ཀྲུང་གོའི་བོད་ལྗོངས་དྲ་བ།>གསར་འགྱུར།

མི་རྣམས་ཀྱིས་དོ་ཁུར་ཆེན་པོ་བྱེད་པའི ༢༠༡༤ ལོའི་འཛམ་གླིང་དུས་བབ་ཀྱི་བརྡ་ཆད་གཙོ་བོ་བཅུ།

2014-12-17 པ་ཚེ།
  ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ ༡༢ ཚེས ༡༤ ཉིན་དམིགས་བསལ་གློག་འཕྲིན་འབྱོར་གསལ། ༢༠༡༤ ལོར་རྒྱལ་སྤྱིའི་སྤྱི་ཚོགས་ལ་རིམ་གྱིས་འཕོ་འགྱུར་འགྲོ་བ་དང་འཛམ་གླིང་དུས་བབ་ལ་འགྱུར་ལྡོག་ཆེན་པོ་ཕྱིན་ཏེ་སྐྱོ་སྣང་དང་དགའ་སྤྲོ་ཟུང་དུ་འབྲེལ་བ་དང་བློ་ཕམ་དང་རེ་བ་མཉམ་དུ་གནས་ནས་ཡོད། གོ་དོན་ཟབ་པའི་བརྡ་ཆད་གཙོ་བོ་བཅུ་ཡིས་འཛམ་གླིང་གི་འཕེལ་ཕྱོགས་ལ་འགྱུར་ལྡོག་འགྲོ་ཚུལ་ཟིན་བྲིས་བཀོད་ཡོད་ལ་འཕོ་འགྱུར་ཇི་འདྲ་བྱུང་ཚུལ་ཐད་ཕྱོགས་སྡོམ་ཡང་བྱས་ཡོད་པས་བསམ་གཞིག་བྱེད་པའི་ཁྲོད་དུ་བློ་སྒོ་འབྱེད་ཐུབ་པ་དང་ཕྱིར་དྲན་བྱེད་པའི་ཁྲོད་འབྱུང་འགྱུར་སྟངས་འཛིན་ཐུབ་ཀྱི་ཡོད།
  【ཡུག་རེན་གྱི་ཉམས་ཉེན】
  དཔྱད་བརྗོད། ཡུག་རེན་ནི་རྒྱལ་ཁབ་དེའི་ནང་ཁུལ་གྱི་ཆབ་སྲིད་སྟོབས་ཤུགས་འགྲན་ཡུལ་ཞིག་ཡིན་ལ་སྟོབས་ཆེའི་རྒྱལ་ཁབ་ཀྱི་སྟོབས་ཤུགས་འགྲན་རྩོད་ཀྱི་འཐབ་ས་མདུན་མ་ཞིག་དེ་བས་ཡིན་ཞིང་།བཅད་བཟུང་དང་བཅད་བཟུང་ལ་ངོ་རྒོལ་དང་། བཀག་སྡོམ་དང་བཀག་སྡོམ་ལ་ངོ་རྒོལ་བཅས་ཀྱིས་མཐར“ས་ཁམས་ཆབ་སྲིད་འཁོར་མདའ”ཞེས་འབོད་པའི་ཡུག་རེན་ཟང་ཟིང་དུ་གྱུར་ཡོད།
  【མ་ལེ་ཞི་ཡའི་མཁའ་འགྲུལ】
  དཔྱད་བརྗོད། འདི་ལོའི་ཟླ ༣ ཚེས ༨ ཉིན་མ་ལེ་ཞི་ཡའི་དུས་གཏན་མཁའ་འགྲུལ་གནམ་གྲུ་༧༠༣མ་ལེ་ཞི་ཡ་ནས་ཀྲུང་གོར་འཕུར་བའི་ལམ་བར་དུ་འབྲེལ་བ་ཆད་ཡོད། ཐེ་ལེན་མཚོ་ཁུག་དང་ལྷོ་མཚོ་ནས་ཧིན་རྡུ་རྒྱ་མཚོ་ཆེ་མོའི་བར་རྒྱལ་ཁབ ༢༦ གིས་སྔར་བྱུང་མྱོང་མེད་པའི་ཐོག་ནས་འཚོལ་བཤེར་ཆེ་མོ་བྱས་ཀྱང་དུས་ད་ཆའི་བར་བཙལ་རྙེད་ཐུབ་མེད། ཟླ ༧ ཚེས ༡༧ ཉིན་མ་ལེ་ཞི་ཡའི་དུས་གཏན་མཁའ་འགྲུལ་གནམ་གྲུ ༡༧ ཡུག་རེན་གྱི་མཐའ་མཚམས་ས་ཁུལ་དུ་ལྷུངས་ནས་གནམ་གྲུའི་ཐོག་གི་མི་ཚང་མ་རྐྱེན་ལམ་དུ་ཤོར། དུས་གཏན་གནམ་གྲུ་ཇི་ལྟར་ལྷུངས་བའི་ཐད་ཤོད་སྟངས་མི་འདྲ་བ་མང་པོ་ཡོད་པ་དང་དོགས་གཞི་ཆེན་པོ་ཡོད་པའི་བྱ་བ་ཞིག་ཏུ་གྱུར།
  【“དབྱི་སི་ལན་རྒྱལ་ཁབ”】
  དཔྱད་བརྗོད།“དབྱི་སི་ལན་རྒྱལ་ཁབ”ཐལ་སྐྱོད་རྩ་འཛུགས་དེ་གཙོ་བོ་དབུས་ཤར་ས་ཁུལ་དུས་ཡུན་རིང་པོ་ཟང་ཟིང་བྱུང་བ་དང་དེ་བཞིན་ཆོས་ལུགས་གྲུབ་མཐའ་མི་འདྲ་བ་དང་ཁེ་ཕན་ཚོགས་པ་མི་འདྲ་བའི་དབར་འཁོན་འཛིན་བྱུང་བ་ལས་ཐོན་པ་ཞིག་ཡིན་པ་མ་ཟད། ཨ་རིས་དབུས་ཤར་ས་ཁུལ་དུ་འཛིན་པའི་སྲིད་ཇུས་དང་ཡང་འབྲེལ་བ་ཟབ་མོ་ཡོད། རང་ངོས་ཀྱི་འཐབ་ཇུས་ཁེ་ཕན་སྲུང་རྒྱུར་བསམ་གཞིག་བྱེད་ཆེད་ཨ་རིས“རྒྱལ་སྤྱིའི་མནའ་འབྲེལ”བཙུགས་ནས་དེའི་འགོག་རྒོལ་མནན་ཡོད།
  【ཨུ་རུ་སུ་དང་ཨ་རིའི་དབར་གྱི་འཁྲུག་རྩོད】
  དཔྱད་བརྗོད། དུས་ཡུན་རིང་པོ་མ་འགོར་བར་ཕྱོགས་གཉིས་པོའི་འབྲེལ་བ་ཡག་ཏུ་འགྲོ་འགོ་ཚུགས་ཤིང་། འཇིགས་སྐུལ་ལ་ངོ་རྒོལ་དང་སི་རི་ཡའི་རྫས་འགྱུར་མཚོན་ཆའི་ཉམས་ཉེན་ཐོག་འགལ་ཟླ་བསལ་ནས་མཉམ་ལས་བྱས་ཡོད། ཡུག་རེན་གྱི་ཉམས་ཉེན་དེ་ཕྱོགས་གཉིས་པོའི་འབྲེལ་བའི་དབྱེ་མཚམས་སུ་གྱུར་བ་དང་། བཀག་སྡོམ་དང་བཀག་སྡོམ་ལ་ངོ་རྒོལ་དང་བཀག་འགོག་དང་བཀག་འགོག་ལ་ངོ་རྒོལ་བྱ་རྒྱུ་དེ་ནང་དོན་གཙོ་བོར་གྱུར་ཡོད།
  【དབྱི་རན་གྱི་ཉིང་རྡུལ་གྲོས་མོལ】
  དཔྱད་བརྗོད། གྲོས་མོལ་གཙོ་བོའི་ཐད་མཐུན་ཆ་ཆེན་པོ་མེད་པའི་དབང་གིས་དེ་སྔ་གཏན་འཁེལ་བྱས་པའི་ཟླ ༧ ཚེས ༢༠ ཉིན་གོང་ཁྱོན་ཡོངས་ནས་གྲོས་མོལ་བྱུང་བའི་དབྱི་རན་གྱི་ཉིང་རྡུལ་གྲོས་མོལ་དེ་ནར་འགྱངས་ཐེངས་གཉིས་བྱེད་དགོས་བྱུང་བ་དང་སྟབས་ལེགས་པ་ཞིག་ལ་གྲོས་མོལ་གྱི་འགལ་ཟླ་རིམ་བཞིན་ཆུང་དུ་འགྲོ་བཞིན་ཡོད།ཀྲུང་གོ་ཕྱོགས་ཀྱིས་དེའི་ཁྲོད་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་བྱས་པར་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་གདེང་འཇོག་བཟང་པོ་ཐོབ་ཡོད།
