ཀྲུང་གོའི་བོད་ལྗོངས་དྲ་བ།>གསར་འགྱུར།

སློབ་གསོ་པུའུ་པུའུ་ཀྲང་གིས་ནུབ་ཕྱོགས་ཀྱི་རིན་ཐང་ལྟ་བ་མཐོ་རིམ་སློབ་གསོའི་སློབ་ཁྲིད་དུ་ཡོང་མི་ཆོག་ཟེར།

2015-02-01
  ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ 1 ཚེས 29 ཉིན་གློག་འཕྲིན་འབྱོར་གསལ། ཚེས་29ཉིན་སློབ་གསོ་པུའི་པུའུ་ཀྲང་ཡོན་ཀུའེ་རེན་གྱིས་སློབ་གསོ་པུས《དུས་བབ་གསར་པའི་འོག་མཐོ་སློབ་ཀྱི་དྲིལ་བསྒྲགས་བསམ་བློའི་ལས་དོན་ལ་སྔར་བས་ཤུགས་སྣོན་དང་ལེགས་གཏོང་བྱ་རྒྱུའི་སྐོར་གྱི་བསམ་འཆར》གྱི་དགོངས་དོན་སློབ་སྦྱོང་ལག་བསྟར་བྱེད་པའི་བཞུགས་མོལ་ཚོགས་འདུའི་ཐོག་མཐོ་སློབ་དགེ་རྒན་གྱིས་ངེས་པར་དུ་ཆབ་སྲིད་དང་། བཅའ་ཁྲིམས། ཀུན་སྤྱོད་བཅས་ཀྱི་མ་མཐའི་མཚམས་ཐིག་གསུམ་ཡག་པོ་སྲུང་དགོས་ཞེས་བཤད་པ་རེད།
  པེ་ཅིང་དང་། ཧྲང་ཧའེ། ཅང་སུའུ་བཅས་ཀྱི་སློབ་གསོའི་སྲིད་འཛིན་སྡེ་ཚན་དང་པེ་ཅིང་སློབ་ཆེན་དང་། ཆིང་ཧྭ་སློབ་ཆེན། ཝུའུ་ཧན་སློབ་ཆེན། ཧྲན་ཏུང་སློབ་ཆེན། ཞ་མོན་སློབ་ཆེན་བཅས་ཀྱི་འགན་འཁུར་བ་བཞུགས་མོལ་ཚོགས་འདུར་ཞུགས་པ་རེད། ཚོགས་ཞུགས་འཐུས་མིས《བསམ་འཆར》ནི་ཏང་ཀྲུང་དབྱང་གིས་དུས་བབ་གསར་པ་དང་ལས་འགན་གསར་པར་གཞི་ཚུགས་ཏེ་སྤྱི་ཡོངས་དང་འཐབ་ཇུས་ཀྱི་མཐོ་ཚད་ཐོག་ནས་མཐོ་སློབ་ཀྱི་དྲིལ་བསྒྲགས་བསམ་བློའི་ལས་དོན་ལ་ཁྱོན་ཡོངས་ནས་བཀོད་སྒྲིག་བྱས་པ་ཞིག་ཡིན་པས་དུས་བབ་གསར་པའི་འོག་མཐོ་སློབ་ཀྱི་དྲིལ་བསྒྲགས་བསམ་བློའི་ལས་དོན་ལ་མཛུབ་ཁྲིད་བྱེད་པའི་རྩ་གནད་རང་བཞིན་གྱི་ཚད་ལྡན་ཡིག་ཆ་ཞིག་ཡིན་པ་དེ་ཐོག་ནས་ཏང་ཀྲུང་དབྱང་གིས་མཐོ་སློབ་ཀྱི་དྲིལ་བསྒྲགས་བསམ་བློའི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་ལུགས་གང་ལེགས་མཚོན་ཡོད་པ་ཐུན་མོང་ཐོག་ངོས་འཛིན་བྱས་པ་རེད།
