ཀྲུང་གོའི་བོད་ལྗོངས་དྲ་བ།>གསར་འགྱུར།

དྲ་འཕྲིན་གཞུང་དོན་ཁང་གིས“དྲ་རྒྱའི་བསྙད་འདོཊ་རྒྱུ་འཕྲོག་རིན་ཡོད་སྦྱར་སུབ”གྱོད་དཔེ་ཆེན་པོ་བཅུ་བསྒྲཊ།

2015-01-28
  ཟླ 1 ཚེས 26 ཉིན་རྒྱལ་ཁབ་དྲ་འཕྲིན་གཞུང་དོན་ཁང་གིས“དྲ་རྒྱའི་བསྙད་འདོགས་རྒྱུ་འཕྲོག་དང་རིན་ཡོད་སྦྱར་སུབ”གྱི་དཔེ་མཚོན་གྱོད་གཞི་ཆེན་པོ་བཅུ་ཡོངས་བསྒྲགས་བྱས་པ་དང་ཤེས་རྟོགས་བྱས་པར་གཞིགས་ན། ད་རེས་ཡོངས་བསྒྲགས་བྱས་པའི་དཔེ་མཚོན་གྱོད་གཞི་ཆེན་པོ་བཅུའི་ནང་དྲ་རྒྱའི་བསྙད་འདོགས་རྒྱུ་འཕྲོག་དང་འབྲེལ་བ་ཡོད་པའི་གྱོད་གཞི 4 དང་རིན་ཡོད་སྦྱར་སུབ་དང་འབྲེལ་ཡོད་གྱོད་གཞི་6ཡོད་པ་སྟེ།
1. ཧྲང་ཧའེ་ཡི་དུས་རབས་ཉེར་གཅིག་པའི་དྲ་བའི་བསྙད་འདོགས་རྒྱུ་འཕྲོག་དང་འབྲེལ་བ་ཡོད་པའི་གྱོད་གཞི།
   2014 ལོའི་ཟླ 9 པར་ནོར་དཔལ་སྨྱན་སྦྱོར་ཡིན་པའི་དུས་རབས་ཉེར་གཅིག་པའི་དྲ་བའི་རྩོམ་སྒྲིག་པ་གཙོ་བོ་དང་རྩོམ་སྒྲིག་པ་གཞོན་པ་ཚུད་པའི་འབྲེལ་ཡོད་མི་སྣར་གསར་འགྱུར་གྱི་བསྙད་འདོགས་རྒྱུ་འཕྲོག་གི་གྱོད་གཞི་དང་འབྲེལ་བ་ཆེན་པོ་ཡོད་པས་ཧྲང་ཧའེ་སྤྱི་བདེ་ལས་ཁུངས་ཀྱིས་ཁྲིམས་ལྟར་བཙན་སྐུལ་གྱི་བྱ་ཐབས་སྤྱད་པ་རེད། གྱོད་གཞི་དང་འབྲེལ་བ་ཡོད་པའི་མི་སྣས་དུས་རབས་ཉེར་གཅིག་པའི་དྲ་བ་གཙོ་བོར་བྱས་ཏེ་སྤྱི་པའི་འབྲེལ་བ་ཀུང་སིས་ངོ་སྤྲོད་དང་འབྲེལ་ཡོད་མི་སྣ་འོས་སྦྱོར་བྱས་པ་སོགས་ཀྱི་བྱ་ཐབས་སྤྱད་ནས“ཁྲོམ་རར་མ་རྐང་འདོན་པ”དང“ཁྲོམ་རར་མ་རྐང་འདོན་རྩིས་ཡོད་པ”“བསྐྱར་འཛུགས”“དབྱིབས་སྒྱུར”སོགས་ཀྱི་མ་རྐང་ཁྲོམ་རར་འདོན་པའི་ཀུང་སིའམ་ཡང་ན་གྲགས་ཅན་ཁེ་ལས“དམིགས་འབེན”དུ་བརྩིས་ནས་ཁྲིམས་འགལ་གྱི་བྱ་སྤྱོད་སྤེལ་གྱི་ཡོད། “མཉམ་ལས”བྱེད་འདོད་ཡོད་པའི་ཁེ་ལས་ལ་འགྲོ་སོང་ཆེན་པོ་བསྡུས་རྗེས་དྲང་ཕྱོགས་ཀྱི་དོན་དངོས་འུར་སྒྲོག་བྱས་པའམ་ཡང་ན་ལྡོག་ཕྱོགས་ཀྱི་གནད་དོན་འགེབས་སྲུང་བྱས་ནས“དྲང་ཕྱོགས་ཀྱི་གནས་ཚུལ”གཏོང་སྤེལ་བྱེད་ཀྱི་ཡོད། དེ་དང་མཉམ་ལས་མི་བྱེད་མཁན་ཁེ་ལས་ལ་དུས་རབས་ཉེར་གཅིག་པའི་དྲ་བ་སོགས་ཀྱི་སྟེགས་བུ་སྤྱད་ནས་ལྡོག་ཕྱོགས་ཀྱི་གནས་ཚུལ་གཏོང་སྤེལ་བྱེད་པ་དང་འཇིགས་སྣང་བསྐུལ་ནས་ཁེ་ལས་ལ་བརྡ་ཁྱབ་བཏོན་པའམ་ཡང་མཉམ་ལས་ཀྱི་གྲོས་མཐུན་འཇོག་ཏུ་བཅུག་ནས་ཚན་པ་དང་མི་སྒེར་ས་ནས་བརྡ་ཁྱབ་ཀྱི་འགྲོ་གྲོན་ཆེན་པོའམ་ཡང་ན་རྔན་པ་ལེན་གྱི་ཡོད།
2. ཅང་སུའུ་ཡི་ཁུན་ཧྲན་ཀྲུའུ་ལུའུ་པའོ་དྲ་རྒྱའི་བསྙད་འདོགས་རྒྱུ་འཕྲོག་གི་གྱོད་གཞི།
   2015 ལོའི་ཟླ 1 ཚེས 22 ནས་ཚེས 23 ཉིན་བར་གྱོད་ཡ་ཀྲོའུ་ལུའུ་པའོ། (ཕོ། ལོ 29 ཀན་སུའུ་ཞིང་ཆེན་ལུང་ཤིས་རྫོང་ནས་ཡིན་པ)བསྙད་འདོགས་རྒྱུ་འཕྲོག་ཉེས་པ་དང་འབྲེལ་བ་ཡོད་པས་ཅང་སུའུ་ཞིང་ཆེན་ཁུན་ཧྲན་གྲོང་ཁྱེར་མི་དམངས་ཁྲིམས་ཁང་གི་ཁྲིམས་ར་ལྔ་པས་ཡོངས་བསྒྲགས་སུ་ཁྲིམས་ར་འཚོགས་ཏེ་འདྲི་གཅོད་བྱས་ཤིང་། 2011 ལོའི་ཟླ 6 ནས 2012 ལོའི་ཟླ 8 བར་ཀྲོའུ་ལུའུ་པའོ་ཡིས་དྲ་ཐོག་ཏུ་ལྡོག་ཕྱོགས་ཀྱི་ཆ་འཕྲིན“དམར་རྗེན་དུ་འདོན་རྒྱུའི”འཇིགས་སྣང་སྐུལ་ནས་སྔ་རྗེས་སུ་ཀོང་ཤིས་ཅན་ཧྲང་དགོན་ནས་སྒོར་ཁྲི་བཞི་དང་། ཀྲེ་ཅང་དབུ་ཀྲེང་གྲོང་རྡལ་ཤིའུ་ཀྲེན་ཀོན་ནས་སྒོར་ཁྲི་6.8 ཅང་སུའུ་ཁུན་ཧྲན་ཆོན་ཕུའུ་དགོན་ནས་སྒོར་ཁྲི་8ལེན་རྩིས་བྱས་ཀྱང་ལེན་ཐུབ་མེད་པ་དང་། 2012 ལོའི་ཟླ་དགུ་པ་ནས 2013 ལོའི་ཟླ་དང་པོའི་བར་ཀྲོའུ་ལུའུ་པའོ་ཡིས་ཁོ་པས་ཐང་ཧྲན་གྱི་ཁུལ་ཆུང་ཞིག་གི་ཁྱིམ་བདག 216 