གཟིགས་མོ་བ་ལྷན་རྒྱས་སྐུ་ཁམས་བཟང་། དེ་རིང་གི《ཀུན་གླེང་བཅར་འདྲི》ལེ་ཚན་ལ་གཟིགས་པར་དགའ་བསུ་ཞུ། ང་ཚོས་གྲོང་ཁྱེར་མང་པོ་ཞིག་གི་ཁྲོམ་སྲང་ནས་དབང་པོ་སྐྱོན་ཡོད་པ། ནད་ལྕི་མོ་ཕོག་ཡོད་པའི་སྣང་ཚུལ་འདི་འདྲ་རྟག་པར་མཐོང་ཡོང་གི་རེད་ལ། མིས་བལྟས་ན་སྙིང་རྗེ་འཆོར་བས་གདུང་སེམས་སྐྱེ་ཡོང་བ་དང་། སེམས་བཟང་དག་གིས་སེམས་ཀྱིས་མ་བཟོད་པར་རྟག་པར་དངུལ་སྦྱིན་གཏོང་གི་ཡོད་པ་རེད། དངུལ་མང་པོ་མེད་ཀྱང་། མ་སྦྱིན་ན་ལག་པ་དེས་སེམས་ལ་བསྙབས་ཡོང་བ་འདྲ་བར་བདེ་པོ་ཡོང་གི་མ་རེད། ཁྱད་པར་དུ་ལོ་གསར་ལ་ཉེ་སྐབས་སྲང་ལམ་གྱི་སྤྲང་པོའང་དུས་རྒྱུན་ལས་མང་པ་ཡོད། འོན་ཀྱང་སྣང་ཚུལ་འདི་ལྟ་བུ་མཐོང་དུས་ཁྱེད་ཀྱིས་དངུལ་སྟེར་རྒྱུར་བྲེལ་བ་མ་བྱེད་དང་། དོན་འདི་ལ་ད་དུང་གཟབ་གཟབ་གནང་དགོས་ཀྱི་འདུག
འགྲེལ་བཤད།
ཁྲོམ་སྲང་ན་སློང་མོ་བྱེད་པའི་སྣང་ཚུལ་འདི་གསར་འགོད་པས་ག་ས་ག་ལ་མཐོང་ཐུབ་སྟེ། མེ་འཁོར་འབབ་ཚུགས་དང་དོང་འཁོར་ཁ་དང་། ས་འོག་འགྲོ་ལམ། སྨན་ཁང་གི་སྒོ་ཁ། ཚོང་ལས་ཁུལ་སོགས་མི་ཚོགས་མང་ས་ནས་མི་ཁ་ཤས་ཀྱིས་རྟག་པར་རྒྱུ་མཚན་སྣ་ཚོགས་ལ་བརྟེན་ནས་སློང་མོ་བྱེད་པ་མཐོང་གི་རེད། དེ་ལས་མི་འདི་ཚོ་ཕལ་ཆེ་བས་ཁྱིམ་མིར་ནད་ལྕི་མོ་ཕོག་ནས་སྐྱོབ་བྱེད་ཀྱི་དངུལ་འཕྲལ་མཁོ་ཆེ་ཞེས་བརྗོད་ཀྱི་ཡོད།
ད་ལོའི་ཟླ ༡ པོའི་ཚེས ༥ ཉིན། ནན་ཁྲང་གྲོང་ཁྱེར་གྱི་ཞིང་ཚོང་ཁྲོམ་རར་ཕོ ༣ དང་མོ ༡ མི་ཚོགས་ཀྱི་ཁྲོད་དུ་པུས་མོ་སར་བཙུགས་ནས་རིམ་པར་བསྒྲིགས་ཡོད་ཅིང་། དཀྱིལ་དུ་བྱང་བུ་ཞིག་གི་སྟེང་བཞག སྟེང་དུ་སློབ་ཆེན་འགྲིམ་བཞིན་པའི་ནུ་མོར་ཁྲག་དཀར་ནད་ཕོག་ཡོད་པས་གཤག་བཅོས་གླ་ཆ་འབོར་ཆེན་འཕྲལ་མཁོ་ཆེ་ཚུལ་བྲིས་ཡོད་པ་དང་། ས་ཐོག་ཏུ་སྨན་ཁང་དང་སློབ་གྲྭས་སྤྲད་པའི“བདེན་དཔང་རྒྱུ་ཆ”བཀྲམས་འདུག་པ་མ་ཟད། ཆབས་ཅིག་ཏུ“སེམས་བཟང་ཚེ་གཅིག་ཁ་དྲོ”ཞེས་པའི་གླུ་གཞས་གཏོང་གིན་ཅུང་མ་འགོར་བར་ལམ་འགྲོ་བ་ཁ་ཤས་ཀྱི་རོགས་དངུལ་སྒོར་སྟོང་ཕྲག་ཁ་ཤས་འབྱོར་བྱུང་། མཐར་གསར་འགོད་པས་རྫུན་བཟོ་ཤ་སྟག་ཡིན་པ་ར་སྤྲོད་བྱས་པ་རེད།
ཧྲན་ཞི་རུ། གཞོན་ནུ་སློང་མ་བ་འདིས་ལམ་འགྲོ་བར་མགོ་བོས་ཕྱག་ཅི་ནུས་ཀྱིས་འཚལ་ཞོར་འཁྲིས་ཀྱི་ཨ་མ་སར་ཉལ་བ་དེའི་ནད་ལྕི་ཚུལ་བརྗོད་ཀྱི་འདུག་པ་དང་། དྲོས་ཇའི་དུས་སུ་སྒམ་ཆུང་ནང་དངུལ་གྱིས་གང་རྗེས། དེ་གཉིས་སྤམ་མདོག་ཁ་པོས་ཡར་ལངས་ཏེ་ཕྱིན་སོང་ལ། མ་གཞི་ཨ་མ་ནད་ཀྱིས་མནར་བ་དེའང་ན་རྫུ་བྱས་པ་རེད་འདུག
གྲོང་མི།
ཁ་ས་ཁེ་ཉིན་བགྲེས་མོ་ཞིག་འདུག ད་གཞོན་པ་ཞིག་ལ་བརྗེས་འདུག
གསར་འགོད་པ།
བགྲེས་མོ་དེ་ཐང་པོ་འདུག་གམ།
གྲོང་མི།
ཐང་པོ་འདུག ནད་ག་པར་འདུག
གསར་འགོད་པ།
གཟུགས་པོ་ཐང་པོ་འདུག་གཱ
སློང་མོ་བ།
ད་ལྟ་ཡག་པོ་འདུག
གསར་འགོད་པ།
ད་ཡག་པོ་འདུག་ཨེ? ཉལ་བསྡད་ན་ཡག་པོ་མི་འདུག་གམ?
