ཤིན་ཅང་གི་འབྲོག་པ་ཞིག་གིས་སྟེས་དབང་གིས་གསེར་རྡོག་ཁྱི་མགོའི་དབྱིབས་ཁེ 7850 ཡོད་པ་ཞིག་རྙེད་པར། འདིས་ཁྲིམས་ལུགས་ཀྱི་རྩོད་གཞི་བསླང་ཡོང་བ་ཁོ་རང་གི་སེམས་ལའང་དྲན་ཡོད་ཀྱི་མ་རེད།
སྟེས་དབང་གིས་རྙེད་པའི་དངོས་པར་ཁྲིམས་ལུགས་ཀྱིས་གཏན་འཁེལ་བྱས་མེད་པ་མ་ཡིན་ཏེ། རྩ་ཁྲིམས་སུ་གཏེར་ཁ་དང་བཞུར་ཆུ་སོགས་རང་བྱུང་གི་ཐོན་ཁུངས་དག་རྒྱལ་ཁབ་བམ་རྒྱལ་དམངས་ཡོངས་ལ་དབང་བ་གཏན་འཁེལ་བྱས་ཡོད་པ་དང་། དམངས་ཁྲིམས་སྤྱི་སྲོལ་དུ་བདག་པོ་མི་གསལ་བའི་གབ་པའི་དངོས་པོའམ་སྦས་པའི་དངོས་པོ་དག་རྒྱལ་ཁབ་ལ་དབང་ཞེས་གཏན་འཁེལ་བྱས་ཡོད་ཀྱང་། སྐབས་རེར་ཡར་སྤྲད་དུ་ཆུགས་ཀྱང་སྤྲོད་མཁན་ལ་བྱ་དགའ་ཤིན་ཏུ་ཉུང་ངུ་ལས་མེད། དེ་ལ་ཤིན་ཅང་གི་འབྲོག་པས་གསེར་ཁྱི་མགོ་རྙེད་པ་དེ་རྒྱལ་ཁབ་ལ་སྤྲད་ན་འོས་ཏེ། རྒྱུ་མཚན་དུ་གཏེར་ཁའི་རིགས་སུ་གཏོགས་པར་བཤད་མོད། ངོས་འཛིན་སྟངས་འདི་ཡང་དག་པའི་ངེས་པ་མི་འདུག
ཁྲིམས་སུ་གཏེར་ཁ་དང་བཞུར་ཆུ་སོགས་རང་བྱུང་ཐོན་ཁུངས་རྒྱལ་ཁབ་ལ་དབང་ཞེས་གཏན་ཁེལ་ཡོད། དེའི་རྒྱུ་མཚན་གལ་ཆེ་བ་གཅིག་ནི་རྒྱལ་ཁབ་དང་སྤྱི་ཚོགས་ཀྱི་ཐུན་མོང་གི་ཁེ་ཕན་སྲུང་རྒྱུ་དང་། གང་བྱུང་སྔོག་པའམ་བརླག་པའམ། ཆུད་ཟོས་སུ་གཏོང་བ་བཀག་ནས་ཁོར་ཡུག་སྲུང་སྐྱོབ་དང་རྒྱུན་མཐུན་ཐུབ་པའི་འཕེལ་རྒྱས་ལ་སྐུལ་ལྕག་གཏོང་རྒྱུ་ལས་དམངས་དང་ཁེ་འཕྲོག་རྩོད་བྱ་རྒྱུ་དེ་ག་ལ་ཡིན། དེ་ལྟ་ན་སྟབས་འགྲིག་ནས་ཐང་སྟོང་དུ་རྙེད་པའི་གསེར་རྡོག་དེའང་སླ་ཐབས་ཀྱིས་རྒྱལ་ཁབ་ལ་དབང་བའི“གཏེར་ཁ”འི་གྲས་སུ་བརྩི་མི་རུང་སྟེ། ཡག་ན་ཅུང་དམིགས་བསལ་ཡིན་པའི་གོར་མ་རྡོ་ཞིག་ཡིན་པ་ཙམ་ཟད་དོ། །
དེའི་ཕྱིར། ད་རེས་ཤིན་ཅང་གི་འབྲོག་པས་སྟེས་དབང་གིས་རྙེད་པའི་དངོས་པོ་བདག་མེད་དེ་བསམ་བཞིན་འཚོལ་སྔོག་བྱ་ཡུལ་གྱི་གཏེར་ཁ་མ་ཡིན་ཏེ། རྒྱལ་ཁབ་བམ་སྤྱི་ཚོགས་ཐུན་མོང་གི་ཁེ་ཕན་ལ་གནོད་སྐྱོན་བཟོས་མེད་ལ། གཏེར་ཁ་དང་རང་བྱུང་ཐོན་ཁུངས་གསར་སྤེལ་ལ་གཏོར་བརླག་བཏང་མེད་ཅིང་