གི་ཁེ་དབང་སྲུང་སྐྱོབ་བྱ་རྒྱུར་ཁ་གཡར་ནས་དྲ་ཐོག་ཏུ་ས་ཁང་བདག་ཁོངས་གསར་སྤེལ་ཀུང་སིའི་ལྡོག་ཕྱོགས་ཀྱི་གནས་ཚུལ་མང་པོ་སྤེལ་བ་དང་ཁེ་དབང་སྲུང་སྐྱོབ་ལ་མིང་གཡར་ནས་བར་ཁེ་བ་བརྒྱུད་སྒོར་ཁྲི 80 ལེན་ཐུབ་པ་བྱུང་ཡོད། 2013 ལོའི་ཟླ 8 པར་ཀྲོའུ་ལུའུ་པའོ་ཅང་སུའུ་ཞིང་ཆེན་ཁུན་ཧྲན་གྲོང་ཁྱེར་ཞིབ་དཔྱོད་ཁང་གིས་ཁྲིམས་ལྟར་འཛིན་བཟུང་བྱས་པ་རེད།
3. ཅང་སུའུ་ཞུས་ཀྲོའུ་ཡི་སྤྱི་ཚོགས་མདོ་གནད་དྲ་བ་དང་ད་ལྟའི་མདོ་གནད་དྲ་བ་སོགས་དྲ་ཚིགས་ཀྱི་བསྙད་འདོགས་རྒྱུ་འཕྲོག་གི་གྱོད་གཞི།
   2014 ལོའི་ཟླ 10 པར་སྤྱི་ཚོགས་མདོ་གནད་དྲ་བ་དང་ད་ལྟའི་མདོ་གནད་དྲ་བ་སོགས་དྲ་ཚིགས་དྲུག་གི་འགན་ཁུར་བ་ཀྲུང་ཝུའེ་དང་། ཏའུ་ག་གེ་མོ། ཡའོ་གེ་གེ་མོ། རོན་ག་གེ་མོ་སོགས་མི་བཞི་བསྙད་འདོགས་རྒྱུ་འཕྲོག་གི་ཉེས་པ་དང་། ལྐོག་ཟའི་ཉེས་པ། ལྐོག་རྔན་ལེན་པའི་ཉེས་པ་བཅས་ཀྱི་ཐོག་ནས་ཁྲིམས་ཁང་གིས་དུས་བཀག་བཙོན་འཇུག་ལོ་གཉིས་དང་ཟླ་དྲུག་ནས་ལོ 14 བར་མི་འདྲ་བའི་ཆད་པ་བཅད་པ་དང་འབྲེལ་དངུལ་ཆད་སྒོར་ཁྲི 3 ནས་སྒོར་ཁྲི 50 བར་མི་འདྲ་བ་བཅད་པ་རེད།
4. ཧུའུ་ནན་ཧེང་ནན་གྱི་ཀེ་ཆི་ཝུའེ་དྲ་རྒྱའི་བསྙད་འདོགས་རྒྱུ་འཕྲོག་གི་གྱོད་གཞི།
  2014 ལོའི་ཟླ 4 པར“དྲ་རྒྱའི་Vཆེན”ཀེ་ཆི་ཝུའེ་དངོས་སུ་ཁྲིམས་སྦྱོར་བྱས་པ་དང་ཞིབ་བཤེར་བྱས་པ་བརྒྱུད་པོད་ཕྲན་གྱི“བསམ་འཆར་གཙོ་འཛིན”ཀེ་ཆི་ཝུའེ་ཡིས་རྟོག་བཟོ་དང་། རྫུན་བཟོ། འབྲེལ་ཡོད་དོན་དངོས་སྒྲོ་འདོགས་བཅས་ཀྱི་བྱ་ཐབས་ཐོག་ནས་དྲ་རྒྱའི་ཐོག་རྒྱལ་ཡོངས་ས་གནས་ཁག་གི་ཏང་སྲིད་ལས་ཁུངས་དང་། ཁེ་ལས་དང་བྱ་གཞག་ཚན་པ། སྤྱི་ཚོགས་ཀྱི་གྲགས་ཅན་མི་སྣ་བཅས་དང་འབྲེལ་བ་ཡོད་པའི་ཆ་འཕྲིན་རྒྱུན་ཆད་མེད་པར་སྤེལ་བ་དང་འབྲེལ། ལྡོག་ཕྱོགས་ཀྱི་ཆ་འཕྲིན་དམར་རྗེན་དུ་འདོན་པའི་འཇིགས་སྣང་སྐུལ་བའམ་ཡང་ན་སྦྱར་སུབ་ལ་ཁ་གཡར་ཏེ་དོ་བདག་ས་ནས་བསྙད་འདོགས་རྒྱུ་འཕྲོག་བྱས་པ་རེད།