སློང་མོ་བ།
ཁྱོད་ལ་སྐྱག་པའི་ཇུས་གཏོགས་འདུག་གམ? ངས་ཧ་གོ་གི་མི་འདུག
གསར་འགོད་པ།
ངས་ཁྱོད་དངུལ་སྦྱིན་ཚར་ཡོད་དཱ།
སློང་མོ་བ།
ཁྱོད་ཀྱིས་དངུལ་ག་ཚོད་བཞག་ཡོད། སྟེང་ལ་མིང་ཨེ་བྲིས། དངུལ་མང་པོ་བླུགས་པ་རེད་མ་རེད། གཞན་ཚང་མ་ཁྱོད་འདྲ་བ་ཡིན་ཚེ་ཆོ་མེད་མ་རེད་དམ། གསར་འགོད་པ།
ཆོ་ག་འདྲ་ཟེ་མི་འདུག ཁྱོད་འདྲ་ཡིན་ཚེ་ཆོ་མེད་རང་རེད།
སློང་མོ་བ།
ཁྱོད་ཀྱིས་ཅིག་སྒྲུབས་དང་གཞན་གྱིས་དངུལ་སྦྱིན་གྱི་རེད། སྐད་ཆ་བཤད་པས་ཕན་ཐོགས་ག་རེ་འདུག གསར་འགོད་པ།
ཁྱོད་ཀྱིས་ཕྱག་འཚལ་ནས་དངུལ་སྦྱིན་རོགས་ཟེར་བ་རེད་པ།
སློང་མ་བ།
འདི་ང་འཇོན་པོ་ཡོད་ཙང་རེད། འདི་ངའི་དོན་དག་ཡིན། ཁྱོད་ལ་ཇུས་གཏོགས་ག་རེ་འདུག
འགྲེལ་བཤད་པ།
ཡང་གཞན་ཞིག་ནི། སློང་མ་བ་ཁ་ཤས་ཕར་བལྟས་ན་དབང་པོ་སྐྱོན་ཅན་ཡིན་པ་ལྟར་ཡོད་ལ། མི་རྣམས་ཀྱང་གདུང་བ་སྐྱེས་ནས་དངུལ་ཕངས་མེད་སྟེར་གྱི་ཡོད། མི་རིང་བའི་གོང་དུ། མི་ཞིག་གིས་ཀྲེ་ཅང་ཝིན་ལིན་ནས་སྣང་ཚུལ་འདི་ལྟ་བུ་ཞིག་མཐོང་། བལྟས་ཚོད་ཀྱིས་རྐང་པ་རྩ་ནས་ཞ་བོ་ཡིན་པའི་དབང་པོ་སྐྱོན་ཅན་ཞིག་གིས་ལག་ཏུ་སློང་སྒམ་བཟུང་ཞིང་། ལྭ་བ་རྩབ་རལ་ཏུ་གྱུར་བ་གྱོན་ནས་ས་རུ་བསྣར་ཐོག གཟུགས་པོ་ལག་ཟུང་གིས་དྲུད་བཞིན་སློང་མོ་བྱེད་བཞིན་ཡོད་མོད། མི་ཚོགས་ཉུང་ས་ཞིག་ཏུ་སླེབས་རྗེས་ཧོབ་སྟེ་སར་ཙོག་ནས། རྒྱབ་ཀྱི་གྱོན་གོས་རལ་པོ་ཕུད། མགོ་ནས་རྐང་པའི་བར་གྱི་རྫུན་ཆས་ཕྱིས་རྗེས་མི་དཀྱུས་མ་ནང་བཞིན་ཡར་ལངས་ཏེ་ལྡེམ་མྱུར་དོད་པས་ཕྱིན་སོང་ལ། གོ་རིམ་ཆ་ཚང་མཐོང་མཁན་དེའང་ཧ་ལས་ཧང་སངས་སུ་བཅུག་འདུག
ཡང་སློང་མཁན་ཁ་ཅིག་གིས་ཁྲག་དང་མིག་ཆུའི་གཏམ་རྒྱུད་དེ་འདྲ་བརྗོད་ཀྱི་མེད་པར། གནས་སྐབས་དཀའ་ངལ་དང་འཕྲད་པས་ལམ་གླ་ཙམ་སོགས་དགོས་རབས་བཤད་ཡོད་ཀྱི་ཡོད་ལ། རྒྱུ་མཚན་འདི་འདྲ་བར་ཡང་ཏག་ཏག་མི་རྣམས་ཀྱིས་གདུང་སེམས་བཅངས་སླ་པོ་ཡོད། ཞན་ཐོའུ་གྲོང་ཁྱེར་དུ། རྐང་འཁོར་ལ་མོས་མཁན་ཡིན་ཟེར་མཁན་གཞོན་ནུ ༣ གྱིས། ཡུན་ནན་ནས་ཞན་ཐོའུ་བར་རྐང་འཁོར་བསྐོར་ཏེ་དངུལ་ཆ་ཚང་རྫོགས་ཚར་བས། ཐབས་མེད་པར་ལམ་གླ་སློང་གི་ཡོད་སྐོར་བརྗོད་བྱུང་།
གསར་འགོད་པ།
ཁ་སང་གང་ནས་ཡོང་བ་ཡིན།
སློང་མོ་བ།
ཁ་སང་ཞེ་དབྱང་ནས།
