ཤིན་ཧྭ་དྲ་བའི་གསར་འགྱུར། སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས་སྤྱི་ཚེས་༢ཉིན་ཅང་ཤི་རུ་ཕེབས་ཏེ་རྒྱ་ཆེའི་ལས་བྱེད་དང་མང་ཚོགས་ལ་འཚམས་འདྲི་ཞུས་གནང་ནས། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་དཔྱིད་གསར་དུས་ཆེན་གྱི་བཀྲ་ཤིས་སྨོན་འདུན་གསུངས་ཡོད། ན་ནིང་གི་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས། ཞིས་ཅིན་ཕིང་གིས་ཅང་ཤི་འཐུས་མི་ཚོགས་པའི་གྲོས་ཞིབ་ནང་བཞུགས་པ་དང་། འཐུས་མི་རྣམས་ཀྱིས་ཁོང་གདན་ཞུ་གནང་ཡོད། ད་རེས་སྤྱི་ཁྱབ་ཧྲུའུ་ཅིས་ཞལ་ཆད་ལྟར་འཚམས་འདྲིར་ཕེབས་པ་དང་། ཕེབས་སའི་ས་ཚིགས་དང་པོ་ཇིང་ཀང་ཧྲན་ཡིན་པ་རེད། དེ་ནི་སྤྱི་ཁྱབ་ཧྲུའུ་ཅིས་སྤྱི་ལོ་2006དང་། སྤྱི་ལོ་2008ལོའི་རྗེས་སུ་ཇིང་ཀང་ཧྲན་དུ་ཕེབས་ཐེངས་གསུམ་པ་ཡིན་པ་རེད།
ཅིན་ཀང་ཧྲན་གྱི་གསར་བརྗེའི་སྔོན་བཤེགས་དཔའ་བོའི་བང་སོའི་སྐྱེད་ཚལ་ནི། དྲན་གསོའི་རྡོ་རིང་དང་། དྲན་གསོའི་ཚོམས་ཆེན། འཇིམ་སྐུའི་གླིང་། རྡོ་རིང་ཚལ་བཅས་ལས་སྒྲུབ་ཡོད། དྲན་གསོའི་ཚོམས་ཆེན་ནང་བཤམས་སྟོན་ཁང་དང་། ཐུགས་གསོའི་ཀ་ཕིབས། ལྷག་བསམ་ཚོགས་ཁང་བཅས་བཀོད་སྒྲིག་བྱས་ཡོད། ཇིང་ཀང་ཧྲན་གྱི་འཐབ་རྩོད་རིང་གསར་བརྗེའི་དཔའ་བོ་4.8གཟི་བརྗིད་ལྡན་པའི་སྒོ་ནས་སྐུ་བཤེགས་པ་དང་། ཐུགས་གསོའི་ཀ་ཕིབས་ཀྱི་རྡོ་རིང་ཐོག་དབའ་བོ་15744མཚན་བརྐོས་ཡོད། མིང་མེད་དཔའ་བོ་ཁྲི་3ལ་རྗེས་དྲན་ཞུ་ཆེད། ཚོམས་ཆེན་ནང་དམིགས་སུ་མིང་མེད་རྡོ་རིང་བཀོད་སྒྲིག་བྱས་ཡོད།
ཞིས་ཅིན་ཕིང་གིས་འདས་ཆོས་མེ་ཏོག་འབུལ་བཞིན་པ།
