ཤིན་ཧྭ་གསར་འགྱུར་ཁང་ཁྭ་ལ་ལུམ་ཕུར་ནས་ཟླ་3ཚེས་8ཉིན་གློག་འཕྲིན་འབྱོར་གསལ། མ་ལེ་ཞི་ཡའི་མཁའ་འགྲུལ་ཀུང་སིའི་MH370འགྲུལ་སྐྱེལ་གནམ་གྲུ་ཆག་སྒོའི་དོན་རྐྱེན་བརྟག་དཔྱད་ཚོགས་པས་ཚེས་8ཉིན་མ་ལེ་ཞི་ཡའི་རླུང་འཕྲིན་བརྙན་འཕྲིན་ལས་ཁུངས་བརྒྱུད“དུས་དཀྱིལ་གསལ་བསྒྲགས”སྤེལ་ནས་ལོ་གཅིག་རིང་གི་བརྟག་དཔྱད་ལས་དོན་དང་དེའི་གནས་ཚུལ་ཕྱོགས་སྡོམ་བྱས་ཡོད། འོན་ཏེ་ཆག་སྒོ་ཐོན་པའི་རྒྱུ་རྐྱེན་ལ་ཕྱོགས་སྡོམ་གང་ཡང་བྱས་མེད་པ་རེད།
མ་ལེ་ཞི་ཡའི་མཁའ་འགྲུལ་ཀུང་སིའི་MH370འགྲུལ་སྐྱེལ་གནམ་གྲུ་གར་སོང་ཆ་མེད་དུ་གྱུར་ནས་ལོ་གཅིག་འཁོར་བའི་སྐབས་སུ་སྤེལ་བའི་གསལ་བསྒྲགས་ནང་ཆག་སྒོ་བརྟག་དཔྱད་ཀྱི་དམིགས་ཡུལ་འབའ་ཞིག་དེ་ནི་ཕྱིས་སུ་ཆག་སྒོ་དེ་རིགས་སླར་ཡང་མི་ཐོན་པ་བྱེད་ཆེད་ཡིན་པ་ལས་ལས་འཛོལ་ལམ་ཡང་ན་འགན་འཁྲི་གཞན་དཀྲི་བྱེད་ཆེད་མ་རེད།
རྒྱལ་སྤྱིའི་དམངས་སྤྱོད་མཁའ་འགྲུལ་རྩ་འཛུགས་ཀྱི་འབྲེལ་ཡོད་མཁའ་འགྲུལ་ཡོ་ཆས་ལས་འཛོལ་བརྟག་དཔྱད་ཀྱི་འབྲེལ་ཡོད་གཏན་འབེབས་ལ་གཞིགས་ན། མཁའ་འགྲུལ་ཡོ་ཆས་ཐོ་འཁོད་རྒྱལ་ཁབ་ཡིན་པའི་མ་ལེ་ཞི་ཡས་MH370འགྲུལ་སྐྱེལ་གནམ་གྲུ་གར་སོང་ཆ་མེད་དུ་གྱུར་པའི་དོན་རྐྱེན་ལ་བརྟག་དཔྱཔྱད་བྱེད་འགན་འཁུར་དགོས། དེར་བརྟེན་མ་ལེ་ཞི་ཡ་འགྲིམ་འགྲུལ་པུས་འབྲེལ་ཡོད་རྒྱལ་ཁབ་དང་རྒྱལ་སྤྱིའི་མཁའ་འགྲུལ་ལས་འཛོལ་བརྟག་དཔྱད་རྩ་འཛུགས་ཀྱི་རིགས་གཅིག་མཁས་ཅན་དང་འཐུས་མི་ལས་གྲུབ་པའི་མི་19ཡི་རང་ཚུགས་བརྟག་དཔྱད་ཚོགས་པ་བཙུགས་པ་རེད།
གཏན་འབེབས་ལ་གཞིགས་ན། གལ་སྲིད་བརྟག་དཔྱད་ཚོགས་པས་ཟླ་12ཀྱི་ནང་ཚུན་དུ་མཐའ་མའི་བརྟག་དཔྱད་ཀྱི་སྙན་ཞུ་ཡོངས་བསྒྲགས་བྱེད་མ་ཐུབ་ན་དོན་རྐྱེན་ཐོན་པའི་ལོ་འཁོར་རིམ་གྱི་ཉིན་མོར“དུས་དཀྱིལ་གསལ་བསྒྲགས”ཞིག་སྤེལ་ནས་བརྟག་དཔྱད་ལ་ཐོབ་པའི་གནས་ཚུལ་གསལ་བཤད་བྱེད་དགོས་ཀྱི་ཡོད།(རྩོམ་འགན་པ། རྟ་མགྲིན)