་སྔ་ཙམ་འཁོར་སྐྱོད་ཐུབ་པ་དང་ནུས་པ་འདོན་རྒྱུར་སྐུལ་འདེད་གཏོང་འདོད་ཡོད། ང་ཚོས་ཨེ་ཤེ་ཡ་མ་འཇོག་དངུལ་ཁང་ཚུད་པའི་རྒྱལ་སྤྱིའི་དངུལ་རྩའི་སྒྲིག་གཞི་གསར་རྙིང་ཚང་མ་མུ་མཐུད“རྒྱུད་གཅིག་ལམ་གཅིག”འཛུགས་སྐྲུན་ནང་ཞུགས་རྒྱུར་དགའ་བསུ་ཞུ་རྒྱུ་ཡིན།
        མཇུག་ཏུ་ཞིས་ཅིན་ཕིང་གིས་ཨེ་ཤེ་ཡ་མ་འཇོག་དངུལ་ཁང་ནི་ཁོངས་མིའི་རྒྱལ་ཁབ་ཁག་གི་ཨེ་ཤེ་ཡ་མ་འཇོག་དངུལ་ཁང་ཞིག་ཡིན་ལ་ས་ཁུལ་དང་འཛམ་གླིང་མཉམ་དུ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བའི་ཨེ་ཤེ་ཡ་མ་འཇོག་དངུལ་ཁང་ཞིག་ཀྱང་ཡིན། ཁོངས་མིའི་རྒྱལ་ཁབ་ཁག་གིས་ལག་གདང་སྦྲེལ་ཏེ་འབད་བརྩོན་བྱས་ཚེ་ཨེ་ཤེ་ཡ་མ་འཇོག་དངུལ་ཁང་དེ་ཉིད་ཆེད་ལས་དང་། ནུས་ཆེ། སྤྱོད་གཙང་བཅས་ཀྱི་དུས་རབས་༢༡པའི་ཕྱོགས་མང་གསར་སྤེལ་དངུལ་ཁང་གསར་པ་ཞིག་དང་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་པའི་ལས་སྟེགས་གསར་པ་ཞིག་ཏུ་གྱུར་ནས་ཨེ་ཤེ་ཡ་དང་འཛམ་གླིང་གི་འཕེལ་རྒྱས་དང་དར་རྒྱས་ཡོང་ཆེད་ལེགས་སྐྱེས་གསར་པ་འབུལ་བ་དང་གོ་ལ་ཧྲིལ་པོའི་དཔལ་འབྱོར་བཅོས་སྒྲིག་ཆེད་སྟོབས་ཤུགས་གསར་པ་སྣོན་རྒྱུར་ང་ཚོས་རེ་སྒུག་བྱེད་ཀྱི་ཡོད་ལ་ཡིད་ཆེས་ཀྱང་བརྟན་པོ་ཡོད་ཅེས་གསུངས་པ་རེད།
        ཨེ་ཤེ་ཡ་མ་འཇོག་དངུལ་ཁང་གི་སྲོལ་གཏོད་ཁོངས་མིའི་རྒྱལ་ཁབ་༥༧གྱི་འཐུས་མི་ཚོགས་པའི་ཚོགས་གཙོས་མཉམ་དུ་ཨེ་ཤེ་ཡ་མ་འཇོག་དངུལ་ཁང་ལས་གཉེར་བྱེད་འགོ་ཚུགས་པའི་ཐེབས་བཀྱག་མནན་རྗེས་ཞིས་ཅིན་ཕིང་གིས་ཨེ་ཤེ་ཡ་མ་འཇོག་དངུལ་ཁང་གི་མཚོན་རྟགས་དངོས་པོ“རྡོ་གསེར་སྒྱུར”གྱི་ཡོལ་ཁེབས་ཕྱེ་གནང་བ་རེད། མཚོན་རྟགས་དངོས་པོ་དེ་ཐོག་ནས་ཨེ་ཤེ་ཡ་མ་འཇོག་དངུལ་ཁང་གིས་རྡོ་གསེར་སྒྱུར་གྱི་ངོ་མཚར་བྱས་རྗེས་རྫོགས་མཐའ་མེད་པ་གཏོད་དེ་ཨེ་ཤེ་ཡ་ཙམ་མ་ཟད། ཐ་ན་འཛམ་གླིང་དཔལ་འབྱོར་རྒྱུན་མཐུད་འཕེལ་རྒྱས་ཡོང་རྒྱུར་སྐུལ་འདེད་གཏོང་རྒྱུར་ཁོངས་མིའི་རྒྱལ་ཁབ་ཁག་གིས་རེ་བ་བྱེད་ཀྱི་ཡོད་པ་མཚོན་གྱི་ཡོད་པ་རེད།
        ཁ་བྱང་ཕྱི་མོ། ཞིས་ཅིན་ཕིང་ཨེ་ཤེ་ཡ་རྨང་གཞིའི་སྒྲིག་བཀོད་མ་འཇོག་དངུལ་ཁང་གི་ལས་གཉེར་བྱེད་འགོ་ཚུགས་པའི་མཛད་སྒོར་ཕེབས་པ་དང་འབྲེལ་ཤིས་ཚིག་ཀྱང་གསུངས་པ།
འབྲེལ་ཡོད་རྩོམ་ཡིག