ཀྲུང་གོའི་བོད་ལྗོངས་དྲ་བ།>གསར་འགྱུར།

གཡང་དཀར་སྒྲོལ་མ་དང་པ་སངས་གཉིས་ཀྱི་ཆེད་སྒྲིག་ཐོག་མ《སྙིང་གཏམ》ལོ ༣ ལ་བཟོས་ནས་སྒོར་ཐོན།

2015-02-10 ཟླ་བ།
  ལོ་གསུམ་རིང་གི་འཆར་འགོད་དང་ལོ་གཅིག་ལྷག་གི་བརྙན་ཕབ་བརྒྱུད་ནས། “མ་སྐྱེས་ཨ་མ་རོལ་ཚོགས”ཀྱི་གླུ་མཁན་གཙོ་བོ་གཡང་དཀར་སྒྲོལ་མ་དང་པ་སངས་ཟླ་བ་གཉིས་ཀྱི་བོད་སྐད་མཛས་གཞས་ཆེད་སྒྲིག《སྙིང་གཏམ》གྱི་འགྲེམ་སྤེལ་འདུ་ཚོགས་དེ་སྤྱི་ཟླ ༢ པའི་ཚེས ༨ ཉིན་པེ་ཅིང་གི་མ་སྐྱེས་ཨ་མ་རུ་བསྡུས།“བོད་གླུ་འགྲན་བསྡུར”གྱི་ཨང་དང་པོའི་ཅོད་པན་བཞེས་མཁན་གཡང་དཀར་སྒྲོལ་མ་དང་པ་སངས་གཉིས་ཀྱིས་འགྲེམ་སྤེལ་ཡུལ་དངོས་ནས་ཀྱང་བརྩེ་བ་དབྱངས་སུ་གྱེར་ཞིང་། བོད་ཀྱི་གཞས་སྡེ་རུ་སྐད་གྲགས་ཆོད་པའི་གླུ་བ་གླུ་མའང་མི་ཉུང་བ་ཞིག་རྟེན་འབྲེལ་དུ་ཞུགས་ཡོད་འདུག
  གཞན་དག་གིས་ཤམ་བྷ་ལ་རུ་འབོད་པའི་ཁམས་བདེ་ཆེན་ནས་བལྟམས་པའི་ཆེད་སྒྲིག་འདི་རུ་གནའ་བོའི་ཚིག་ལ་དེང་གི་ཉམས་ཀྱིས་ཕྱུག་པའི་གླུ་གཞས་བཅུ་ཡོད་པ་ལས། པ་སངས་ཟླ་བས་བཏང་པའི《པོ་ཏ་ལ》ཞེས་པ་ཕུད་གཞན་ཡོངས་རྫོགས་བོད་སྐད་ཀྱིས་བླངས་ཡོད་པ་དང་། དེ་རུ་ཨ་མདོ་གཅན་ཚ་དང་ཁམས་བདེ་ཆེན་ནས་ཡིན་པའི་གླུ་བ་འདི་གཉིས་ཀྱི་བརྩེ་བ་ཟབ་མོ་དབྱངས་འགྲོས་སུ་འཁྱིལ་ཡོད་པ་རེད།
   ཆེད་སྒྲིག་གི MV བརྙན་དུ་འཕབ་ཕྱིར། པ་སངས་ཟླ་བ་དང་གཡང་དཀར་སྒྲོལ་མ་གཉིས་ཀྱིས་སྒེར་ངོས་མ་རྩ་བཏང་ཐོག ལོ་གཅིག་གི་རིང་པེ་ཅིང་ནས་བདེ་ཆེན། ལྷ་ས་སོགས་ཡུལ་གྲུ་ཁག་ཏུ་བསྐྱོད་དེ་ད་ཆ་ཧྥ་རན་སི་རུ་ཡོད་པའི་བཀྲ་ཤིས་རྡོ་རྗེ་ལགས་ཀྱི་རྒྱབ་སྐྱོར་འོག་བརྙན་དུ་ཕབ་པ་དང་། བརྙན་མང་ཆེ་བ་རོང་ཆེན་ཁ་བ་དཀར་པོའི་འགྲམ་དུ་བླངས་པ་རེད་འདུག
  ཆེད་སྒྲིག་འདི་རུ་ཕུན་སུམ་ཚོགས་པའི་བོད་ཀྱི་ས་ཁམས་དང་རིག་གནས། ཐུན་མོང་མ་ཡིན་པའི་རང་བྱུང་གི་བརྡ་རྟགས་སྤྱད་ནས། བོད་ཀྱི་དམངས་ཁྲོད་ཀྱི་སྒྱུ་རྩལ་པ་དཀྱུས་མའི་རབ་རྟོག་དང་བསྲེས་ལྷད་མ་ཞུགས་པའི་གདོད་མའི་རྣམ་པས་བོད་མི་དམངས་ཀྱི་དངོས་ཡོད་འཚོ་བའི་ཁྲོད་འཐིམས་ཡོད་པའི་རིག་གནས་སྒྱུ་རྩལ་མཚོན་ཡོད། དེ་རུ་བདེ་ཆེན་གཞས་དང་། ནང་བསྟན་གྱི་རོལ་མོ། སྒྲ་སྙན་སོགས་རྒྱལ་ཁབ་རིམ་པ་དང་། ཁུལ་རིམ་པའི་དངོས་མིན་རིག་གནས་ཤུལ་བཞག་དང་། ད་དུང་བལ་བོ་དང་འབྲུག་ཡུལ་གྱི་དམངས་གཞས་ཟུང་འབྲེལ་གྱིས་ས་གནས་ཀྱི་ཁྱད་ཆོས་ལྡན་པའི་གླུ་གཞས་སྒྲིག་སྦྱོར་བྱས་པ་དང་། བོད་ཀྱི་ན་གཞོན་རྣམས་ཀྱིས་མཛའ་གཞས་ལེན་རེས་བཅས་སོགས་ཚུད་ཡོད།
