ཀྲུང་གོའི་བོད་ལྗོངས་དྲ་བ།>གསར་འགྱུར།

རླུང་ཁམས་བཙོག་འགོག་བཤེར་འབྲས་དེ་ས་གནས་སྲིད་གཞུང་གི་དཔྱད་ཞིབ་གཞི་འཛིན་སར་བརྩི་རྒྱུ་ཡིན་ཟེར།

2015-03-23
   འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ ༣ ཚེས ༡༧ ཉིན་གློག་འཕྲིན་འབྱོར་གསལ། ཚེས༡༧ ཉིན་ཁོར་ཡུག་སྲུང་སྐྱོང་པུས་ཟླ་གསུམ་པའི་ཟླ་སྨད་དུ་པེ་ཅིང་དང་། ཐེན་ཅིན། ཧོ་པེ་བཅས་དང་དེ་བཞིན་མཐའ་འཁོར་ས་ཁུལ་དུ་རླུང་ཁམས་ཆེན་པོའི་སྦགས་བཙོག་འགོག་བཅོས་ཀྱི་ཆེད་དོན་ཞིབ་བཤེར་བྱ་རྒྱུ་ཡིན་ཞེས་བརྡ་ཁྱབ་བྱས་པ་རེད། སྔོན་དཔག་ལ་གཞིགས་ན། ཟླ་གསུམ་པའི་ཟླ་སྨད་དུ་པེ་ཅིང་དང་། ཐེན་ཅིན། ཧོ་པེ་བཅས་དང་དེ་བཞིན་མཐའ་འཁོར་ས་ཁུལ་གྱི་རྨང་གཞིའི་ཆ་རྐྱེན་ལ་གཞིགས་ན། རླུང་ཁམས་ཆེན་པོའི་སྦགས་བཙོག་ཁྱབ་སླ་པོ་མེད་པས་སྦགས་བཙོག་ཆེ་བའི་གནམ་གཤིས་བསྟན་སྲིད། ད་ཐེངས་ཆེད་དོན་ཞིབ་བཤེར་བྱེད་པའི་དམིགས་ཡུལ་ནི་ཁོར་ཡུག་སྦགས་བཙོག་གི་མི་མངོན་པའི་རྐྱེན་ངན་མེད་པར་བཟོས་ནས་རླུང་ཁམས་ཆེན་པོའི་ཁོར་ཡུག་བདེ་འཇགས་འགན་ལེན་བྱེད་ཆེད་ཡིན་པ་རེད།
   ཁོར་ཡུག་སྲུང་སྐྱོང་པུའུ་ཁོར་ཡུག་ལྟ་ཞིབ་ཅུས་ཀྱི་ཅུས་ཀྲང་ཙུའོ་ཧྲོའུ་མིང་གིས་ཆེད་དོན་ཞིབ་བཤེར་བྱེད་སྐབས་ས་གནས་གཙོ་བོར་བྱེད་པ་དང་། པེ་ཅིང་དང་། ཐེན་ཅིན། ཧོ་པེ་བཅས་གཙོ་གནད་དུ་བྱེད་པ་དང་འབྲེལ་མཐའ་འཁོར་ས་ཁུལ་ལ་གཅིག་ལྕོགས་ཞིབ་བཤེར་བྱ་རྒྱུ་ཡིན་པ་རེད། རླུང་ཁམས་ཆེན་པོའི་སྦགས་བཙོག་ཕྱིར་འབུད་ཁེ་ལས་ཁག་གི་ཁོར་ཡུག་སྲུང་སྐྱོང་གི་སྒྲིག་བཀོད་འཁོར་སྐྱོད་བྱེད་ཚུལ་དང་། སྦགས་བཙོག་དངོས་པོ་ཕྱིར་འབུད་བྱེད་ཚུལ། སྦགས་བཙོག་ཆེ་བའི་གནམ་གཤིས་ཀྱི་འཕྲལ་སྡོམ་སྔོན་ཇུས་བཟོ་བ་དང་ལག་བསྟར་བྱེད་ཚུལ། མང་ཚོགས་ཀྱིས་ཞུ་གཏུག་རྒྱག་པའི་གྱོད་གཞི་དང་གླེང་མང་བའི་ཁོར་ཡུག་སྐོར་གྱི་གནད་དོན་སྒྲུབ་ཚུལ་བཅས་ལ་ཞིབ་བཤེར་བྱ་རྒྱུ་རེད། ཆེད་དོན་ཞིབ་བཤེར་བྱེད་པའི་གཙོ་གནད་ཐོག་དམིགས་ཡུལ་ནི《ཁོར་ཡུག་སྲུང་སྐྱོང་བཅའ་ཁྲིམས》ཕྱོགས་ཡོངས་ནས་ལག་ལེན་བསྟར་བ་དང་། 《རླུང་ཁམས་ཆེན་པོའི་སྦགས་བཙོག་འགོག་བཅོས་བྱ་སྤྱོད་འཆར་གཞིའི》བྱ་ཐབས་ཁག་དོན་འཁྱོལ་ལ་ལྟ་སྐུལ་བྱས་ནས་པེ་ཅིང་དང་། ཐེན་ཅིན། ཧོ་པེ་བཅས་གཞོགས་འདེགས་ངང་འཕེལ་རྒྱས་གཏོང་བའི་འཐབ་ཇུས་དོན་འཁྱོལ་ལ་སྐུལ་འདེད་གཏོང་ཆེད་རེད་ཅེས་ངོ་སྤྲོད་བྱས་པ་རེད།