5. ཅང་སུའུ་ནན་ཅིང་གི་ཧེག་པའི་རིན་ཡོད་སྦྱར་སུབ་ཀྱི་གྱོད་གཞི།
   2014 ལོའི་ཟླ་བཅུ་པར་ཅང་སུའུ་ཞིང་ཆེན་ནན་ཅིང་གྲོང་ཁྱེར་ཤོན་ཝུའུ་ཆུས་ཁྲིམས་ཁང་གིས་ཁྲིམས་འགལ་ངང་གཉེར་སྐྱོང་བྱས་པའི་ཉེས་པའི་ཐོག་ནས་ཀྲོའུ་ག་གེ་མོ་དུས་བཀག་བཙོན་འཇུག་ལོ་ལྔ་དང་ཟླ་གསུམ་དང་། ཐེན་ག་གེ་མོ་དུས་བཀག་བཙོན་འཇུག་ལོ 5 ཝང་ག་གེ་མོ་དུས་བཀག་བཙོན་འཇུག་ལོ 4 དང་ཟླ་6 བཅས་ཀྱི་ཆད་པ་བཅད་པ་རེད། འདྲི་བཤེར་བྱས་པ་བརྒྱུད 2013 ལོའི་ལོ་མཇུག་ཏུ་ཧང་ཀྲོའུ་ཡི་དྲ་རྒྱ་ཀུང་སི་ཞིག་གི་ལག་རྩལ་སྤྱི་ཁྱབ་ཀྲོའུ་ག་གེ་མོས་ཐེན་ག་གེ་མོ་དང་ཝང་ག་གེ་མོ་དང་མཉམ་དུ་ཐེན་ག་གེ་མོ་སྤྱད་ནས“ཧེག་པའི”ཐོག་ནས་དྲ་ཚིགས་ནང་འཛུལ་ཏེ་ཁྲིམས་འགལ་ངང་ཐོབ་པའི་ཤིས་སི་སྲང་ལམ་དྲ་ཚིགས་ཀྱི་རྩིས་ཐོ་དང་གསང་གྲངས་མང་པོ་ཞིག་རིན་ཡོད་ཆ་འཕྲིན་གྱི་ཐོག་ནས་སྦྱར་སུབ་ཞབས་ཞུ་མཁོ་འདོན་བྱས་པ་རེད།
6. ཀོང་ཏུང་ཧྲེན་ཀྲེང་གི་ཐེང་ཤུན་དྲ་བའི་རྩོམ་སྒྲིག་པའི་རིན་ཡོད་སྦྱར་སུབ་ཀྱི་གྱོད་གཞི།
   2014 ལོའི་ཟླ 9 པར་པེ་ཅིང་གྲོང་ཁྱེར་མི་དམངས་ཁྲིམས་ཁང་གིས་མཐའ་མའི་འདྲི་གཅོད་བཅད་ཁྲ་བཅད་ནས་འདྲི་གཅོད་དང་པོའི་ཁྲུན་གཅོད་མཐའ་འཁྱོངས་བྱས་ཏེ་རྒྱལ་ཁབ་ཀྱི་ལས་དོན་མི་སྣ་མིན་པས་ལྐོག་རྔན་ལེན་པའི་ཉེས་པ་དང་རྒྱལ་ཁབ་ཀྱི་ལས་དོན་མི་སྣ་མིན་པར་ལྐོག་རྔན་སྤྲོད་པའི་ཉེས་པའི་ཐོག་ནས་དེ་སྔའི་ཐེང་ཤུན་དྲ་བའི་གསར་འགྱུར་ལྟེ་གནས་ཀྱི་བདེ་ཐང་བརྙན་ལམ་གྱི་རྩོམ་སྒྲིག་པ་ཝང་ག་གེ་མོ་དུས་བཀག་བཙོན་འཇུག་ལོ་དྲུག་གི་ཁྲུན་ཐག་བཅད་པ་རེད། འདྲི་ཞིབ་བྱས་པ་བརྒྱུད 