  【ཨ་ཧྥུ་ཀ་ནི་སི་ཐན】
  དཔྱད་བརྗོད། ཨ་ཧྥུ་ཀ་ནི་སི་ཐན་བསྐྱར་སྐྲུན་རྗེས་སུ་དབང་ཆ་རྩིས་སྤྲོད་ཐེངས་དང་པོ་བྱས་པ་དང་ཙུང་ཐུང་འདེམས་བསྐོའི་ཁྲོད་བར་ཆད་ཐེངས་མང་བྱུང་ཡོད། ཨ་རི་སོགས་ནུབ་ཕྱོགས་རྒྱལ་ཁབ་ཀྱིས་དེ་ཁུལ་ནས་དམག་མི་ཕྱིར་འཐེན་བྱས་པས་ཁོ་ཚོའི་ཤུགས་རྐྱེན་ཐེབས་ཚད་ཉིན་རེ་བཞིན་ཆུང་དུ་ཕྱིན་ཡོད། རྒྱལ་ཁབ་དེའི་བདེ་འཇགས་འགན་ལེན་དང་འཕེལ་རྒྱས་ཡོང་བ་བྱེད་པའི་ཐད་ཨ་ཧྥུ་ཀ་ནི་སི་ཐན་ལ་རང་ངོས་ཀྱི་སྟོབས་ཤུགས་ལྡན་དགོས་ཀྱི་ཡོད།
  【ཕུའུ་ཀེ་སན】
  དཔྱད་བརྗོད། ཟླ ༨ པར་ལག་ལ་གོ་མཚོན་གང་ཡང་མེད་པའི་མི་རིགས་ནག་པོའི་གཞོན་ནུ་པུའུ་ལང་ཕུའུ་ཀེ་སན་ཁྲོམ་གཞུང་དུ་མི་རིགས་དཀར་པོའི་ཉེན་རྟོག་པས་མེ་མདའ་ཐེངས་འགའ་ཞིག་བརྒྱབ་ནས་བསད་པས་རྒོལ་གཏམ་གཏོང་བའི་ཚ་རླབས་ཤིག་འཕྱུར་ཡོད། ཟླ ༡༡ པར་སྨི་སུའུ་ལི་ཀྲོའུ་ས་གནས་མཉམ་ཞུགས་གྱོད་ཞིབ་ལྷན་ཚོགས་ཀྱིས་མི་རིགས་དཀར་པོའི་ཉེན་རྟོག་པ་ཁྲིམས་སྦྱོར་མི་བྱེད་རྒྱུའི་ཐག་བཅད་པས“ཕུའུ་ཀེ་སན་གྱི་ཁོང་ཁྲོའི་མེ་ལྕེ”སླར་ཡང་ཨ་རི་ཡོངས་སུ་འབར་ཡོད། ཕུའུ་ཀེ་སན་དུས་ཟིང་ལས་ཨ་རིའི་རིགས་རྒྱུད་མཐོང་ཆུང་གི་སྐྱོན་ཆ་དང་ཁྲིམས་འཛིན་ལམ་ལུགས་ཀྱི་ཞན་ཆ་དམར་རྗེན་དུ་བཏོན་ཡོད་པ་དང་འགྲོ་བ་མིའི་རིགས་ཀྱི་ཐོབ་ཐང་དང་དམངས་གཙོའི་ཐད་ཨ་རིས་ཚད་གཞི་གཉིས་འཛིན་པའི་དོན་དངོས་དམར་རྗེན་དུ་བཏོན་ཡོད།
  【ཨན་པེས“ཕྱོགས་གཡས་སུ་བསྒྱུར་བ”】
  དཔྱད་བརྗོད། མཉམ་སྡེབ་རང་སྲུང་དབང་ཆ་ལྷུག་ཏུ་བཏང་བ་ལས་རི་པིན་གྱི“ཞི་བའི་རྩ་ཁྲིམས”ཀྱི་རྨང་གཞིར་གཡོ་འགུལ་ཆེན་པོ་ཐེབས་ཡོད་པ་དང་། ལོ་རྒྱུས་འཁྱོག་བཤད་ཀྱང་བྱས་པས་རི་པིན་དང་ཁྱིམ་མཚེས་རྒྱལ་ཁབ་དབར་གྱི་འབྲེལ་བ་ཛ་དྲག་ཏུ་ཕྱིན་ཡོད།རི་པིན་གྱིས་མཉམ་སྡེབ་རང་སྲུང་དབང་ཆ་སྤྱད་དེ་དམག་འཁྲུག་གི་ལམ་བུའི་ཐོག་བསྐྱོད་པ་དེས་ཨན་པེ་སྲིད་གཞུང་ལ་ཁྱིམ་མཚེས་རྒྱལ་ཁབ་ཀྱི་ཡིད་ཆེས་ཤོར་བཞིན་ཡོད།