ཞིས་ཅིན་ཕིང་གིས་མའོ་ཕིང་ཟུར་བརྒྱད་ཐོག་ཁང་གི་གསར་བརྗེའི་གནས་ས་རྙིང་པར་ཕེབས་སྐབས། ས་ཆ་དེ་ནི་ཁོང་གི་བློ་ཁ་ཕྱོགས་ས་ཞིག་ཡིན་པ་དང་། ང་ཚོས་ཟུར་བརྒྱད་ཐོག་ཁང་གི་གློག་འོད་ཞེས་པའི་གླུ་གཞས་ལེན་ཡོང་ཡོད་ཅེས་གསུངས་པ་དང་། ཧྥོང་ཧྲེ་ནས་ཀྲུང་གུང་ཤང་ཀན་ས་མཚམས་ཀྱི་སྐབས་དང་པོའི་འཐུས་མི་ཚོགས་ཆེན་འཚོགས་སའི་ཚོགས་རྭ་རྙིང་པ་དང་། མའོ་ཙེ་ཏུང་དང་། ཀྲུའུ་ཏེ་ཡི་བཞུགས་གནས། དམག་མིའི་ཨུ་ཡོན་ལྷན་ཁང་གི་བཞུགས་གནས་རྙིང་པ་བཅས་ལ་རིམ་པ་བཞིན་ནན་ཏན་སྒོ་ནས་གཟིགས་པ་དང་། བཀའ་འདྲི་མང་པོ་གནང་སྟེ་གནས་ཚུལ་ཤེས་རྟོགས་མཛད་ཡོད། མའོ་ཙེ་ཏུང་བཞུགས་གནས་ནང་ངོས་ཀྱི་སྒྲོག་རྩེ་དང་། གཟིམ་ཁྲི། གསོལ་བཀྱག་ཚང་མ་ཐོག་མའི་དངོས་པོ་ཤ་སྟག་ཡིན་པ་མཁྱེན་དུས། ཉར་ཚགས་ཡག་པོ་བྱ་དགོས་པའི་དྲན་སྐུལ་གནང་ཡོད།
ཞིས་ཅིན་ཕིང་གིས་མང་ཚོགས་ལ་གཟིགས་བཞིན་པ།
ཟུར་བརྒྱད་ཐོག་ཁང་གི་གསར་བརྗེའི་བཞུགས་གནས་རྙིང་པར། ཞིས་ཅིན་ཕིང་གིས་རྒྱལ་ཡོངས་ཀུན་སྤྱོད་དཔེ་བཟང་གུང་ཆོན་ཀྲེན་དང་། མའོ་བིང་ཧྭ་དང་མཉམ་དུ་མེ་ཐབ་འཁྲིས་སུ་བཞུགས་ནས། ཁོང་རྣམ་པར་དཔྱིད་གསར་དུས་ཆེན་གྱི་སྨོན་ཚིག་གསུངས་བ།
ཞིས་ཅིན་ཕིང་གིས། རླབས་ཆེན་གྱི་ཕུགས་བསམ་དང་དད་སེམས་ལ་ཁུངས་བཙན་པའི་རིག་པའི་གཞུང་ལུགས་ཀྱི་རྨང་གཞི་དགོས་པ་དང་། ཇིང་ཀང་ཧྲན་གྱི་འགྲོ་ལམ་ནི་མ་ཁེ་སི་རིང་ལུགས་ཀྲུང་གོ་ཅན་དུ་འགྱུར་བའི་གལ་ཆེའི་བྱ་བ་ཞིག་ཡིན། ཀྲུང་གོའི་གསར་བརྗེའི་ལམ་བུ་གནས་འདི་ནས་ལེགས་སྒྲུབ་ལྡན་པའི་ཕྱོགས་སུ་སྐྱོད་པ་ཞིག་ཡིན་པ་དང་། ལེ་བར་ཁྲི་ལ་བསྐྱོད་རྒྱུར། ཐོག་མའི་དམིགས་ཡུལ་བརྗེད་མི་རུང་བས། ཇིང་ཀང་ཧྲན་གྱི་གསར་བརྗེའི་རིག་པའི་གཞུང་ལུགས་སློབ་གསོ་རྒྱུན་འཁྱོངས་བྱ་དགོས་པ་དང་། ཁྱེད་རྣམ་པས་མུ་མཐུད་འབད་བརྩོན་གནང་རྒྱུའི་རེ་བ་ཡོད་ཅེས་གསུངས་ཡོད།
ཞིས་ཅིན་ཕིང་གིས་གུང་ཆོན་ཀྲེན་དང་། མའོ་བིང་ཧྭ་དང་ཞལ་གྱེས་ཞུ་བཞིན་པ།