འགྲེལ་བཤད་པ།
ཡིན་ནའང་། གྲོང་མི་ཚོས་མི་འདི ༣ གྱི་ཐོབ་ཐང་དངོས་དང་ཀུན་སློང་ལ་དོགས་པ་ཟ་གི་ཡོད་དེ། བགྲེས་པོ་ཞིག་གིས་བརྗོད་པ་ལྟར་ན་ཁོས་མི་དེ་གསུམ་གྱིས་ཉུང་མཐའ་ཡང་ཟླ་ཕྱེད་ཀྱི་རིང་ལ་དེར་སློང་མོ་བྱས་བསྡད་པ་མཐོང་ཞིང་། ཁོ་ཚོས་རྫུན་ལབ་ཀྱི་ཡོད་པ་རེད།
གྲོང་མི།
ཁྲོམ་རའི་ཕྱི་རུ་ཟླ་ཕྱེད་ལྷག་ལ་བསྡད་སོང་། རེད། ཁྲོམ་རའི་ཕྱི་རུ།
གསར་འགོད་པ།
དེ་ཡང་ཁོ་ཚོ་གསུམ་པོ་རེད་དམ།
གྲོང་མི།
རེད། ཁོ་ཚོ་གསུམ་ཀ་རེད།
འགྲེལ་བཤད་པ།
ཡང་ལམ་གླ་སློང་གི་ཡོད་པའི་མིང་གཡར་བ་ཞིག་རེད། ནན་ཅིང་དུ། སློང་མ་བ་ཞིག་གིས“རུས་ཐལ”པང་དུ་བཟུང་ནས་སྲང་ལམ་དུ་ཐོན། ཁོས་མགོ་ལ་རས་དཀར་དཀྲིས་པ་དང་ལག་པར་རུས་ཐལ་སྒམ་ཆུང་བཟུང་སྟེ་པུས་མོ་སར་བཙུགས་ནས་སྡོད་ཅིང་། མདུན་དུ་ཤོག་དཀར་གྱི་ངོས་སུ་ཨ་མ་གློ་བུར་དུ་ནད་ཀྱིས་གྲོངས་པས། ཨ་མའི་རུས་ཐལ་ཁྱེར་ནས་ཕྱིར་ཁྱིམ་དུ་ཁྱེར་ཏེ་དུར་སྦས་བྱེད་སྤྱད་ཀྱི་སྒོར ༥༦༠ ད་ཆ་འཕྲལ་འཕྲལ་མཁོ་ཆེ་ཞེས་བྲིས་ཡོད་པ་དང་། འདི་མཐོང་རྗེས་ལམ་འགྲོ་བ་གྲོང་མི་ཚང་མས་དངུལ་ཁུག་ཕངས་མེད་དུ་སློག་གི་ཡོད།
གྲོང་མི།
ཁོས་ཨ་མའི་མིང་ཁྱེར་ནས་དོན་འདི་འདྲ་བ་སྒྲུབ་སྲིད་ཀྱི་མ་རེད། ངས་བསམ་ན་དངུལ་ག་འདྲ་ཞིག་འཚོལ་འདོད་ཡོད་ནའང་ཨ་མའི་དོན་འདི་སྤྱོད་སྲིད་ཀྱི་མ་རེད། ངའང་དང་པོ་ཡིད་ཏོག་ཙམ་ཆེས་བྱུང་།
འགྲེལ་བཤད་པ།
ཆུ་ཚོད་གཉིས་ཙམ་ཡང་མ་འགོར་བས། སྐྱེས་པ་དེར་སྒོར་སྟོང་ཙམ་གྱི་ཡོང་འབབ་ཐོབ་བྱུང་། ཡིན་ཡང་སྐྱེས་པ་དེས་དངུལ་འབོར་ཆེན་རང་གི་ཨམ་ཕྲག་ཏུ་ཁ་རོག་གེར་ལྡུག་གི་ཡོད་པ་གྲོང་མིས་མཐོང་བས། ལམ་སེང་ཉེན་རྟོག་པར་བརྡ་བརྒྱབ་པ་རེད། མི་དམངས་ཉེན་རྟོག་པས་སྐྱེས་པ་དེའི་སྒམ་ཆུང་གི་ཁ་ཕྱེ་རུ་འཇུག་དུས། བདེན་པ་ལྷང་ལ་བུད།
ཉེན་རྟོག་པ།
ཁ་ཕྱེས།
སློང་མོ་བ།
ཁ་ག་འདྲ་ཟེ་ཕྱེ།
ཉེན་རྟོག་པ།
ཁ་ཕྱེས།
སློང་མོ་བ།
ཕྱེ་ཐུབ་མི་འདུག
ཉེན་རྟོག་པ།
ལྟོས་དང་། འདི་ག་རེ་རེད།
སློང་མོ་བ།
ཤོག་སྒམ་གྱིས་བཟོས་པ་རེད།
འགྲེལ་བཤད་པ།
མཐའ་མར་སྐྱེས་པ་དེས་རང་གིས་སྒྲུང་རྫུན་བཟོ་བྱས་པ་ཡིན་ལུགས་ཁས་ལེན་བྱས་པ་རེད། ཡིན་ནའང་རྒྱུ་མཚན་ག་འདྲ་ཞིག་གི་དབང་གིས་ཡིན་ཀྱང་རུང་། རྫུན་གཏམ་འདི་དག་བསྒྲིགས་ནས་རྒྱ་སྲང་དུ་སློང་མོ་བྱེད་པ་ནི་མི་རྣམས་ཀྱི་སེམས་བཟང་པོ་ལ་ཐང་ཁུག་གཡོགས་པ་དང་ཕོག་ཐུག་ཡིན་པ་སྨོས་མེད་ཡིན།
