ཀྲུང་གོའི་བོད་ལྗོངས་དྲ་བ།>གསར་འགྱུར།

རྒྱལ་ཁབ་དྲ་འཕྲིན་ཁང་གིས་གཏན་འབེབས་གསར་པ་བཏོན་ནས་ཐོ་ཨང་ཟང་ཟིང་གི་སྣང་ཚུལ་དག་ཐེར་ཆེན་པོ་བྱ་རྒྱུ་རེད།

2015-02-12 ཚེ་བརྟན་སྒྲོལ་དཀར།
  ཤིན་ཧྭ་གསར་ཁང་པེ་ཅིང་ནས་ཟླ་2ཚེས་4ཉིན་གློག་འཕྲིན་འབྱོར་གསལ། ཟླ་2ཚེས་4ཉིན་རྒྱལ་ཁབ་དྲ་སྦྲེལ་ཆ་འཕྲིན་གཞུང་དོན་ཁང་གིས《དྲ་སྦྲེལ་སྤྱོད་མཁན་གྱི་ཐོ་འགོད་ཨང་གྲངས་དང་མིང་གི་དོ་དམ་གཏན་འབེབས》འགྲེམས་སྤེལ་བྱས་པ་དང་གཏན་འབེབས་དེ་ཟླ 3 ཚེས 1 ཉིན་ནས་ལག་ལེན་བསྟར་རྒྱུ་ཡིན་པ་རེད།
   རྒྱལ་ཁབ་དྲ་འཕྲིན་གཞུང་དོན་ཁང་གི་འབྲེལ་ཡོད་འགན་འཁུར་བས་ཀྲུང་གོའི་དྲ་དམངས་གཞི་ཁྱོན་འཛམ་གླིང་ཐོག་ཨང་དང་པོར་སླེབས་ཀྱི་ཡོད་པ་དང་སྤྱོད་མཁན་གྱི་ཐོ་འགོད་ཨང་གྲངས་གྲངས་འབོར་ཕོན་ཆེན་ཡོད་པས་ཐོ་འགོད་ཨང་གྲངས་ཟང་ཟིང་གི་སྣང་ཚུལ་ཉིན་རེ་བཞིན་མངོན་གསལ་དོད་དུ་འགྲོ་གི་ཡོད། མི་ཁག་གཅིག་གིས་ཏང་སྲིད་ལས་ཁུངས་ལ་རྫུས་ནས་སྤྱི་དམངས་ལ་མགོ་སྐོར་གཏོང་བ་དང་། ཁག་གཅིག་གིས་སྨྱན་སྦྱོར་སྡེ་ཚན་ལ་རྫུས་ནས་གསར་འགྱུར་རྫུས་མ་སྤེལ་བ། ཁག་གཅིག་གིས་མི་གཞན་གྱི་ཐོབ་ཐང་སྤྱད་དེ་མི་སྒེར་གྱི་ཁྲིམས་མཐུན་ཁེ་དབང་ལ་གནོད་འཚེ་བཟོ་བ། ཁག་གཅིག་གིས་ཕྱི་རྒྱལ་གྱི་གཙོ་བདག་ཚུད་པའི་གྲགས་ཅན་མི་སྣར་རྫུས་པ། ཁག་གཅིག་གིས་ཁེ་ལས་དང་བྱ་གཞག་ཚན་པ་དང་སྤྱི་ཚོགས་རྩ་འཛུགས་ལ་རྫུས་ནས་ཆ་འཕྲིན་རྫུས་མ་ཡོངས་བསྒྲགས་བྱེད་པ། ཁག་གཅིག་གི་མིང་དང་མགོ་བརྙན་ལ་ལོག་གཡེམ་ཆགས་སྲེད་ཀྱི་ནང་དོན་ཡོད་པ་མ་ཟད། ཐ་ན་མངོན་སུམ་འཛེམས་མེད་དུ་འཆལ་སྤྱོད་སྤེལ་བ། ཁག་གཅིག་གིས་ངོ་སྤྲོད་ཆ་འཕྲིན་ནང་གཏུམ་སྤྱོད་འཇིགས་སྐུལ་དང་། རྒྱན་འཛུགས། དུག་རྫས་སོགས་ཀྱི་ཁྲིམས་འགལ་ཆ་འཕྲིན་བརྒྱུད་བསྒྲགས་བྱེད་པ། ཁག་གཅིག་གིས་སྤྱི་ཚོགས་ཀྱི་ཀུན་སྤྱོད་དང་རྒྱབ་འགལ་གྱིས་མ་རབས་ཐ་ཤལ་གྱི་རིག་གནས་སྒྲོག་སྤེལ་བྱེད་པ། ཁག་གཅིག་གིས་མངོན་སུམ་འཛེམ་མེད་དུ་རྒྱལ་ཁབ་ཁ་ཕྲལ་དང་མི་རིགས་མཐུན་སྒྲིལ་ལ་གཏོར་བཤིག་གཏོང་བ། ཁག་གཅིག་གིས་ལུང་ལོག་ལྟ་ཅན་དང་བཀས་བཀོད་རྒྱུད་འཛིན་གྱི་རྨོངས་དད་སྒྲོག་སྤེལ་བྱེད་པ་སོགས་ཀྱི་སྣང་ཚུལ་ཡོད་ཅེས་བརྗོད།
   འགན་འཁུར་བ་དེས་ངོ་སྤྲོད་བྱས་པར་གཞིགས་ན། 《གཏན་འབེབས》ནང་ཐོ་འགོད་ཨང་གྲངས་ཀྱི་མིང་དང་། མགོ་བརྙན། ངོ་སྤྲོད་ཆ་འཕྲིན་སོགས་དང་མཉམ་འབྲེལ་དྲ་རྒྱའི་ཁེ་ལས་དང་། སྤྱོད་མཁན་གྱི་ཞབས་ཞུ་དང་བེད་སྤྱོད་ཐད་ཚད་ལྡན་བཟོས་པ་དང་། པོད་ཁུག་དང་། པོད་ཕྲན། འཕྲལ་མྱུར་འཕྲིན་གཏོང་ཡོ་བྱད། གླེང་སྟེགས་སོགས་དྲ་སྦྲེལ་ཆ་འཕྲིན་ཞབས་ཞུའི་ཁྲོད་ཐོ་འགོད་བེད་སྤྱོད་བྱས་པའི་ཐོ་འགོད་ཨང་གྲངས་ཚང་མ་ཚུད་ཡོད། ཐོ་འགོད་ཨང་གྲངས་དོ་དམ་ཐད“མིང་ངོ་མས་ཐོ་འགོད་བྱེད་པ་དང་། བེད་སྤྱོད་སྐབས་རང་མོས་མིང་འདོགས་པའི”རྩ་དོན་གཞིར་བཟུང་སྤྱོད་མཁན་གྱི་ཁྱད་ཆོས་ལྡན་པའི་མིང་གདམ་ག་བྱེད་དབང་ལ་བརྩི་འཇོག་གང་ལེགས་བྱས་ནས་ཐོ་འགོད་བྱེད་སྐབས་མིང་ངོ་མ་མིན་པའི་སྣང་ཚུལ་གཙོ་གནད་ཐོག་བཅོས་སྒྲིག་བྱ་རྒྱུ་ཡིན་པ་རེད།
