ཀྲུང་གོའི་བོད་ལྗོངས་དྲ་བ།>གསར་འགྱུར།

ཀྲེ་ཅང་ཉིང་པོའི་སློབ་མའི་ཁྲོད་ཨེ་ཛི་ཕོག་མཁན ༣༠ ལྷག་རྙེད། བཅུ་ཆ་བརྒྱད་ཕོ་ཕོ་རྟགས་མཐུན་ལས་བྱུང་།

2015-03-13 ཟླ་བ།
  ཁ་སང་ཀྲེ་ཅང་ཞིང་ཆེན་ཉིང་པོ་གྲོང་ཁྱེར་རིམས་འགོག་ལྟེ་གནས་ཀྱི་སྐད་འཕྲིན་སྤྱི་སྟེགས་ཁ་བྱང་ལ《སྤྱང་ཀི་སླེབས་བྱུང? ཉིང་པོ་གྲོང་ཁྱེར་སློབ་མའི་ཁྲོད་ཀྱི་ཨེ་ཛི་ནད་བབས》ཞེས་པའི་རྩོམ་ཡིག་ཅིག་སྤེལ།
  རྩོམ་ཡིག་ཏུ། ༢༠༡༤ ལོའི་ལོ་མཇུག་བར་དུ་ཉིང་པོ་གྲོང་ཁྱེར་གྱི་སློབ་གྲྭར་ཡོད་པའི་སློབ་མའི་ཁྲོད་ཨེ་ཛི་ཕོག་མཁན ༣༠ རྙེད་ཅིང་ཕལ་མོ་ཆེ་མཐོ་སློབ་སློབ་མ་ཡིན་འདུག་ལ། ༨༠ % ཡན་ཆོད་ནི་ཕོ་ཕོའི་རྟགས་མཐུན་ལུས་འབྲེལ་བརྒྱུད་པ་ལས་བྱུང་བ་རེད།
  ཉིང་པོ་གྲོང་ཁྱེར་རིམས་འགོག་ལྟེ་གནས་ཀྱི་མཚན་མའི་ནད་ཨེ་ཛི་འགོག་བཅོས་ཁང་གི་འགན་འཛིན་པ་ཀྲང་ཡན་གྱིས་ཆན་ཅང་དགོང་ཚགས་ཀྱི་གསར་འགོད་པར་སྨྲས་དོན། གཞི་གྲངས་སྐོར་འདི་སྤེལ་དགོས་དོན་ནི་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་ནམ་ཀྲུང་གོའི་རྒྱ་ནག་གསོ་རིག་ཚན་རིག་སློབ་གླིང་གི་ཨེ་ཛི་ནད་འགོག་བཅོས་ཞིབ་འཇུག་ལྟེ་གནས་ཀྱི་རྒྱུན་ལས་ཀྲུའུ་རེན་གཞོན་པ་ཝང་ཅན་གྱི་གྲོས་གཞི་བཏོན་སྐོར་གསར་ལམ་ཁག་ནས་མཐོང་ཞིང་། དེར ༢༠༡༤ ལོའི་ཟླ་བ་སྔ་མ ༡༠ ཡི་ནང་རྒྱལ་ཡོངས་སུ་ན་གཞོན་སློབ་མར་ཨེ་ཛི་ཕོག་པ ༢༠༨༢ རྙེད་ཅིང་ན་ནིང་དུས་མཉམ་ལས ༥༩.༡% འཕར་ཡོད་འདུག
  “མི་མང་པོ་ཞིག་གིས་སློབ་གྲྭ་ནི་བ་སོའི་མཆོད་རྟེན་རེད་སྙམ་བསྡད་ཡོད་པས་དོགས་ཟོན་ལྷོད་པ་རེད། ཉིང་པོ་ཡུལ་གྱི་གཞི་གྲངས་འདི་སྤེལ་དགོས་དོན་སློབ་ཕྲུག་དེ་རྣམས་ཀྱིས་རང་གིས་རང་ལ་གཅེས་སྤྲས་དང་ཡང་དག་པའི་མཚན་མའི་འདུ་ཤེས་འཛུགས་རྒྱུར་འབོད་སྐུལ་བྱ་ཆེད་ཡིན”ཞེས་ཀྲང་ཅན་གྱིས་བརྗོད།
  ཀྲང་ཅན་གྱིས་ཉིང་པོའི་གནས་ཚུལ་ལ་དབྱེ་ཞིབ་བྱས་རྗེས་འདི་ལྟར་འདོད་དེ། གཙོ་བོ་ཉིང་པོའི་སློབ་མའི་ཁྱུ་ཡི་གྲངས་འབོར་གཏོས་ཆེ་ལ་ཁྱད་པར་དུ་འདོད་པའི་དུས་ཀྱི་སློབ་ཆེན་པ་ཤིན་ཏུ་མང་བས་སྤྱི་ཚོགས་སྟེང་གི་ལུས་འབྲེལ་བྱ་རོགས་ངེས་མེད་དང་། རྟགས་མཐུན་ལུས་འབྲེལ་སོགས་ངན་སྤྱོད་ཞུགས་པ་ཡིན་ལ། གལ་སྲིད་རང་གིས་ལུས་འབྲེལ་ལ་རང་གཅུན་མ་ཐུབ་པའམ་ལུས་འབྲེལ་སྐབས་སྲུང་སྐྱོབ་ཐབས་ཤེས་མ་བཏང་བ་ཡིན་ཚེ། ཨེ་ཛི་ནད་ཕོག་ཉེན་ཆེ་བ་རེད།
  ཀྲང་ཅན་གྱིས“ཉིང་པོའི་སློབ་མའི་ཁྲོད་ཀྱི་ཨེ་ཛིའི་གནས་སྟངས་དེར་རིམས་འགོག་སྡེ་ཁག་གིས་བྱེད་ཐབས་ཕན་ལྡན་སྤྱད་ཟིན་ཏེ། དཔེར་ན། སློབ་གསོ་སྡེ་ཁག་སོགས་སྡེ་ཁག་གཞན་དང་མཉམ་འབྲེལ་གྱིས་སློབ་མར་དག་ལ་ཨེ་འགོག་དྲིལ་སྒྲོག་དང་བདེ་ཐང་གི་མཚན་མའི་འབྲེལ་བའི་སློབ་གསོ་གཏོང་རྒྱུ་དེ་ཡིན། དེ་ཡང་དྲིལ་སྒྲོག་བྱ་ཡུལ་དུ་མཐོ་སློབ་སློབ་མ་ཕུད་སློབ་འབྲིང་སློབ་མའང་ཡོད་དེ། ཚན་སྤེལ་གྱི་འབྲེལ་ཡོད་ཤེས་བྱ་སོགས་བརྒྱུད་ནས་ཁོ་ཚོར་ནར་སོན་དུས་ཨེ་ཛི་དང་བཀྱེད་དགོས་པའི་གསལ་འདེབས་བྱ་ཡིན། ཡང་སློབ་གྲྭ་དང་མཉམ་འབྲེལ་བྱས་ཏེ། ཨེ་ཛིའི་བརྟག་བཤེར་ལ་ཤུགས་རྒྱག་རྒྱུ་དང་། གཞན་ཡང་སློབ་མའི་ཁྲོད་ཀྱི་ཚོགས་པ་ཁག་དང་མཉམ་འབྲེལ་བྱས་ཏེ་ཨེ་འགོག་ལས་ཀ་བྱེད་རྒྱུ་ཡིན”ཞེས་ཟེར།(རྩོམ་འགན་པ། རྟ་མགྲིན)
འབྲེལ་ཡོད་རྩོམ་ཡིག