  གདོད་མའི་དབྱངས་རྟ་མ་ཉམས་པའི་བོད་གཞས་ཆེད་སྒྲིག་མང་པོ་སྔར་མེད་པ་ལ། ༢༠༠༡ ལོར་བཙུགས་པའི“མ་སྐྱེས་ཨ་མ་རོལ་ཚོགས”ནི་བོད་ཀྱི་སྔ་མོའི་རོ་བྲོ་མ་ཉམས་པར་སྤེལ་ཐུབ་པ་བྱུང་མཁན་གྱི་དམངས་ཁྲོད་རོལ་ཚོགས་ཐོག་མ་དེ་ཡིན། རོལ་ཚོགས་གང་གིས་སྔར་གྱི་རོལ་མོ་ལ་དེང་རབས་རོལ་མོས་ཟུར་བརྒྱན་པ་དང་། བོད་ཡུལ་མདོ་དབུས་ཁམས་གསུམ་གྱི་གནའ་བོའི་རོལ་ཆས་སྒྲ་སྙན་དང་ཆོས་ལུགས་རོལ་ཆས་རྔ་དྲིལ། ནུབ་ཕྱོགས་ཀྱི་དཀྲོལ་ཆས་པི་ཝང་སོགས་མི་རིགས་ཀྱི་ཁྱད་ཆོས་དང་གདོད་མའི་དམངས་ཁྲོད་ཀྱི་ཉམས་དང་ལྡན་པ་དག་ཕྱོགས་གཅིག་ཏུ་བསྡུས་ནས། གནའ་བོའི་དམངས་གླུ་ལ་ཚེ་སྲོག་གསར་པ་ཞིག་སྦྱིན་ཡོད།
   གཞས་མཁན་གཙོ་བོ་གཡང་དཀར་སྒྲོལ་མ་དང་པ་སངས་ཟླ་བ་ཡིན་པའི་ད་ལྟའི་རོལ་ཚོགས་ལ“ང་ལོ་གསར་དགོང་ཚོགས་སུ་ཞུགས་དགོས”དང་། སི་ཁྲོན་བརྙན་འཕྲིན་ཁང་གི ༢༠༡༡ ལོའི“ཀྲུང་གོའི་བོད་གཞས་འདུ་ར”འི་ཅོད་པན་བླངས་མྱོང་བ་མ་ཟད། ཀྲུང་དབྱང་བརྙན་འཕྲིན་ཁང་གིས་བསྒྲུབས་པའི“ཀྲུང་ཧྭའི་བརྩེ་བ”“དམངས་གླུའི་ཀྲུང་གོ” སོགས་ལེ་ཚན་དང་དགོང་ཚོགས་སུ་ཞུགས་མྱོང་།
  རོལ་ཚོགས་ཀྱི་གཞས་མ་གཙོ་བོ་གཡང་དཀར་སྒྲོལ་མ་ནི་མཚོ་སྔོན་གཅན་ཚ་རུ་སྐྱེས་ཤིང་། ཆུང་ངུའི་དུས་ན་མིས་སྨོན་པ་འཆོར་སའི་སྐད་ངག་སྙན་མོ་ཞིག་ཡོད་པས“བྱེའུ་ཅོ་ཀ”ཡི་མཚན་སྙན་ཡོད་པ་དང་། ༢༠༠༧ ལོར་མ་སྐྱེས་ཨ་མ་རོལ་ཚོགས་སུ་ཞུགས། ༢༠༡༠ ལོར་སྒེར་གྱི་ཆེད་སྒྲིག་ཐོག་མ《གསེར་གྱི་ཉི་འོད》བཀྲམས། ༢༠༡༢ ལོར《ང་ཡི་སྒྲོལ་མ》ཞེས་གཞས་དེ་བཀྲམས་པས་བོད་ཕྱི་ནང་གི་གཞས་ར་གྲགས་འགུལ་མི་ཆུང་བ་བཟོས་མྱོང་།
  ཁམས་བདེ་ཆེན་གྱི་པ་སངས་ཟླ་བ་ནི ༢༠༠༩ ལོར་མ་སྐྱེས་ཨ་མར་ཞུགས། ཁོ་ལ་ཐུན་མིན་དུ་ཡོད་པའི་སྐད་ངག་ལས་གཞན་ཧྥེ་གླིང་གི་རྔ་དང་པི་ཝང་རྒྱུད་གསུམ་མ། བོད་ཀྱི་ཞབས་བྲོ་ལའང་བྱང་ཆ་ཆེན་པོ་ལྡན། ལོ་དུ་མའི་རིང་གི་འབད་རྩོལ་བརྒྱུད་ནས་ཁོའི་སྐད་ངག་གིས་ལྟ་མཁན་གྱི་ཡིད་དབང་བརྟན་པ་འཕྲོག་ཐུབ་པ་སོགས་རོལ་ཚོགས་ཀྱི་སྲོག་ཤིང་ལྟ་བུ་ཆགས།(རྩོམ་འགན་པ། རྟ་མགྲིན)
འབྲེལ་ཡོད་རྩོམ་ཡིག