   འགན་འཁུར་བ་དེས་དྲ་སྦྲེལ་ཁེ་ལས་ཀྱིས་དོ་དམ་གྱི་འགན་འཁྲི་གཙོ་བོ་དོན་འཁྱོལ་བྱས་ནས་ཞབས་ཞུའི་གཞི་ཁྱོན་དང་འཚམ་པའི་ཆེད་ལས་མི་སྣ་བཀོད་སྒྲིག་བྱས་ཏེ་དྲ་སྦྲེལ་སྤྱོད་མཁན་གྱིས་འདོན་སྤྲོད་བྱས་པའི་ཐོ་འགོད་ཨང་གྲངས་ཀྱི་མིང་དང་། མགོ་བརྙན། ངོ་སྤྲོད་ཆ་འཕྲིན་སོགས་ཀྱི་ཐོ་འགོད་ཆ་འཕྲིན་ལ་ཞིབ་དཔྱད་བྱས་ནས་ཁྲིམས་འགལ་དང་ཆ་འཕྲིན་ངན་པ་ཡོད་རིགས་ཐོ་འགོད་བྱ་རྒྱུ་མེད། ཁྲིམས་འགལ་དང་ཆ་འཕྲིན་ངན་པ་ཡོད་པའི་ཐོ་འགོད་ཨང་གྲངས་ལ་དུས་བཀག་སྒྱུར་བཅོས་དང་། གནས་སྐབས་བེད་སྤྱོད་བྱེད་མཚམས་འཇོག་པ། ཐོ་འགོད་མེད་པ་བཟོ་བ་སོགས་ཀྱི་བྱ་ཐབས་སྤྱོད་དགོས། དེ་དང་ཆབས་ཅིག་ཁེ་ལས་ཀྱིས་ད་དུང་སྤྱོད་མཁན་གྱི་ཆ་འཕྲིན་དང་སྤྱི་དམངས་མི་སྒེར་གྱི་གསང་བ་སྲུང་སྐྱོང་བྱས་ཏེ་ཐེར་འདོན་གོང་ཞུ་བདག་སྤྲོད་ཐག་གཅོད་ལམ་སྲོལ་འཛུགས་པ་དང་འཐུས་ཚང་དུ་བཏང་ནས་རང་རྟོགས་ངང་སྤྱི་ཚོགས་ཀྱི་ལྟ་སྐུལ་དང་ལེན་བྱེད་དགོས་ཞེས་ནན་བཤད་བྱས་པ་རེད།
   འགན་འཁུར་བ་དེས་རྒྱ་ཆེའི་དྲ་དམངས་ཚོས་དྲ་རྒྱའི་སྣོད་བཅུད་བཅོས་སྐྱོང་ནང་ཧུར་ཐག་ཞུགས་རྒྱུར་དགའ་བསུ་ཞུ་རྒྱུ་ཡིན། རྒྱལ་ཁབ་དྲ་འཕྲིན་གཞུང་དོན་ཁང་ཁོངས་གཏོགས་ཀྱི་ཀྲུང་གོ་དྲ་སྦྲེལ་ཁྲིམས་འགལ་དང་ཆ་འཕྲིན་ངན་པ་ཐེར་འདོན་ལྟེ་གནས་ཀྱིས་ཆུ་ཚོད་24རིང་སྤྱི་ཚོགས་ཐོག་གི་ཐེར་འདོན་གོང་ཞུ་བདག་སྤྲོད་བྱེད་ཀྱི་ཡོད། ཐེར་འདོན་གོང་ཞུའི་ཁ་པར་ཨང་གྲངས་12377དང་། ཐེར་འདོན་གོང་ཞུའི་དྲ་ཚིགས www.12377.cn བཅས་ཐེར་འདོན་གོང་ཞུའི་སྦྲག་སྒམjubao@12377.cnབཅས་ཡིན། ཐེར་འདོན་གོང་ཞུ་བྱས་ནས་བྱས་རྗེས་འཇོག་མཁན་ལ་ཐེར་འདོན་གོང་ཞུ་ལྟེ་གནས་ཀྱིས་བྱ་དགའ་སྤྲོད་རྒྱུ་ཡིན་ཞེས་བརྗོད།(རྩོམ་འགན་པ། རྟ་མགྲིན)
འབྲེལ་ཡོད་རྩོམ་ཡིག