ཀྲུང་གོའི་བོད་ལྗོངས་དྲ་བ།>གསར་འགྱུར།

མཚོ་སྔོན་གྱི་ཏང་ཡོན ༥༨༣ བོད་དོན་སོགས་གནད་དོན་གྱིས་ཉེས་ཆད་ཕོག་འདུག

2015-01-26 བཀྲ་རྒྱལ།
  ཀྲུང་དབྱང་སྐོར་ཞིབ་ཚོགས་པས་སྐོར་ཞིབ་ཐེངས་གཉིས་པ་བྱས་པའི་ཚུན་ལ། མཚོ་སྔོན་ཞིང་ཆེན་ཡོངས་ནས་འགོ་ཁྲིད་ལས་བྱེད་པ ༢༧༧ལ་ཉེས་ཆད་པ་བཅད་པ་དང་། ཁུལ་དང་ཐིང་རིམ་པའི་ལས་བྱེད་པ་བཅུ་འཛིན་བཟུང་ཐེབས།
  སྤྱི་ཟླ་དང་པོའི་ཚེས་ཉེར་ལྔ་ཉིན་ཀྲུང་དབྱང་སྒྲིག་བཤེར་ཨུ་ལྷན་གྱི་དྲ་ཚིགས་ཀྱིས་དྲ་ངོས་སུ་ཆེད་སྒྲིག་སྤེལ་ཏེ། མཚོ་སྔོན་ཞིང་ཆེན་གྱིས་ཀྲུང་དབྱང་སྐོར་ཞིབ་ཚོགས་པའི་སྐོར་ཞིབ་ཐེངས་གཉིས་པར་ལྡོག་ལན་བསྐྱོན་པའི་བསམ་འཆར་དག་ཐེར་བྱས་ཚུལ་ཡོངས་བསྒྲགས་བྱས་པ་མ་ཟད། མཚོ་སྔོན་ཞིང་ཆེན་ཉིད་སྐོར་ཞིབ་ཐེངས་གཉིས་པའི་སྐོར་ཞིབ་ས་ཚིགས ༡༣ ནང་ལྡོག་ལན་བསམ་འཆར་ཡོངས་བསྒྲགས་བྱས་པའི་ཞིང་ཆེན་དང་པོར་གྱུར་བ་རེད། དེ་ཡར་སྔོན་ལ་ཀྲུང་དབྱང་སྒྲིག་བཤེར་ཨུ་ལྷན་གྱིས་སྐོར་ཞིབ་ས་ཚིགས ༡༣ གྱི་གནད་དོན་འབུར་ཐོན་བཅུ་ལེགས་སྒྲིག་བྱེད་པའི་ཁྲོད་དུ། མཚོ་སྔོན་ཆེན་གྱི་མིང་ཐེངས་ལྔར་བཏོན་པ་དང་། འགོ་ཁྲིད་ལས་བྱེད་པས་ཁྲིམས་འགལ་གྱིས་ས་ཞིང་ནང་བཤིག་གཏོང་བ་དང་བཟོ་བཀོད་འཛུགས་སྐྲུན་ལ་སོགས་སུ་ལག་བསྐྱངས་ནས་དབང་བརྟེན་སྒེར་སྒྲུབ་བྱས་ཚུལ་དང་། ས་ཁུལ་ལ་ལར་སྒྲིག་ཆས་ཚད་བརྒལ་དང་ལས་བྱེད་པའི་གོ་གནས་སྐོང་འཐེན་དང་ཁྲིམས་འགལ་ལས་ཁུངས་འཛུགས་གཉེར་ཚད་བརྒལ། དུས་ཆེན་དང་གཉེན་སྟོན།འདས་མཆོད་ལ་“ཐུམ་རྒྱག་རྔན་པ”ལེན་པ་རྒྱུན་འབྱམས་སུ་གྱུར་བའི་གནད་དོན་སོགས་བཏོན་ཡོད་པ་རེད།