ཉིན་ཤས་བསྟུན་མར་གངས་མ་ཆར་འབབ་པའི་རྐྱེན་གྱིས། ཇིང་ཀང་ཧྲན་གྱི་དགུན་དུས་ལམ་བུ་འདམ་འདྲེད་ཀྱིས་ཁེངས་ཡོད། ཞིས་ཅིན་ཕིང་གིས་རླངས་འཁོར་ནང་བཞུགས་ཏེ་ཧོང་ཡང་ཅད་རི་གཤམ་གྱི་མའོ་ཕིང་ཤང་ཧྲེན་ཧྲན་གྲོང་ཚོར་ཕེབས་ཡོད། གྲོང་ཚོ་ཆུང་ཆུང་དེའི་ཁྱིམ་ཚང་མི་རེ་ངོ་རེའི་སྒོའི་གཡས་གཡོན་དུ་དཔྱིད་གསར་དུས་ཆེན་གྱི་སྨོན་ཚིག་སྦྱར་ཡོད་པ་དང་། བཀྲ་ཤིས་པའི་རྣམ་པས་ཁེངས་ཡོད།
ཞིས་ཅིན་ཕིང་གིས་གྲོང་ཚོའི་ཏང་ཀྲེ་པུའུ་རུ་ཕེབས་ཏེ་གཞི་རིམ་རྩ་འཛུགས་འཛུགས་སྐྱོང་དང་ཚད་རན་པའི་དབུལ་སྐྱོར་བྱེད་པའི་གནས་ཚུལ་ལ་རྒྱུས་མངའ་གནང་བ་དང་། རྩིས་ཐོ་དང་གྲོང་ཚོའི་སྒྱུར་བཅོས་ཀྱི་ཇུས་འགོད་རི་མོར་ནན་ཏན་སྒོ་ནས་གཟིགས་པ་དང་། དེའི་སྐོར་ལ་བཀའ་འདྲི་ཡང་ཡང་གནང་ཡོད།
དམར་དམག་སྔོན་བཤེགས་དཔའ་བོའི་རྗེས་རབས་པ་ཛོའོ་ཤིའུ་ཧྥ་ཡི་ཁྱིམ་དུ་ལོ་གསར་གྱི་ཉེར་མཁོ་གྲ་སྒྲིག་བྱེད་བཞིན་ཡོད་པ་དང་། ཞིས་ཅིན་ཕིང་གི་ཁྱིམ་ཚང་དེའི་སྒོའི་མདུན་དུ་ཕེབས་ནས། གྲོང་མི་དང་ལྷན་དུ་འབྲས་བཙོས་མར་དབྱུག་པ་གཞུ་རོགས་གནང་ཡོད། ཛོའོ་ཤིའུ་ཧྥ་ཁྱིམ་ཀྱིས་སྨྱུག་མའི་ཐོན་རྫས་ལས་སྣོན་དང་། ཉ་ཁྱེའུ་གསོ་ཚགས་བྱེད་པ་སོགས་ལ་གཟིགས་པ་དང་། ཕྱི་ལོ་ཁང་པ་གསར་པ་རྒྱག་རྒྱུ་ཡིན་པ་མཁྱེན་རྗེས་སྤྱི་ཁྱབ་ཧྲུའུ་ཅིས་དགའ་ཚོར་ཆེན་པོས་མང་མི་རྣམས་སྔ་ཙམ་ཁང་པ་གསར་པའི་ནང་སྤོ་ཐུབ་པ་དང་། འཚོ་བ་ཉིན་རེ་བཞིན་སྐྱིད་དུ་འགྲོ་བའི་ཐུགས་རེ་གནང་བ་དང་། ཚ་བོ་རྣམས་ལ་སློབ་སྦྱོང་ཡག་པོ་བྱ་དགོས་པའི་མངགས་བཅོལ་གནང་ཡོད།
དབུལ་ཕོངས་དུད་ཁྱིམ་ཀྲང་ཁྲེང་དེའི་ཁྱིམ་དུ། ཞིས་ཅིན་ཕིང་གིས་ཐབ་ཚང་ནང་ཕེབས་པ་དང་། ཉལ་ཁང་ལ་གཟིགས་ནས། ཐོན་སྐྱེད་འཚོ་བའི་གནས་ཚུལ་བཀའ་འདྲི་གནང་བ་ཟད། ད་དུང་ལུག་ཚང་དང་། ཉ་ཁྱེའུ་གསོ་ཚགས་རྫིང་བུ། གསང་སྤྱོད་བཅས་ལ་གཟིགས་སྐོར་གནང་ཡོད། ཀྲང་ཁྲེང་དེ་བཟའ་ཚོ་གཉིས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅིའི་ཕྱག་ནས་འཇུས་ཏེ། ཁྱེད