   བཀོད་སྒྲིག་གཞིར་བཟུང་། ཆེད་དོན་ཞིབ་བཤེར་བྱེད་སྐབས་རྒྱལ་ཁབ་ཀྱི་ལྟ་སྐུལ་ཞིབ་བཤེར་དང་མངའ་ཁུལ་གྱི་ལྟ་སྐུལ་དོ་དམ་དང་ཟུང་འབྲེལ་བྱེད་པ་དང་། ཞིབ་བཤེར་དང་དཔྱད་ཞིབ་ཟུང་འབྲེལ་བྱེད་པ། མངོན་བཤེར་དང་ལྐོག་བཤེར་ཟུང་འབྲེལ་བྱེད་པ། དུས་རྒྱུན་གྱི་སྐོར་བཤེར་དང་ཐོལ་བྱུང་ཞིབ་བཤེར་དང་ཟུང་འབྲེལ་བྱེད་པ་སོགས་ཀྱི་བྱ་ཐབས་ཐོག་ནས་ཞིབ་བཤེར་བྱ་རྒྱུ་ཡིན་པ་རེད། རྒྱལ་ཁབ་ཀྱིས་ལྟ་ཞིབ་ཚོགས་ཆུང་བཅུ་སྒྲིག་འཛུགས་ཀྱིས་གཙོ་གནད་ས་ཁུལ་ལ་ཞིབ་བཤེར་བྱས་ཏེ་སྲུང་སྐར་རྒྱང་ཚོར་དང་མི་མེད་གནམ་གྲུ་སོགས་སྤྱད་ནས་སྦགས་བཙོག་ཡོང་ཁུངས་གཏན་འཁེལ་བྱ་རྒྱུ་ཡིན་པ་དང་། ཞིབ་བཤེར་བྱས་འབྲས་དེ་ས་གནས་སྲིད་གཞུང་ལ་དཔྱད་ཞིབ་བྱེད་པའི་གཞི་འཛིན་སར་བརྩི་རྒྱུ་ཡིན་པ་རེད། ཞིང་ཆེན་རིམ་པའི་ཁོར་ཡུག་སྲུང་སྐྱོང་སྡེ་ཚན་གྱིས་གྲོང་ཁྱེར་དང་རྫོང་ལ་མཛུབ་ཁྲིད་དང་ལྟ་སྐུལ་བྱ་རྒྱུ་དང་། གྲོང་ཁྱེར་དང་རྫོང་རིམ་པའི་ཁོར་ཡུག་སྲུང་སྐྱོང་སྡེ་ཚན་གྱིས་ཆེད་དོན་ཞིབ་བཤེར་བྱ་རྒྱུ་ཡིན་པ་རེད། ཞིབ་བཤེར་བྱེད་སྐབས་དུས་ཚོད་གཏན་འཁེལ་མི་བྱེད་པ་དང་། སྔོན་བརྡ་མི་གཏོང་བ། སྙན་སེང་མི་ཉན་པ་བཅས་ཀྱི་ཐོག་ས་གནས་ས་ཐོག་ཏུ་ཐད་ཀར་སྐྱོད་པ་དང་། ཐད་ཀར་ལྟ་ཞིབ་བྱེད་པ། ཐད་ཀར་ཡོངས་བསྒྲགས་བཅས་བྱས་ནས་སྦགས་བཙོག་འགོག་བཅོས་ཀྱི་སྒྲིག་བཀོད་བེད་སྤྱོད་ཡག་པོ་མི་གཏོང་བ་དང་། ཚད་བརྒལ་ངང་སྦགས་བཙོག་ཕྱིར་འབུད་བྱེད་པ། སྦགས་བཙོག་ལྐོག་ཏུ་ཕྱིར་འབུད་བྱེད་པ་སོགས་ཁོར་ཡུག་གི་ཁྲིམས་འགལ་བྱེད་སྤྱོད་ལ་ཞིབ་གཅོད་ནན་པོ་བྱེད་པ་དང་ཁྲིམས་འཛིན་ཞིབ་བཤེར་ནན་པོ་བྱེད་པའི་རྣམ་པ་རྒྱུན་འཁྱོངས་བྱེད་རྒྱུ་ཡིན་པ་རེད།(རྩོམ་འགན་པ། རྟ་མགྲིན)
འབྲེལ་ཡོད་རྩོམ་ཡིག