2009 ལོའི་ཟླ 11 ནས 2012 ལོའི་ཟླ 8 པའི་བར་ཝང་ག་གེ་མོས་ལས་གནས་ཀྱི་སྟབས་བདེ་སྤྱད་དེ་ལི་ག་གེ་མོ་དང་དེ་བཞིན་པེ་ཅིང་ཡཱ་ཀོ་དུས་རབས་བརྡ་ཁྱབ་སྨྱན་སྦྱོར་ཚད་ཡོད་ཀུང་སི་དང་ཤིན་ཤུན་གནམ་འོག(པེ་ཅིང)བརྡ་ཁྱབ་སྨྱན་སྦྱོར་ཚད་ཡོད་ཀུང་སི་སོགས་ལ་ཐེང་ཤུན་དྲ་བའི་དྲ་རྒྱའི་ཆ་འཕྲིན་སྒྲིག་སྲོལ་ལས་འགལ་ཏེ་སྦྱར་སུབ་བྱེད་རོགས་བྱས་ནས་ཕ་རོལ་པོས་སྤྲད་པའི་དངུལ་སྒོར་ཁྲི 19.4 ཁྲིམས་འགལ་ངང་བླངས་པ་རེད། གཞན་ཡང་། ཝང་ག་གེ་མོས་ད་དུང་སོའུ་ཧུའུ་ཀུང་སིའི་དྲ་རྒྱའི་བདེ་འཇགས་ལྟེ་གནས་ཀྱི་མཐོ་རིམ་སྤྱི་གཉེར་བ་ཧོ་ག་གེ་མོར་ལྐོག་རྔན་སྒོར་ཁྲི 49.95 སྤྲད་ནས་དྲ་ཚིགས་གཞན་དག་གི་ལྡོག་ཕྱོགས་ཆ་འཕྲིན་སུབ་རོགས་ཞེས་བཤད་པ་རེད།
7. པེ་ཅིང་གི་དབྱང་ཤིའུ་ཡུས་ཀྱི་རིན་ཡོད་སྦྱར་སུབ་ཀྱི་གྱོད་གཞི།
   2014 ལོའི་ཟླ 11 པར་པེ་ཅིང་གྲོང་ཁྱེར་ཁྲའོ་དབྱང་ཆུས་ཁྲིམས་ཁང་གིས་ཁྲིམས་འགལ་ངང་གཉེར་སྐྱོང་བྱས་པའི་ཉེས་པའི་ཐོག་ནས་དབྱང་ཤིའུ་ཡུས(དྲ་མིང་ལ“གཉིས་འཛུགས་བཞི་བཤིག”ཟེར)དུས་བཀག་བཙོན་འཇུག་ལོ་བཞི་དང་དངུལ་ཆད་སྒོར་ཁྲི 15 ཡི་ཆད་པ་བཅད་པ་དང་དབྱང་ཤིའུ་ཡུས་ཀྱིས་འགན་ཁུར་བའི་ཨེར་མ་ཀུང་སི་གཉིས་ལ་དངུལ་ཆད་སྒོར་ཁྲི 50 དང་སྒོར་ཁྲི 20 བཅད་པ་རེད། འདྲི་ཞིབ་བྱས་པ་བརྒྱུད 2008 ལོ་ནས 2013 ལོའི་བར་དབྱང་ཤིའུ་ཡུས་ཀྱིས་ཁྲིམས་མིའི་ཚབ་བྱས་པའི“ཨེར་མ་ལྷ་མོ་ཀུང་སི”དང་དངོས་སུ་ཚོད་འཛིན་བྱས་པའི“ཨེར་མ་མཉམ་འགུལ་ཀུང་སི”ཡིས་རིན་ཡོད་སྦྱར་སུབ་དང་ཆ་འཕྲིན་རྫུན་མ་གཏོང་བ་སོགས་ཀྱི་ཐབས་ལམ་བརྒྱུད་ཁྲིམས་འགལ་གཉེར་སྐྱོང་ཡོང་འབབ་བསྡོམས་སྒོར་ཁྲི་75བྱུང་བས་གྲངས་འབོར་མང་ཞིང་སྤྱི་ཚོགས་ལ་ཤུགས་རྐྱེན་ཧ་ཅང་ངན་པོ་ཐེབས་ཡོད།