བརྙན་གཏོང་ཁང་གི་གཙོ་སྐྱོང་བ།
ད་གིན་ང་ཚོས་མཐོང་བ་དེ་རྒྱ་སྲང་གི་སློང་མོ་བྱེ་བྲག་པ་ཁ་ཤས་རེད། དེ་ཚོ་ཚང་མར་ཐུན་མོང་གི་ཆ་ཞིག་ཡོད་པ་ནི་སྒྲུང་བཟོ་རྒྱུ་སྟེ་མིའི་གདུང་སེམས་ཐོབ་ཆེད་ཡ་ང་བ་དེ་འདྲ་ཡིན་ཁུལ་གྱིས་དངུལ་གཡོ་ལེན་བྱེད་ཀྱི་ཡོད་པ་རེད། བྱུང་རིམ་ལ་ཁྱད་པར་ཡོད་ན་གཏོགས་ཐབས་ཤེས་དེ་གཅིག་པ་གཅིག་རྐྱང་རེད། འདི་འདྲ་ཡིན་པ་ག་རེ་རེད། འདིའི་རྒྱབ་ན་གསང་བ་ག་རེ་ཡོད་པ་རེད། རང་རེའི་གསར་འགོད་པས་དེ་ལས་ཀྱང་ཞིབ་པའི་བརྟག་དཔྱད་བྱས་ཡོད།
འགྲེལ་བཤད་པ།
འདི་པེ་ཅིང་གྲོང་ཁྱེར་ཁྲའོ་ཡང་ཆུས་ཀྱི་བཟོ་མིའི་ལུས་རྩལ་ཐང་གི་བྱང་ལམ་རེད། ཟླ ༡ ཚེས ༡༧ ཉིན་གྱི་ཞོགས་པར། གསར་འགོད་པས་བརྙན་གཟུགས་འདི་ལྟ་བུ་ཞིག་བླངས། རྒྱ་ལམ་བྱང་ངོས་ཀྱི་མི་ཚོགས་འགྲོ་འོང་མང་སར་སློང་མོ་བ་གཉིས་ཞོགས་པའི་ཆུ་ཚོད ༩ ནས་གནས་དེར་སླེབས། པུས་བཙུགས་ནས་བསྡད་ཡོད་པའི་མི་དེའི་བཟོ་ལྟར་བལྟས་ན་ལོ་བཞི་བཅུ་ལྔ་བཅུའི་ཚོད་ཙམ་ཡིན་པ་འདྲ། ཁོས་ལམ་འགྲོ་བར་ཕྱག་མཚམས་མི་ཆད་པར་འཚལ་གྱིན་ཡོད་ཅིང་། འཁྲིས་སུ་ལོ་ན་དྲུག་ཅུ་ཙམ་ཡིན་པ་ཞིག་གིས་མལ་ཐུལ་གྱོན་ཞིང་མིག་བཙུམས་ནས་ཉལ་འདུག གདོང་ལ་བལྟས་ནས་ནད་ལྕི་མདོག་ཁ་པོ་ཞིག་ཏུ་མཐོང་། ཁོ་གཉིས་ཀྱིས་མདུན་དུ་ཁུག་མ་རལ་པོ་ཞིག་བཞག་འདུག་ལ། ནང་གི་སྒོར ༡ དང་ཟུར ༥ ཡིན་པ་བཅུ་གྲངས་ཤིག་འདུག སློང་མོ་བ་དེ་གཉིས་ཀྱིས་འགྲམ་དུ་ནད་ཐོའམ་ཡི་གེ་སོགས་རོགས་སྐྱོབ་ཀྱི་ཡི་གེ་གང་ཡང་མེད་ནའང་མི་མི་ཉུང་བ་ཞིག་གིས་གདུང་སེམས་ཐོབ་བྱུང་། གསར་འགོད་པས་འགྲམ་ནས་སྐར་མ ༡༥ ཞིབ་ལྟ་བྱས་བསྡད་པའི་རིང་ལ། ལམ་འགྲོ་བ་གཉིས་གསུམ་ཞིག་གིས་རོགས་སྐྱོར་བྱས་བྱུང་བ་དང་། བྱ་སྤུའི་ལྭ་བ་གྱོན་མཁན་བགྲེས་པོ་ཞིག་ཆེད་དམིགས་དེར་ཡོང་སྟེ་དངུལ་སློང་མོ་བའི་ལག་ཏུ་བཞག་བྱུང་། ཞིབ་ལྟ་བྱས་པས་བགྲེས་པོ་དེས་དངུལ་མི་ཉུང་བ་ཞིག་སྦྱིན་འདུག
གསར་འགོད་པ།
སྤོ་ལགས། ཁྱེད་ཀྱིས་ད་གིན་དངུལ་ག་ཚོད་སྦྱིན་པ།
གྲོང་མི།
སྒོར ༥༠
གསར་འགོད་པ།
དེ་འདྲ་མང་པོ་སྦྱིན་ན་ཅི་བྱེད?
