ཀྲུང་གོའི་གསར་འགྱུར་དྲ་བའི་ཟླ ༣ པའི་ཚེས ༡༦ ཉིན་གྱི་གློག་འཕྲིན། ཡུལ་དེའི་དུས་ཚོད་ཚེས ༡༤ ཉིན། རྒྱ་གར་གྱི་མངའ་སྡེ་ནུབ་བྷང་ག་ལ་རུ་ལོ་བདུན་ཅུ་བརྒལ་བའི་དགེ་སྒྲུབ་མ་ཞིག་ལ་སྐྱེས་པ་མང་པོའི་སྐོར་གཡེམ་ཐེབས་པ་དང་། ད་ལྟ་ཉེན་རྟོག་ཕྱོགས་ཁག་གིས་གྱོད་དོན་འདི་དང་འབྲེལ་བའི་སྐྱེས་པ ༨ འཛིན་བཟུང་བྱས་ཡོད་འདུག
ཡུལ་དེའི་དུས་ཚོད་ཚེས ༡༤ ཉིན། སྐྱེས་པ་ཁ་ཅིག་ལ་ནཱ་ཇ་ཐི་ཡི“ཡེ་ཤུ་དང་མ་ལི་ཡ”དགེ་སྒྲུབ་སློབ་གྲྭར་འཛུལ་ཏེ་འཕྲོག་བཅོམ་བྱས་པ་མ་ཟད། ལོ ༧༠ བརྒལ་བའི་དགེ་སྒྲུབ་མ་ཞིག་སྐོེར་གཡེམ་བྱས་འདུག ད་ལྟ་གནོད་འཚེ་ཕོག་མཁན་དགེ་སྒྲུབ་མ་དེ་ཀ་ལི་ཀ་ཏ་ཡི་སྨན་ཁང་ཞིག་ཏུ་ཡོད་པ་རེད།
ཚེས ༡༥ ཉིན། རྒྱ་གར་གྱི་ཡུལ་སོ་སོའི་ཆོས་ཁང་མང་དག་ཅིག་གིས་དགེ་སྒྲུབ་མའི་ཆེད་སྨོན་ལམ་བརྒྱབ་པ་དང་། ཀ་ལི་ཀ་ཏ་ཡི་ཆོས་དཔོན་ཆེ་མོས་དགེ་སྒྲུབ་ཁང་གི་བདེ་སྲུང་ལ་ཤུགས་རྒྱག་དགོས་ཚུལ་འབོད་སྐུལ་བཏང་། དུས་མཉམ་དུ་ནུབ་བྷང་ག་ལའི་སློབ་མ་མི་ཉུང་བ་ཞིག་གིས་རྔམ་སྟོན་ཁྲོམ་སྐོར་བྱས་ཡོད་འདུག
གྱོད་གཞི་བྱུང་སྐབས། སློབ་གྲྭའི་ལྟ་ཞིབ་སྐུད་ལམ་བརྙན་འཕྲིན་གྱིས་འཇབ་རྒོལ་མཁན་བརྙན་དུ་བླངས་ཡོད་པས། ཉེན་རྟོག་པས་དགེ་སྒྲུབ་ཁང་གི་སྐུད་ལམ་བརྙན་འཕྲིན་གྱིས་བརྙན་བླངས་པའི་པར་རིས་ཡོངས་བསྒྲགས་བྱས་ཤིང་། ཤེས་མཁན་ཡོད་ཡར་ཞུ་བྱས་ན་རུ་ཕི་ཁྲི ༡༠ རྔན་པ(དམངས་སྒོར་ཁྲི ༡ ཙམ)སྟེར་རྒྱུ་བྱས།
ཉེན་རྟོག་ཕྱོགས་ཀྱིས་བརྗོད་ན། འཕྲོག་བཅོམ་འདི་ནི་འཆར་གཞི་ཞིབ་ཚགས་བྱས་པ་ཞིག་ཡིན་པ་དང་། དགེ་སྒྲུབ་ཁང་དུ་འཛུལ་མཁན་གྱི་སྐྱེས་པ་ཚོའི་ལོ་ཚོད ༢༠ ནས ༣༠ ཡིན་པ་དང་། ཉུང་མཐའ་ཡང་མི་གཉིས་ལ་དྲག་ཆས་ཡོད་ཅིང་། གཞན་དག་ལ་འཕྲོག་བཅོམ་ཡོ་ཆས་སྤྲས་ཡོད་འདུག ད་ལྟ་རྒྱ་གར་མཉམ་འབྲེལ་ཉེན་རྟོག་པས་དོན་འདི་རྩད་ཞིབ་བྱེད་ཀྱིན་སྒང་རེད།(རྩོམ་འགན་པ། རྟ་མགྲིན)