8. པེ་ཅིང་ཁའུ་པེ་མཉམ་འགུལ་ཚོང་གཉེར་ཇུས་འགོད་ཚད་ཡོད་ཀུང་སིའི་རིན་ཡོད་སྦྱར་སུབ་ཀྱི་གྱོད་གཞི།
   2015 ལོའི་ཟླ 1 ཚེས 16 ཉིན་པེ་ཅིང་ཁའུ་པིས་མཉམ་འགུལ་ཚོང་གཉེར་ཇུས་འགོད་ཚད་ཡོད་ཀུང་སི་དང་དེ་བཞིན་དེའི་མཐོ་རིམ་དོ་དམ་པ་དབྱང་ཕེ་དང་། ལི་ཅིན་ཕུའུ། དབྱང་ཞུའེ་ཕིང་བཅས་གསུམ་གྱིས་རིན་ཡོད་སྦྱར་སུབ་ཀྱི་ཞབས་ཞུ་མཁོ་འདོན་བྱས་པས་ཁྲིམས་འགལ་གཉེར་སྐྱོང་གི་དོགས་པ་ཡོད་སྟབས་པེ་ཅིང་གྲོང་ཁྱེར་ཁྲའོ་དབྱང་ཆུས་ཁྲིམས་ཁང་གིས་འདྲི་ཞིབ་བྱས་པ་རེད། ཀུང་སི་དེས 2012 ལོ་ནས 2013 ལོའི་བར་ཆ་འཕྲིན་གྱི་དྲ་བ་བརྒྱུད་རིན་ཡོད་སྦྱར་སུབ་ཀྱི་ཞབས་ཞུ་མཁོ་འདོན་ཐེངས་མང་བྱས་པ་དང་གཉེར་སྐྱོང་དངུལ་འབོར་སྒོར 218200 ཟིན་ཡོད། དེའི་རིང་དབྱང་ཕེ་དང་ལི་ཅིན་ཕུའུ་ཡིས་ཀུང་སིའི་གཉེར་སྐྱོང་གི་འགན་ཁུར་ཏེ་མི་གཉིས་པོས་ཐུན་མོང་ཐོག་གྲོས་བསྡུར་དང་ཇུས་འགོད་བྱས་རྗེས་ཀུང་སིའི་ལས་མི་གོང་གསལ་གྱི་བྱེད་སྒོ་སྤེལ་བར་མངགས་གཏོང་བྱས་ཡོད། དབྱང་ཞུའེ་ཕིང་དང་དེ་བཞིན་དེའི་དོ་དམ་གཙོ་འགན་ཁུར་མཁན་སྤྱི་པའི་འབྲེལ་བ་པུའུ་ཡི་ལས་མིས་རིན་ཡོད་སྦྱར་སུབ་ཀྱི་བྱེད་སྒོ་ཞིབ་ཕྲ་སྤེལ་ཡོད། གྱོད་གཞི་དེ་འདྲི་ཞིབ་བྱེད་རིང་། དབྱང་ཕེ་སོགས་མི་གསུམ་ཚང་མས་ཉེས་པ་ངོས་ལེན་ཞུས་པས་ཁྲིམས་རས་ཁྲུན་ཐག་བཅད་མེད་པ་རེད།
9. ཀྲུང་དབྱང་ཕྱི་ཕྱོགས་དྲིལ་བསྒྲགས་གཞུང་དོན་ཁང་གི་དེ་སྔའི་ཅུས་ཀྲང་གཞོན་པ་ཀའོ་ཅན་ཡུན་གྱི་གྱོད་གཞི།