གྲོང་མི།
ང་ལ་གོམས་གཤིས་ཤིག་ཡོད། དགེ་ལས་རེད། ང་ཞུགས་འདོད་ཡོད།
འགྲེལ་བཤད་པ། བགྲེས་པོ་འདི་ལྟ་བུའི་ལམ་འགྲོ་སེམས་བཟང་པོ་མི་ཉུང་གསར་འགོད་པས་མཐོང་ཞིང་། སློབ་ཕྲུག་ཡིན་བཟོ་ཡོད་པའི་ན་གཞོན་ཞིག་གིས་སློང་མོ་བའི་ཁུག་མར་དངུལ་བཅུ་གྲངས་ཤིག་བཞག་པ་མ་ཟད། རང་གིས་ཁྱེར་ཡོད་པའི་ཁ་ཟས་ཀྱང་ཁོ་ཚོར་སྤྲད།
གྲོང་མི་ཀ་བ།
ནད་ག་རེ་རེད། ཚབས་ཆེ་པོ་ཨེ་རེད།
གྲོང་མི་ཀ་བ།
བཟའ་རྒྱུ་འདི་ངས་ད་སོ་མ་ཉོས་པ་ཡིན། ཅུང་ཙམ་འཁྱག་འདུག་མོད། ཁྱོད་ཀྱིས་ལོངས་དང་།
འགྲེལ་བཤད་པ།
སྐབས་དེར། ནད་ལྕི་ན་རོགས་སྐྱོབ་ལས་ཁུངས་ལ་འབྲེལ་བ་བྱེད་ཡོང་ཞེས་ལམ་དུ་འགྲོ་མཁན་ཁྲོད་བརྗོད་མཁན་ཡང་བྱུང་མོད། སློང་མོ་བ་དེས་མི་དགོས་ཚུལ་གསལ་པོ་བརྗོད།
གསར་འགོད་པ།
ངས་ཁྱོད་ཚོར་རོགས་བྱེད་ཆོག དགེ་ལས་སྡེ་ཁག་གིས་ཁྱོད་ཚོར་རོགས་པ་བྱེད་ཐུབ་ཀྱི་རེད།
སློང་མོ་བ།
མི་དགོས།
འགྲེལ་བཤད་པ།
ལམ་འགྲོ་བ་སེམས་ཁུར་བྱེད་མཁན་དག་གིས་སྐད་ཆ་དྲིས་པར་སློང་མོ་བ་དེས་ལན་སྟབས་བདེ་པོ་ལས་རྒྱག་གི་མེད་པ་དང་། ལན་དེའང་མ་གེ་མོག་གེ་ཡིན་པ་གསར་འགོད་པས་ཤེས་བྱུང་། པུས་བཙུགས་མཁན་སློང་མོ་བ་དེས་བརྗོད་ན། ཁོ་ཚོ་པེ་ཅིང་གི་ཡིན་པ་དང་ཉིན་ལྟར་སློང་མོ་བྱས་པའི་དངུལ་གྱིས་ནད་བཅའ་ཡི་ཡོད་པ་དང་། ཏོག་ཙམ་ནས་ནང་ལ་ལོག་གི་ཡིན་ཟེར།
གསར་འགོད་པ།
ཁྱོད་ཀྱི་ཕ་ཡུལ་ག་ནས་ཡིན་པ།
སློང་མོ་བ།
པེ་ཅིང་ནས།
གསར་འགོད་པ།
པེ་ཅིང་རང་ནས་ཡིན་པས།
སློང་མོ་བ།
ཨིན།
གསར་འགོད་པ།
ཁྱོད་ཚོ་ག་པར་བསྡད་ཡོད། ངས་ཁྱོད་ཚོ་ཕར་སྐྱེལ་དགོས་ཀྱི་འདུག་གམ།
སློང་མོ་བ།
ཕ་གི་ན་ཡོད། ཁྱིམ་ན་འདུག་གི་ཡོད།
གསར་འགོད་པ།
ཐག་རིང་པོ་མིན་ནམ།
སློང་མོ་བ།
ཨིན། ཏོག་ཙམ་ནས་འགྲོ་གི་ཡིན།
འགྲེལ་བཤད་པ།
ཉིན་འདི་ནི་གཟའ་སྤེན་པ་རེད། བཟོ་བའི་ལུས་རྩལ་གྱི་བྱང་ལམ་ནས་མི་ཚོགས་འགྲོ་འོང་བྱེད་ཅིང་། དེ་ལས་སྤྲང་པོ་གཉིས་ཀྱི་ཁུག་མ་རུ་དངུལ་མཚམས་མི་འཆད་པར་སྟེར་གྱི་འདུག་ལ། མི་དེ་གཉིས་ཀྱང་ཁ་མལ་དེ་རུ་བསྡད་འདུག སྐབས་དེར་པུས་བཙུགས་བསྡད་ཡོད་པའི་སློང་མོ་བ་དེས་རུམ་ནས་ཐ་མག་བླངས་ཏེ་ཁམ་དོ་འཇིབས། སློབ་ཕྲུག་སེམས་བཟང་དེས་ཁྱེར་ཡོང་བའི་ཟ་མ་ཁོ་གཉིས་ཀྱི་རྒྱབ་ཏུ་བཞག་སྟེ་མིག་གིས་ལྟ་ཙམ་ཡང་བྱེད་ཀྱི་མི་འདུག ཉིན་གུང་སླེབས་ལ་ཉེ་དུས། མགོ་ལ་ཞྭ་མོ་གྱོན་པའི་བུད་མེད་ལོ་གཞོན་ཞིག་མངོན་བྱུང་། མོས་སློང་མོ་བ་དེར་སྟབས་བདེ་ཐུག་པ་སྦངས་བཞག་ཡོད་པ་ཞིག་སྤྲད་རྗེས་བུད་སོང་། ཡིན་ནའང་སྐར་མ་བཞི་ལྔ་ཙམ་ནས། མོ་ཡང་ཕྱིར་སླེབས་བྱུང་། སློང་མོ་བར་སྐད་ཆ་ལབ་ཞོར་དང་མགོ་བསྒུར་ནས་ཅི་ཞིག་ཁྱེར་བཞིན་འདུག སྐབས་འདིར་གསར་འགོད་པས་གསལ་གྱི་ལེར་མཐོང་བྱུང་། མ་གཞི་མོས་སློབ་མ་དེ་བསྐྱལ་ཡོང་བའི་ཟ་མ་ཁྱེར་ཕྱིན་པ་རེད།