། ཁོར་ཡུག་སྲུང་སྐྱོབ་དང་སྤྱི་དམངས་གཞན་དག་གི་ཁྲིམས་མཐུན་ཁེ་དབང་ལའང་མི་གནོད་དེ། དེ་མི་སེར་གྱི་འཚོ་བའི་ཁྲོད་ཀྱི་གནོད་མེད་ཕན་བཅས་ཀྱི“རླུང་རྟ”རྒྱུགས་པ་ཁོ་ན་ཞིག་ཡིན་པས། ཁྲིམས་ལུགས་ཀྱིས་ཀྱང་སྔོན་ལ་བདག་བཟུང་བྱས་པར་བརྩི་འཚོ་བྱ་བ་ལས་གཞན་གྱི་དགའ་བ་རྨི་ལམ་སྟོང་པ་རུ་བསྒྱུར་བའི་དགོས་གལ་མེད་མི་འདུག(རྩོམ་པ་པོ་ཀྲི་ཀྲིན་ཧྥིན་ནི་དུས་དེབ《འཛམ་གླིང་ཁྲིམས་ལུགས་དཔྱད་བརྗོད》ཀྱི་གཙོ་སྒྲིག་གཞོན་པ་ཡིན)
འཕྲོས་ཀློག
ཁྲིམས་ལུགས་མཁས་པས་ཀོའུ་ཙེ་ཞུས་ན་རེ། འབྲོག་པས་གསེར་རྡོག་རྙེད་པ་གཏེར་ཁར་རྩི་མི་ཆོག
ས་རྒྱུ་བཟོ་སྐྲུན་མཁན་ཞིག་གིས་འཛེང་རྡོ་ཞིག་ལག་ཏུ་བཟུང་སྟེ་འདི་འཛེང་རྡོའི་རི་བོ་ཞིག་རེད་ཅེས་བརྗོད་མི་ཐུབ་ལ། སྤྱི་དམངས་ག་གེ་མོས་ཁྱིམ་གྱི་འཛེང་རྡོ་རྡོག་རྡོག་ཅིག་ལ་མཛུབ་མོ་བཙུགས་ཏེ་རང་གི་ཁྱིམ་དུ་འཛེང་རྡོའི་གཏེར་ཁའམ་འཛེང་རྡོའི་ཐོན་ཁུངས་ཡོད་ཅེས་བརྗོད་ག་ལ་ཐུབ། དེ་བས། རང་བྱུང་གསེར་ལོག་ཅིག་གཏེར་ཁའམ་གཏེར་ཁའི་ཐོན་ཁུངས་ག་ལ་ཡིན། ཆེས་རྩ་བར་གྱུར་བའི་གཏན་ཚིགས་ཀྱི་གནད་དོན་འདི་ལྟ་བུ་ཁྲིམས་རྩོད་པ་འགའ་རེས་ཧ་མི་གོ་བ་ཅིའི་ཕྱིར་ཡིན་ཞེ་ན། འདི་གོམས་པ་སྔར་སོང་བའི་དབང་གིས་བྱུང་བ་རེད། དུས་ཡུན་རིང་པོ་ཞིག་གི་ནང་ལ་སྤྱི་དམངས་རྒྱུ་ནོར་སྒེར་དབང་མེད་པའམ་བཀག་འགོག་བྱེད་པའི་ཁ་ཕྱོགས་དེ་ལྟ་བུ་ཞིག་ཡོད་རྐྱེན། ཁྱིམ་གྱི་རྒྱུ་རྫས་ཕུད་པའི་གཞན་དག་མ་ལུས་པ་རྒྱལ་ཁབ་ཀྱི་ཡིན་ནོ་སྙམ་པའི་ནད་དུག་འདི་མི་རྣམས་ཀྱི་ཀླད་པའི་གཏིང་དུ་ཟུག་བསྡད་ཡོད་པ་རེད། འོན་ཀྱང་། འཛིན་དབང་གི་སྟེང་ནས་གསེར་དང་གད་སྙིགས་གཉིས་འདྲ་འདྲ་ཡིན་ཏེ། གསེར་རྒྱལ་ཁབ་ལ་དབང་བ་ཞིག་དང་གད་སྙིགས་མི་སེར་ལ་དབང་བ་ནི་མི་རུང་སྟེ། 《དམངས་ཁྲིམས་སྤྱི་སྲོལ》གྱི་ཨང 79 པར་རྒྱལ་ཁབ་ལ“བདག་པོ་མི་ཤེས་པའི”གད་སྙིགས་ཚང་མའང་རྩིས་ལེན་བྱེད་པའི་འགན་ཁུར་ཡོད་ཚེ། ད་གཟོད་གཏན་ཚིགས་དང་མཐུན་པ་ཞིག་རེད།(རྩོམ་འགན་པ། རྟ་མགྲིན)