   2014 ལོའི་ཟླ 4 པར་ཀྲུང་དབྱང་སྒྲིག་ཨུད་དང་ལྟ་ཞིབ་པུའུ་ཡིས་ཀྲུང་དབྱང་ཕྱི་ཕྱོགས་དྲིལ་བསྒྲགས་གཞུང་དོན་ཁང་གི་ཅུས་ལྔ་པའི་ཅུས་ཀྲང་གཞོན་པ་ཀའོ་ཅན་ཡུན་སྒྲིག་འགལ་ཁྲིམས་འགལ་གྱི་གནད་དོན་ཚབས་ཆེན་དང་འབྲེལ་བ་ཡོད་པས་གྱོད་ཁོངས་སུ་བཅུག་སྟེ་བརྟག་དཔྱད་བྱ་རྒྱུའི་ཁྱབ་བསྒྲགས་བྱས་པ་རེད། འདྲི་ཞིབ་བྱས་པ་བརྒྱུད 2008 ལོ་ནས 2010 ལོའི་བར་ཀའོ་ཅན་ཡུན་གྱིས་གོ་གནས་ཀྱི་སྟབས་བདེ་སྤྱད་དེ་ཀུང་སི་ཞིག་ལ་དྲ་ཐོག་གི་ལྡོག་ཕྱོགས་གནས་ཚུལ་སྦྱར་སུབ་བྱ་རྒྱུར་རོགས་རམ་བྱས་ནས་ལྐོག་རྔན་ཕོན་ཆེ་བླངས་ཡོད། ཀའོ་ཅན་ཡུན་གྱི་བྱ་སྤྱོད་ཀྱིས་སྒྲིག་ལམ་ལས་ཚབས་ཆེན་འགལ་བ་མ་ཟད། ཉེས་གསོག་དང་འབྲེལ་བ་ཡོད་པས་མིག་སྔར་ཏང་གི་སྐྱིད་སྡུག་ནས་ཕུད་པ་དང་ཉེས་གསོག་དང་དོགས་པ་ཡོད་པའི་གནད་དོན་དང་དེ་བཞིན་འབྲེལ་ཡོད་ཁུངས་སྣེ་ཁྲིམས་འཛིན་ལས་ཁུངས་ལ་ཐག་གཅོད་བྱ་རྒྱུར་རྩིས་སྤྲད་པ་རེད།
10. ཧའེ་ནན་ཧའེ་ཁའུ་ཡི་ཝུའེ་དབྱི་ཉིང་གི་རིན་ཡོད་སྦྱར་སུབ་ཀྱི་གྱོད་གཞི།
   2014 ལོའི་ཟླ 11 པར་ཧའེ་ནན་ཞིང་ཆེན་ཧའེ་ཁའུ་གྲོང་ཁྱེར་ཁྲིམས་ཁང་གིས་མཐའ་མའི་ཁྲིམས་ཐག་བཅད་དེ་ལྐོག་རྔན་ལེན་པའི་ཉེས་པའི་ཐོག་ནས་ཧའེ་ནན་ཞིང་ཆེན་ཧའེ་ཁའུ་གྲོང་ཁྱེར་སྤྱི་བདེ་ཅུས་དྲ་རྒྱའི་ཉེན་རྟོག་ཉིང་ལག་རུ་ཁག་གི་རུ་ཆེན་དང་པོའི་དེ་སྔའི་རུ་དཔོན་གཞོན་པ་ཝུའེ་དབྱི་ཉིང་དུས་བཀག་བཙོན་འཇུག་ལོ 10 ཡི་ཁྲུན་ཐག་བཅད་པ་རེད། འདྲི་ཞིབ་བྱས་པ་བརྒྱུད 2009 ལོའི་ཟླ 8 ནས 2012 ལོའི་ཟླ 8 པའི་བར་ཝུའེ་དབྱི་ཉིང་གིས་གོ་གནས་ཀྱི་སྟབས་བདེ་སྤྱད་ནས་གཞན་ལ་སྦྱར་སུབ་བྱེད་རོགས་བྱས་ཏེ“རྔན་པ”སྒོར་ཁྲི 70 བླངས་ཡོད། དྲ་སྦྲེལ་དོ་དམ་སྡེ་ཚན་གྱི་གཞུང་ལས་པ་ཡིན་པའི་ཝུའེ་དབྱི་ཉིང་གིས་སྦྱར་སུབ་བྱས་ནས་ཁེ་བཟང་བཟས་པས་ལྐོག་རྔན་ལེན་པའི་ཉེས་པ་བསགས་པ་མ་ཟད་ཉེས་ཚབས་ལྕི་ཙམ་ཡོད་པ་དང་སྤྱི་ཚོགས་ལ་ཤུགས་རྐྱེན་ངན་པ་ཐེབས་པ་བཅས་སོ། །(རྩོམ་འགན་པ། རྟ་མགྲིན)
འབྲེལ་ཡོད་རྩོམ་ཡིག