སྐབས་འདིར་ད་་གིན་ས་ལ་ཉལ་ཡོད་པའི་རྒན་པོ་དེའང་མཐོང་རྒྱུ་མི་འདུག གསར་འགོད་པས་ཉེ་སར་བཙལ་མཐར། སྡོད་ཁུལ་ཐོག་ཁང་གི་འགབ་ཏུ་ད་གོང་གི་བུད་མེད་གཞོན་ནུ་དེ་མཐོང་ཞིང་། མོ་དང་རྒན་པོ་ཞིག་ཐག་ཉེ་སར་སར་བསྡད་དེ་གཉིས་ཀ་དྲོས་ཇ་འཐུང་གིན་འདུག ཞིབ་ཏུ་ལྟ་དུས། རྒན་པོ་དེ་ནི་མ་གཞི་ད་གིན་སར་ཉལ་ཡོད་པའི་སློང་མོ་བ་དེ་རེད། བུད་མེད་གཞོན་ནུ་འདི་དང་རྒན་པོ་སློང་མོ་བ་དེ་གཉིས་ཀྱི་འབྲེལ་བ་རྒྱུན་ལྡན་མིན་པ་གསལ་པོ་རེད། སྐབས་དེར་ཡང་བུད་མེད་རྒན་པ་ཞིག་སླེབས་བྱུང་། མོས་སློང་མོ་བ་དེར་སྐད་ཆ་ཞིག་བཤད་རྗེས་གནམ་ཟམ་དུ་བུད་ཅིང་། ཡང་པུས་བཙུགས་ནས་སློང་མོ་བྱེད་བཞིན་པ་གཞན་ཞིག་ལ་ཡང་སྐད་ཆ་འགའ་བཤད་རྗེས། སར་ཡོད་པའི་མལ་ཐུལ་དུ་འཛུལ་སོང་།
གསར་འགོད་པ།
ཁྱོད་ལ་ཅི་མ་ཉན་པ་རེད།
སློང་མོ་བ།
ན་བྱུང་།
གསར་འགོད་པ།
ག་རེ་ན་བྱུང་།
སློང་མོ་བ།
གྲུམ་ནད།
གསར་འགོད་པ།
ག་ཚོད་འགོར་སོང་།
སློང་མོ་བ།
ལོ་གཉིས་འགོར་སོང་།
གསར་འགོད་པ།
ད་ཅི་བྱ།
སློང་མོ་བ།
འགུལ་མི་ཐུབ།
གསར་འགོད་པ།
འགུལ་མི་ཐུབ་བམ།
ཨིན།
གསར་འགོད་པ།
མི་འདི་ཁྱོད་ཀྱི་ག་རེ་ཡིན་པ།
སློང་མོ་བ།
བཟའ་ཟླ།
འགྲེལ་བཤད་པ།
ད་ལྟ་ཉལ་བསྡད་ཡོད་པའི་བུད་མེད་རྒན་པ་དེ་ད་སོ་མ་ག་འདྲ་བྱས་ནས་ཡོང་བར་ང་ཚོས་ཅིག་ལྟ་ཡོང་། གོམ་སྟབས་མགྱོགས་པོ་བྱས་ནས་ཚུར་ཡོང་གིན་པའི་བུད་མེད་དེ་མིག་རྡེབ་དབང་ཙམ་གྱི་རིང་ལ་སར་ལུས་ནས་འགུལ་མི་ཐུབ་པའི་ནད་པ་དེར་གྱུར་བ་རེད། གནམ་ཟམ་ཐོག་གི་སློང་མོ་བ་འདི་གཉིས་དང་དེ་སྔོན་གསར་འགོད་པས་མཐོང་བའི་དེ་གཉིས་ཀྱི་སློང་མོ་བྱེད་སྟངས་དེ་གཅིག་པ་གཅིག་རྐྱང་རེད། ཆུ་ཚོད ༡ གི་རྗེས་སུ། གསར་འགོད་པ་ཡང་གནམ་ཟམ་དུ་ཡོང་། སྐབས་འདིར། ཡང་བློ་ཡུལ་ལས་འདས་པའི་རྣམ་པ་ཞིག་མཐོང་། ད་གིན་སར་ཉལ་བསྡད་ཡོད་པའི་བུད་མེད་རྒན་པ་དེ་སར་པུས་བཙུགས་སུ་བསྡད་ཡོད་ཅིང་། མ་གཞི་པུས་བཙུགས་ནས་བསྡད་ཡོད་པའི་རྒན་པོ་དེ་མལ་ཐུལ་ནང་དུ་འཛུལ་འདུག
གསར་འགོད་པ།
འདིར་སླེབས་ནས་ག་ཚོད་འགོར་སོང་།
སློང་མོ་བ།
ཟླ་བ་གཅིག
གསར་འགོད་པ།
ལོ་གཅིག་ཨེ?
སློང་མོ་བ།
ཉིན་ཁ་ཤས།
གསར་འགོད་པ།
ཉིན་ག་ཚོད།
སློང་མོ་བ།
ཟླ་བ་གཅིག
འགྲེལ་བཤད་པ།
པར་མིག་གི་མདུན་དུ། རྒན་མོ་དེས་གསར་འགོད་པའི་དྲི་བ་འདྲི་བ་དོགས་གཟབ་བྱེད་ཀྱི་ཡོད་པ་ཧ་ཅང་གསལ་པོ་རེད། མོས་ས་ན་ཉལ་བསྡད་ཡོད་པ་དེ་མོའི་བཟའ་ཟླ་ཡིན་པ་དང་ནད་ལྕི་མོ་ཕོག་ཡོད་པ་དེ་ཁོ་ན་ནན་བཤད་བྱེད། བརྙན་རིས་འདི་ལ་ཞིབ་ཏུ་བལྟས་ན། མལ་ཐུལ་གྱི་འོག་ཏུ་འཛུལ་ཡོད་པའི་རྒན་པོ་དེས་ལན་རེར་ཁ་རོག་གེར་ཕྱི་རུ་ལྟ་ཙམ་བྱེད་ཅིང་། ཡང་ལམ་སེང་ཕྱིར་འཛུལ་འགྲོ་གི་འདུག གསར་འགོད་པས་ནན་བཅག་བྱས་པས། སར་ཉལ་ཡོད་པ་དེས་གཞི་ནས་ཁ་གྲགས་བྱུང་།