  【ཨའེ་པོ་ལའི་རིམས་ནད】
  དཔྱད་བརྗོད། དེ་ནི ༡༩༧༦ ལོར་ཨའེ་པོ་ལའི་རིམས་ནད་ཤེས་རྟོགས་ཐེངས་དང་པོ་བྱུང་ཚུན་གྱི་གཞི་ཁྱོན་ཆེ་ཤོས་དང་། ཚབས་ཆེ་ཤོས། རྙོག་འཛིང་ཆེ་ཤོས་བཅས་ཀྱི་རིམས་ནད་ཅིག་ཡིན་ཞིང་།རིམས་ནད་ཚབས་ཆེན་ཐོན་ཁུལ་གླིང་ཆེན་ཨ་ཧྥེ་རི་ཀ་ནུབ་མའི་དཔལ་འབྱོར་རྨང་གཞི་ཞན་པ་དང་། སྨན་བཅོས་རྨང་གཞིའི་སྒྲིག་བཀོད་རྗེས་ལུས། འཕྲོད་བསྟེན་ཁོངས་གཏོགས་ནུས་མེད་ཟབ་ཟོབ་བཅས་ཡིན་པས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཁྱོན་ཡོངས་ནས་རྒྱབ་སྐྱོར་དང་རོགས་སྐྲུན་བྱེད་དགོས་ཀྱི་ཡོད། རིམས་ནད་ཐོན་རྗེས་ཀྲུང་གོ་སྲིད་གཞུང་གིས་འཕྲལ་མ་ཉིད་དུ་རོགས་སྐྱོར་གྱིས་རིགས་གཅིག་མཁས་ཅན་ཚོགས་ཆུང་དང་སྨན་བཅོས་རུ་ཁག་མངགས་གཏོང་བྱས་ཏེ་བྱ་སྤྱོད་ངོ་མའི་ཐོག་ནས“བདེན་པ་དང་། དྲང་གཞག བརྩེ་སེམས། ཟོལ་མེད”བཅས་གླིང་ཆེན་ཨ་ཧྥེ་རི་ཁར་འཛིན་པའི་ཕྱི་འབྲེལ་འདུ་ཤེས་མངོན་པར་བྱས་པས་རྒྱལ་སྤྱིའི་སྤྱི་ཚོགས་ཁྱབ་ཁོངས་ཀྱིས་གླིང་ཆེན་ཨ་ཧྥེ་རི་ཁ་ནུབ་མར་རིམས་ནད་འགོག་བཅོས་བྱེད་པའི་བྱ་སྤྱོད་སྤེལ་རྒྱུར་སྣེ་ཁྲིད་ཐུབ་ཡོད།
  【ཕན་ཚུན་འབྲེལ་མཐུད】
  དཔྱད་བརྗོད། ཕན་ཚུན་འབྲེལ་མཐུད་བྱ་ཤུགས་ཆེ་རུ་བཏང་ནས་ཚད་གཞི་མཐོ་ཤོས་ཀྱི་སྒོ་ནས་འགྲོ་རྒྱུག་མ་གནས་ཆུང་དུ་གཏོང་བ་དང་། ཕན་བདེ་སྐྲུན་ཤུགས་ཆེ་རུ་གཏོང་བ། ལས་ཕྱོད་ཆེ་རུ་གཏོང་བ་བཅས་བྱ་རྒྱུ་ནི་ས་ཁུལ་གྱི་དཔལ་འབྱོར་འཕར་བ་དང་ཕུགས་ཀྱི་འཕེལ་རྒྱས་དང་འབྲེལ་བ་ཆེན་པོ་ཡོད་པའི་རྨང་གཞིའི་རང་བཞིན་གྱི་གནད་དོན་ཞིག་དང་། ཨེ་ཤེ་ཡའི་རྒྱལ་ཁབ་ཁག་མཉམ་འགུལ་འཕེལ་རྒྱས་དང་ཐུན་མོང་ཐོག་འཕེལ་རྒྱས་ཡོང་བ་བྱེད་པའི་བྱ་གཞག་ཆེན་པོ་དང་བྱ་བ་ཆེན་པོ་ཞིག་རེད།(རྩོམ་འགན་པ། ལྷ་དབང)
འབྲེལ་ཡོད་རྩོམ་ཡིག