་རང་གིས་ང་ཚོར་གཟིགས་པར་ཕེབས་པར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཁྱེད་རང་རྒྱལ་ཁབ་ཀྱི་བདག་པོ་རེད་ཅེས་ཤོད་སྐབས། སྤྱི་ཁྱབ་ཧྲུའུ་ཅིས་བཀའ་མོལ་མཐུད་ནས་མི་དམངས་ནི་རྒྱལ་ཁབ་ཀྱི་བདག་པོ་ཡིན་པ་དང་། ང་ཚོ་ནི་མི་དམངས་ཀྱི་ཞབས་འདེགས་པ་ཡིན་པས། ཁྱེད་རྣམ་པའི་ཆེད་བྱ་བ་སྒྲུབ་མཁན་རེད་ཅེས་གསུངས་ཡོད།
དབུལ་ཕོངས་དུད་ཁྱིམ་ཀྲང་ཁྲེང་དེ་ལ་གཟིགས་པར་ཕེབས་པ།
དབུལ་ཕོངས་དུད་ཁྱིམ་ཀྲང་ཁྲེང་དེ་ལ་གཟིགས་པར་ཕེབས་པ།
གྲོང་ཚོའི་ལམ་བུའི་གཡས་གཡོན་དུ་མི་ཚོགས་ཀྱིས་ཁེངས་ཡོད། ཞིས་ཅིན་ཕིང་གིས་ཚང་མར་ལོ་གསར་གྱི་འཚམས་འདྲི་གསུངས་པ་དང་། བརྩེ་བ་ཟབ་མོས་ཕྱག་བཏང་ཡོད། ཁོང་གིས། ངས་ཇིང་ཀང་ཧྲན་ལ་བརྩེ་བ་ཟབ་མོ་བཅངས་ཡོད། ད་རེས་ནི་ང་ཡོངས་ཐེངས་གསུམ་པ་ཡིན། ངས་གསར་བརྗེའི་གནས་མཆོག་མཇལ་བ་དང་། སུའུ་ཝེ་ཨའེ་ས་ཁུལ་གྱི་མི་དམངས་ལ་འཚམས་འདྲི་ཞུ་ཆེད་ཡོང་བ་ཞིག་ཡིན་པས། གསར་བརྗེའི་རྟེན་གཞི་རྙིང་པའི་ཁུལ་གྱི་མི་དམངས་རྣམས་ཀྱི་འཚོ་བ་ཉིན་རེ་བཞིན་ལེགས་སུ་འགྲོ་རྒྱུའི་སྨོན་འདུན་ཞུ་རྒྱུ་ཡིན་ཞེས་གསུངས་པ་དང་། ཞལ་མ་གྱེས་གོང་། ཞིས་ཅིན་ཕིང་གིས་སླར་ཡང་གྲོང་མི་རྣམས་ལ། ཧྲེན་ཧྲན་གྲོང་ཚོའི་གྲོང་མིའི་འཚོ་བ་བདེ་སྐྱིད་ལྡན་པ་དང་། རྒན་རྒོན་སྐུ་ཚེ་བརྟན་པ། ལོ་ཆུང་འཚར་ལོངས་ཡག་པོ་ཡོང་བ། རྣམ་པ་ལྷན་རྒྱས་སྤྲེལ་ལོར་བཀྲ་ཤིས་བདེ་ལེགས་ཡོང་བ་བཅས་ཀྱི་སྨོན་འདུན་ཞུ་རྒྱུ་ཡིན་ཞེས་གསུངས་ཡོད།
ཞིས་ཅིན་ཕིང་གིས་ཚང་མར་ལོ་གསར་གྱི་འཚམས་འདྲི་གསུངས་པ་དང་། བརྩེ་བ་ཟབ་མོས་ཕྱག་བཏང་གནང་བཞིན་པ།
ཞིས་ཅིན་ཕིང་གིས་ཚང་མར་ལོ་གསར་གྱི་འཚམས་འདྲི་གསུངས་པ་དང་། བརྩེ་བ་ཟབ་མོས་ཕྱག་བཏང་གནང་བཞིན་པ།
ཞིས་ཅིན་ཕིང་གིས་ཚང་མར་ལོ་གསར་གྱི་འཚམས་འདྲི་གསུངས་པ་དང་། བརྩེ་བ་ཟབ་མོས་ཕྱག་བཏང་གནང་བཞིན་པ།