སློང་མོ་བ།
ན་གི
གསར་འགོད་པ།
ན་གི་ཨེ? ཁྱོད་ག་རེ་ན་གི་འདུག
སློང་མོ་བ།
སྙིང་གི་ནད།
གསར་འགོད་པ།
སྙིང་གི་ནད། ཁྱོད་པེ་ཝེ་སྨན་ཁང་དུ་ཕྱིན་ནས་ཅིག་ལྟོས་དང་། ཡང་མིན་ངས་ཁྱོད་ལ་རོགས་པ་བྱེད།
སློང་མོ་བ།
འབྲེལ་བ་བྱེད་མི་དགོས། ང་རང་གིས་དངུལ་གསོག་ཡོང་།
འགྲེལ་བཤད་པ།
སྐབས་འདིར་ས་རུ་ཉལ་བསྡད་ཡོད་པ་ནི་ད་གིན་པུས་བཙུགས་ནས་སློང་མོ་བྱེད་མཁན་གྱི་རྒན་པོ་དེ་ཡིན་པ་གསལ་པོ་མཐོང་གི་འདུག ཡིན་ངོ་མ་ནི་མི་གཉིས་ཀྱིས་རེས་མོས་སྒོས་འཁྲབ་སྟོན་བྱེད་ཀྱི་ཡོད་པ་རེད། འདི་དུས་ཕྱི་དྲོར་སླེབས་ཚར་འདུག གསར་འགོད་པ་དེ་སྔོན་སློང་མོ་བ་གཉིས་སྡོད་སར་ཕྱིན་པ་དང་ཞྭ་མོ་གྱོན་པའི་བུད་མེད་གཞོན་ནུ་དེ་སྐབས་སྐབས་སུ་ཐག་ཉེ་བཅར་ཡོང་བ་མཐོང་། དགོང་མོ་ཆུ་ཚོད ༨ གྱི་སྟེང་དུ། ཉིན་གང་པོར་སློང་མོ་བྱས་པའི་ཕོ་དེ་གཉིས་ཀྱིས་ཅ་ལག་བསྡུ་གསོག་བརྒྱབ་པ་དང་། ཁུག་མའི་ནང་གི་དངུལ་ཚང་མ་ཕྱིར་བཏོན་ཡོང་། དེ་རིང་གི་ཡོང་སྒོ་འབེལ་བ་བལྟས་པ་ཙམ་གྱིས་ཤེས་ཐུབ། ཐང་གི་ཉལ་ཆས་ཀྱང་བལྟབས་ཏེ་སློང་མོ་གཉིས་གཞོན་ནུ་མ་དེའི་རྗེས་འབྲངས་ནས་གཞུང་ལམ་བརྒལ་ཅིང་སྤྱི་སྤྱོད་རླངས་འཁོར་ལ་བསྡད། གསར་འགོད་པས་རྗེས་དེད། ཆུ་ཚོད་གཅིག་དང་ཕྱེད་ཙམ་སྟེ་འབབ་ཚིགས་ཐེངས ༣ ལ་བརྗེས་རྗེས། ཧེ་ཏེན་ཆུས(海淀区)བརྡ་འཕྲིན་ལམ་གྱི་ཉེ་སྐོར་དུ་སླེབས་ཤིང་། དེ་ནས་སྡོང་གསེང་དུ་ཡལ་སོང་། སྐབས་དེར་གསར་འགོད་པས་ཡང་གནམ་ཟམ་སྟེང་གི་སློང་མོ་བ་གཉིས་སྟེས་དབང་གིས་མཐོང་ཞིང་། ཁོ་གཉིས་ཀྱང་སླེབས་མ་ཐག་པ་རེད་ལ། སྒོ་རྩིས་ཚོང་ར་དེར་འཛུལ་སོང་། གསར་འགོད་པས་དེ་མུར་རྗེས་དེད་ནས་གནས་ཚུལ་འདི་ལྟ་བུ་བརྙན་དུ་ལོན།
གནམ་ཟམ་སྟེང་གི་སློང་མོ་བ་གཉིས་ཀྱིས་ལུས་ཀྱི་དངུལ་སིལ་མ་ཡོངས་རྫོགས་བཏོན་ཏེ་ཁྱོན་བརྒྱ་ལོར ༤ ལ་བརྗེས་རྗེས་ཚོང་རར་ཁ་བྲལ་བ་དང་། མཐར་ཧེ་ཏེན་ཆུས་ཀྱི་ཀྲིན་པའེ་དར་ཆ་གྲོང་ཚོ་སྟེ་དམངས་ཀྱི་སྡོད་ཁང་མི་མཐོང་ས་ཞིག་ཡོད་པ་དེར་སླེབས། མཚན་མོ་ཡིན་ཡང་ར་སྐོར་དུ་མིའི་གྲིབ་གཟུགས་ཡོམ་ཡོམ་འགུལ་གྱིན་འདུག་ལ། དེ་མེ་གསོས་ས་ཟ་མ་བཟོ་རྩིས་བྱ་ཡི་འདུག གསར་འགོད་པས་འདིར་ཞག་སྒུག་བྱ་རྒྱུ་ཐག་བཅད། ཉིན་གཉིས་པའི་ཞོགས་པའི་ཆུ་ཚོད ༦ དང་ཕྱེད་ཀའི་སྟེང་ར་སྐོར་ནང་གི་མིའི་གྲིབ་མ་འགུལ་བྱུང་། ཆུ་ཚོད ༧ པར་ར་སྐོར་ལས་མི་བསྟུད་མར་ཕྱིར་ཐོན་ཞིང་། མཐའ་མ་སྡོད་ཁང་དེ་ནས་ཕྱིར་ཐོན་པའི་མི ༧ འདུག བདུན་པོའི་ནང་གསར་འགོད་པས་གཞོན་ནུ་མ་དེ་ལས་གཞན་ལྟོས་འཇོག་གིས་ཅུང་གཞོན་པའི་སྐྱེས་པ་ཞིག་ཀྱང་མཐོང་། གཞན ༥ པོ་ནི་ལོ་ན་མཐོ་བའི་རྒན་རྒོན་ཁ་ཅིག་རེད། དེའི་ནང་ཉིན་སྔ་མར་གསར་འགོད་པས་རྗེས་འདེད་བྱས་པའི་སློང་མོ་བ་དེ་གཉིས་ཀྱང་འདུག མི ༧ པོ་ཕྱིན་ཚར་རྗེས། གསར་འགོད་པས་ཁང་པ་གླ་ཁུལ་གྱིས་སྡོད་ཁང་དེར་འཛུལ། ར་སྐོར་དེར་ཁང་མིག་བཞི་ལྔ་ཞིག་འདུག གསར་འགོད་པས་གནམ་ཟམ་སྟེང་གི་སློང་མོ་བ་དེ་གཉིས་བསྐྱར་དུ་མཐོང་། ཡིན་ནའང་ད་ལྟ་ཁོ་གཉིས་ཀྱི་ཐོབ་ཐང་གྲོང་ཁྱེར་གྱི་ལས་ཀ་བ་དཀྱུས་མར་འགྱུར་འདུག
གསར་འགོད་པ།
སྡོང་པོ་འཛུགས་རྒྱུ་དང་ལྗང་བསྒྱུར་བྱ་རྒྱུ་ཨེ།
སློང་མོ་བ།
ཨིན།
འགྲེལ་བཤད་པ།
གསར་འགོད་པས་རྟོག་ཞིབ་བྱས་པ་ལྟར་ན། མི་འདི་གཉིས་དང་། དེའི་ཁར་སྔ་མོར་ཕྱིར་ཕྱིན་པའི་མི ༧ བསྣན་པའི་མི ༩ པོ་འདི་རུ་ཉུང་མཐའ་ཡང་ལོ་གཉིས་ལ་བསྡད་ཡོད་ཅིང་ཆེད་ལས་སློང་མོ་བ་སྐོར་གཅིག་ཡིན་འདུག དེའི་ནང་གི་ཕོ་གཞོན་མོ་གཞོན་དེ་གཉིས་རྩ་འཛུགས་བྱས་ཐོག རྒན་པོ ༧ པོ་ཚོ ༣ ལ་བགོས། ན་བའི་མིང་གིས་སྔ་འགྲོ་ཕྱི་ཡོང་བྱེད་ཅིང་། པེ་ཅིང་གྲོང་ཁྱེར་གྱི་འབྱོར་བ་རྒྱས་པའི་ས་ཚིགས་ཁག་ཏུ་ཆེད་ལས་སློང་མོ་བྱེད། རྩ་འཛུགས་པས་ལམ་ཐིག་བཟོས་ནས། རྗེས་འདེད་དོ་དམ་བྱེད་ཅིང་ཟ་འཐུང་གནས་མལ་ལ་བདག་བྱེད། རྒན་པོ་དག་གིས་བསླངས་ཡོང་བའི་རྒྱུ་དངོས་ཕལ་ཆེ་བ་དོ་དམ་མཁན་གཞོན་ནུ་ཕོ་མོ་གཉིས་ལ་སྤྲོད་དགོས་ཀྱི་འདུག
གསར་འགོད་པ།
དོ་དམ་བྱེད་མཁན་སུ་རེད།
ཆ་ཡོད་མཁན།
བཟའ་ཟླ་གཉིས་ཀ་རེད། ལོ་སུམ་ཅུ་ཙམ།
ཆ་ཡོད་མཁན་ཀ་པ།
འདི་ཤོག་ཁ་ཞིག་ལ་གཏོགས་ཀྱི་ཡོད།
གསར་འགོད་པ།
དོ་དམ་ག་འདྲ་བྱས་ནས་བྱེད་ཀྱི་རེད།
ཆ་ཡོད་མཁན་ཀ་པ།
ངས(སློང་མོ་བ)དངུལ་བསླངས་ན། ངས(སློང་མོ་བ)ཁྱོད(དོ་དམ་པ)ལ་སྤྲད་དགོས་རེད། དེ་ནས་ཁྱོད(སློང་མོ་བ)ལ་ཟླ་རེར་སྒོར་ཉིས་བརྒྱ་སུམ་བརྒྱ་སྟེར་གྱི་རེད། ཁྱོད་ཀྱི་ཟ་འཐུང་ངས་བདག་བྱེད་ཀྱི་རེད།
སྙན་སྒྲོན་ཁང་གི་གཙོ་སྐྱོང་པ།
ལྷག་བསམ་དཀར་མཁན་ལ་མགོ་ལ་རྫུན་དང་གཡོ་ཡིས་ཐང་ཁུག་གཡོགས་མཁན་སྲང་མདོའི་སློང་མོ་བ་དག་གི་སྤྱོད་པ་དེ་དངོས་འབྲེལ་བྱས་ནས་དམངས་ཁྲིམས་ཀྱི་རྩ་དོན་དང་སྤྱི་པའི་སྲོལ་བཟང་དང་འགལ་ཡོད་ལ། གལ་ཏེ་སྣང་ཚུལ་འདི་དག་གི་ཕག་ཏུ་བཙན་ཤེད་དང་གནོད་འཚེ་ཡོད་ཚེ་དེ་བས་ཀྱང་ཉེས་ཁྲིམས་ལ་ཐོགས་པ་ཡིན་པས་ཆད་པ་ནན་མོ་ངེས་པར་གཅོད་དགོས་པ་ཞིག་རེད། དོན་ལ་རང་ཅག་ལ་ཆོད་ཆེ་བའི་སྤྱི་ཚོགས་གསོ་སྐྱོབ་ལམ་ལུགས་ཡོད་པས་སྤྱི་མི་སུ་གང་ཞིག་དཀའ་ངལ་ལ་འཕྲད་པ་ཡིན་ན། ཁྱིམ་ནས་དམངས་སྲིད་ཅུས་དང་ཕྱི་ནས་རོགས་སྐྱོབ་ས་ཚིགས་བཙལ་ཆོག་པས། སྲང་ལམ་ནས་སློང་མོ་བྱེད་པའི་སྣང་ཚུལ་འདི་དག་ལ་ང་ཅག་གིས་དོགས་གཟབ་ཆེ་རུ་བྱེད་དགོས་པར་འདུག
ཁྱེད་ཀྱིས་དེ་རིང་གི《ཀུན་གླེང་བཅར་འདྲི》ལ་གཟིགས་པར་ཐུགས་རྗེ་ཆེ། སླར་མཇལ་ཡོང་།(རྩོམ་འགན་པ། རྟ་མགྲིན)