  ཡོན་ཀུའེ་རེན་གྱིས《བསམ་འཆར》ལག་བསྟར་དོན་འཁྱོལ་བྱེད་པར་མཐོ་སློབ་ཀྱི་འདུ་ཤེས་འཛིན་སྟངས་ཀྱི་གཡུལ་སའི་དོ་དམ་ལ་ཤུགས་སྣོན་རྒྱག་པ་དང་ལྷག་པར་དུ་སློབ་དེབ་བཟོ་བ་དང་སློབ་ཁང་འཆད་ཁྲིད་དོ་དམ་ལ་ཤུགས་སྣོན་རྒྱག་དགོས། ནུབ་ཕྱོགས་ཀྱི་མ་དཔེའི་སློབ་དེབ་བེད་སྤྱོད་དོ་དམ་ལ་ཤུགས་སྣོན་བརྒྱབ་ནས་ནུབ་ཕྱོགས་ཀྱི་རིན་ཐང་ལྟ་བ་བརྒྱུད་བསྒྲགས་བྱེད་པའི་སློབ་དེབ་ང་ཚོའི་སློབ་ཁང་ནང་གཏན་ནས་བེད་སྤྱོད་གཏོང་མི་ཆོག་པ་དང་། ཏང་གི་འགོ་ཁྲིད་ལ་སྐྱོན་འཛུགས་བྱེད་པ་དང་སྤྱི་ཚོགས་རིང་ལུགས་ལ་དམའ་འབེབས་གཏོང་བའི་གཏམ་བཤད་སྣ་ཚོགས་སློབ་ཆེན་གྱི་སློབ་ཁང་ནང་གཏན་ནས་ཐོན་མི་ཆོག་པ། རྩ་ཁྲིམས་དང་བཅའ་ཁྲིམས་ལས་བརྒལ་བའི་གཏམ་བཤད་སྣ་ཚོགས་སློབ་ཆེན་གྱི་སློབ་ཁང་ནང་གཏན་ནས་ཁྱབ་མི་ཆོག་པ། དགེ་རྒན་གྱིས་སློབ་ཚན་ཐོག་འཁང་ར་བྱེད་པ་དང་འཁོན་སེམས་བཅངས་པ་སོགས་ཀྱི་ཚུལ་མིན་བསམ་ཚུལ་སློབ་མའི་མདུན་དུ་བཤད་མི་ཆོག་པ་བཅས་བྱེད་དགོས་ཞེས་བཤད་པ་རེད། ཡོན་ཀུའེ་རེན་གྱིས་རིགས་པའི་གཞུང་ལུགས་ཀྱི་དྲག་ཆས་སྤྲས་པ་དང་དྲང་ཕྱོགས་ནས་ཁྲིད་སྟོན་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས་སློབ་ཁང་གི་སློབ་ཁྲིད་ཐབས་ལམ་གཙོ་བོའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་སློབ་དེབ་དང་། སློབ་ཁང་། བསམ་བློ་བཅས་ནང་ཟུག་རྒྱུར་སྐུལ་འདེད་ཏན་ཏིག་གཏོང་དགོས། དུས་མཚུངས་དྲ་རྒྱའི་གླེང་ཕྱོགས་ཀྱི་རང་འགུལ་དབང་ཆ་ཁོང་དུ་ནན་པོ་ཆུད་པ་བྱས་ནས་སློབ་གླིང་གི་དྲ་བ་ཡག་པོ་འཛུགས་པ་དང་། དོ་དམ་ཡག་པོ་བྱེད་པ། བེད་སྤྱོད་ཡག་པོ་གཏོང་བ་བཅས་བྱེད་དགོས། མཐོ་སློབ་ཀྱི་དྲིལ་བསྒྲགས་བསམ་བློའི་ལས་དོན་གྱི་དཔུང་ཁག་འཛུགས་སྐྱོང་ཐད་འགག་སྒོ་ནན་པོ་བསྲུངས་ཏེ་སྤྱོད་ཡོན་གཉིས་ལྡན་དང་ཀུན་སྤྱོད་གཙོ་བོར་འཛིན་པའི་རྩ་དོན་མཐའ་འཁྱོངས་ཀྱིས་ཆབ་སྲིད་ཀྱི་བྱང་ཚད་མཐོ་པོ་ཡོང་བ་བྱ་རྒྱུ་དེ་ཚད་གཞི་ཨང་དང་པོར་བརྩིས་ནས་མཐོ་སློབ་ཀྱི་དྲིལ་བསྒྲགས་བསམ་བློའི་ལས་དོན་གྱི་དཔུང་ཁག་འདེམས་སྒྲུག་དང་བཀོད་སྒྲིག་ཡག་པོ་བྱེད་དགོས་པའི་ནན་བཤད་བྱས་པ་རེད།(རྩོམ་འགན་པ། རྟ་མགྲིན)
འབྲེལ་ཡོད་རྩོམ་ཡིག