  གཞན་སྐོར་ཞིབ་ཐེངས་གཉིས་པའི་ལྡོག་ལན་བསམ་འཆར་ནང་མཚོ་སྔོན་ཞིང་ཆེན་ཚུད་པའི་ཞིང་ཆེན་(ཐད་གཏོགས་གྲོང་ཁྱེར)༨གྱི་འགོ་ཁྲིད་ལས་བྱེད་པས་ས་ཞིང་ནང་བཤིག་གཏོང་བ་དང་བཟོ་བཀོད་འཛུགས་སྐྲུན་ལ་ལག་བསྐྱངས་ནས་“དབང་བརྟེན་སྒེར་སྒྲུབ་”བྱས་ཡོད་ཚུལ་བསྟན་ཡོད་པ་དེར་མཚོ་སྔོན་ཞིང་ཆེན་གྱིས་ས་གནས་ཀྱིས་ཕྱིར་བཏོན་པའི་ས་ཞིང་ནང་བཤིག་གཏོང་བའི་སྲིད་ཇུས་ཡོད་ཚད་གཙང་སེལ་བྱས་པ་དང་། “ཚད་ཐིག་ལྟར་བཟོ་བསྐྲུན་བྱེད་པ་བཀག་འགོག་དང་། ཐུན་མོང་གིས་ཇུས་ཐག་གཅོད་པ་རྒྱུན་འཁྱོངས”ལ་སོགས་པའི་བྱེ་བྲག་གི་བྱེད་ཐབས ༡༩ བཏོན། བཟོ་བཀོད་འཛུགས་སྐྲུན་གྱི་ཐད་ནས་འགོ་ཁྲིད་ལས་བྱེད་པས་ཁྲིམས་འགལ་གྱིས་སུས་འཇོན་དེ་འགུག་དང་གཉེར་སྐྱོང་འགན་ལེན་གྱི་འོས་འགན་བདའ་འདེད་བྱེད་ཐབས་ལ་ཐེ་གཏོགས་བྱེད་པར་དམིགས་ནས་ཆེད་དུ་ལམ་ལུགས་ཡིག་ཆ་བཏོན་སྟེ། བཟོ་བཀོད་འཛུགས་སྐྲུན་གྱི་སུས་འཇོན་དེ་འགུག་དང་གཉེར་སྐྱོང་འགན་ལེན་ཕུད། གཏེར་ལས་དབང་ཆ་ཉོ་ཚོང་དང་། སྨན་རྫས་ཉོ་བསྡུ། རྒྱལ་དབང་རྒྱུ་ནོར་དབང་ཆ་ཉོ་ཚོང་བཅས་ཚད་ལྡན་དུ་བཏང་། ལྷག་པར་མཚོ་སྔོན་གྱི་གཏེར་རྫས་རྒྱལ་ཡོངས་ཀྱི་ཡང་རྩེར་སོན་པས་ཁྲིམས་མིན་ལུགས་འགལ་གྱིས་གསར་སྤེལ་བྱེད་ཚུལ་ཅུང་མང་པར་གཞིགས་ནས་མཚོ་སྔོན་གྱིས་མི་འགྱང་བར་གྲོང་ཁྱེར་དང་ཁུལ། རྫོང་བཅས་རིམ་པའི་ཆོག་མཆན་འགོད་པའི་སྔོན་ཆད་ཀྱི་གཏེར་འདོན་འགྲོ་ལུགས་ཡོངས་གན་རྒྱའི་དོ་དམ་དུ་བསྒྱུར་རྒྱུ་རེད།
  གཞན་མཚོ་སྔོན་ཞིང་ཆེན་རིག་གནས་གསར་འགྱུར་པར་བསྐྲུན་ཐིང་དང་། ཞིང་ཆེན་རྒྱང་སྒྲོག་གློག་བརྙན་བརྙན་འཕྲིན་ཅུས། ཞིང་ཆེན་ལུས་རྩལ་ཅུས་སོགས་ལས་ཁུངས་བཅོ་ལྔ་དང་འགན་འཁུར་པ་བཞི་ཡིས་གཞུང་དངུལ་བཀོད་སྤྱོད་ཁྲིམས་འགལ་བྱས་པར་དཔལ་འབྱོར་གྱི་ཉེས་ཆད་བཅད། དེ་མིན་ཡུལ་ཤུལ་བསྐྱར་འཛུགས་ཀྱི་མ་དངུལ་བཀོལ་སྤྱོད་དོ་དམ་ལ་དོ་སྣང་ཐོབ་བྱས་པར། ༢༠༡༢ ལོར་མཚོ་སྔོན་ཞིང་ཆེན་རྩིས་བཤེར་ཧྲུའུ་ཡིས་རྩིས་བཤེར་ལྟར་ན།ཡུལ་ཤུལ་ས་ཡོམ་རྗེས་ཀྱི་བསྐྱར་འཛུགས་མ་དངུལ་ཁག་བཀོལ་སྤྱོད་ལུགས་མཐུན་མིན་པ་དང་མ་དངུལ་བཀོལ་སྤྱོད་བྱས་མེད་པའི་གནས་ཚུལ་བྱུང་འདུག ཐེངས་འདིའི་དག་ཐེར་ནང་མཚོ་སྔོན་གྱིས་རྩིས་བཤེར་ལས་ཁུངས་ཀྱི་མི་སྣ ༢༠༠ ལྷག་བསྐྱར་འཛུགས་མ་དངུལ་གྱི་རྩིས་བཤེར་ལ་ཞུགས་ནས་རྩིས་བཤེར་སྣ ༥༩༨ ལ་ཞིབ་དཔྱད་ཐོབ་པ་དང་། བསམ་ཚུལ་ཅུང་མང་པའི་ཡུལ་ཤུལ་བསྐྱར་འཛུགས་ཁྲོད་ཞིང་པ་ཞོར་ལས་ཀྱི་གླ་ཕོགས་ཆད་དངུལ་གཅིག་ཀྱང་མ་ལུས་པར་ཞིང་པའི་ལག་ཏུ་སྤྲད།
  ཐེངས་འདིའི་དག་ཐེར་ནང་མི་རིགས་གྲངས་ཉུང་གི་ཏང་ཡོན་ལས་བྱེད་པའི་ཆབ་སྲིད་འདུ་ཤེས་དམན་པའི་གནད་དོན་ལ་དམིགས་ནས་བོད་དོན་དང་འབྲེལ་བའི་དོན་རྐྱེན་སློང་མཁན་གྱི་ཏང་ཡོན་ཉུང་ཤོས་ལ་ཆད་པ་བཅད་ཅིང་། ཁ་བྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཁྲོད་བསམ་བློའི་གོ་རྟོགས་དམན་པའི་ཏང་ཡོན་ལས་བྱེད་པར་སྐྱོན་བརྗོད་དང་བསླབ་བྱ་བཏང་། འདས་པའི་ལོ་གཅིག་ནང་མཚོ་སྔོན་ཞིང་ཆེན་ཡོངས་ནས་ཚད་ལྡན་མིན་པའི་ཏང་ཡོན ༥༨༣ཐག་བཅད་ཡོད་པ་རེད། ཉེ་བའི་ལོ་ཚུན་ལ། བོད་དོན་སྐོར་ནས་བྱུང་བའི་དོན་རྐྱེན་ལ“ཕྱིར་ལྟ”བྱས་པའི་ཁྲོད་དུ། ཆད་པ་ཡང་མོ་བཅད་པའི་འགོ་ཁྲིད་ལས་བྱེད་པ་གསུམ་ཏང་ནང་དུ་ཕྱིར་དབྱུང་བ་མ་ཟད་ཆད་པ་བཅད། གཞན་ཀྲུང་དབྱང་གི“གཏན་འཁེལ་བརྒྱད”ལག་བསྟར་ཕྱོགས་སུ་དག་ཐེར་བྱས་པའི་ཁྲོད་དུ་ཡིག་ཆ་དང་གྲོས་ཚོགས་ཉིང་བསྡུས་བྱས་ཏེ། སུམ་ཆའི་གཅིག་གི་ཞིང་ཆེན་ཨུ་ལྷན་དང་ཞིང་ཆེན་སྲིད་གཞུང་བསྒྲགས་ཡིག་ཇེ་ཉུང་དུ་བཏང་། གཞུང་འཁོར་སྒེར་སྤྱོད་ཐད་ནས་མི ༡༨༠ ལ་ཆད་པ་བཅད་འདུག(རྩོམ་འགན་པ། རྟ་མགྲིན)
འབྲེལ་ཡོད་རྩོམ་ཡིག