འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཡུན་ནན་དྲ་བར་གནས་ཚུལ་སྤེལ་བ་གཞིར་བཟུང་། ཉེ་དུས་གསར་འགོད་པར་ཤེས་རྟོགས་བྱུང་བར། ད་ལོའི་ཟླ་6ཚེས་19ཉིན་ཡུན་ནན་བདེ་ཆེན་བོད་རིགས་རང་སྐྱོང་ཀྲོའུ་སེམས་ཀྱི་ཉི་ཟླ་རྫོང་དངོས་སུ་གྲོང་ཁྱེར་ལ་བསྒྱུར་རྒྱུ་དང་ཆབས་ཅིག་དབང་སྤྲོད་མཛད་སྒོའང་འཚོག་རྒྱུ་རེད།
ན་ནིང་ལོ་མཇུག་ཏུ་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་དམངས་སྲིད་པུའི་མཆན་འགོད་བཀའ་ལན་ལ་ཆོག་མཆན་སྤྲད་དེ་ཡུན་ནན་ཞིང་ཆེན་སེམས་ཀྱི་ཉི་ཟླ་རྫོང་གྲོང་ཁྱེར་ལ་བསྒྱུར་རྒྱུའི་མོས་མཐུན་བྱས་ཡོད། རྫོང་གྲོང་ཁྱེར་ལ་བསྒྱུར་རྗེས་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱི་སྲིད་འཛིན་མངའ་ཁོངས་ནི་དེ་སྔའི་སེམས་ཀྱི་ཉི་ཟླ་རྫོང་གི་སྲིད་འཛིན་མངའ་ཁོངས་ཡིན་ཞིང་། ཁོངས་གཏོགས་ཀྱི་འབྲེལ་བར་འགྱུར་ལྡོག་བཏང་མེད་པ་དང་གྲོང་ཁྱེར་སྲིད་གཞུང་རྒྱལ་ཐང་གྲོང་རྡལ་ཅིན་ཧྲ་ལམ་སྒོ་རྟགས་ཨང་22པར་གནས་ཡོད། རྒྱལ་སྲིད་སྤྱི་ཁྱབ་ཁང་གི“སྲུང་བྱ་རྣམ་གསུམ”གྱི་བླང་བྱ་གཞིར་བཟུང་། སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱིས་སྲིད་གཞུང་རང་བཞིན་གྱི་ཐོག་ཁང་དང་ཟ་ཁང་གསར་དུ་བརྒྱབ་མི་ཆོག་པ་དང་ནོར་སྲིད་བསྙེན་བཀུར་མི་སྣ་དང“གཞུང་གྲོན་གསུམ”གསར་དུ་སྣོན་ཆོག་གི་མེད་པ་རེད།
སེམས་ཀྱི་ཉི་ཟླ་རྫོང་གིས་རྫོང་གྲོང་ཁྱེར་ལ་བསྒྱུར་བའི་གོ་སྐབས་དང་བསྟུན་ནས“ཕུགས་འདུན་འགྲུབ་པའི་ས་ཆ། འཛམ་གླིང་གི་སེམས་ཀྱི་ཉི་ཟླ”ཞེས་པའི་བརྗོད་དོན་གཙོ་བོའི་བྱེད་སྒོ་རབ་དང་རིམ་པ་སྤེལ་རྒྱུར་སེམས་ཀྱི་ཉི་ཟླའི་ཟླ་ལྔ་པའི་རྟ་རྒྱུག་དུས་ཆེན་དང་། “ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་གིས་མཛེས་སྡུག་ལྡན་པའི་སེམས་ཀྱི་ཉི་ཟླ་འཛུཌ་སྐྲུན་བྱེད”ཅེས་པའི་བྱེད་སྒོ “མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་སྔོན་ཐོན་མཉམ་སྡེབ་དང་སྔོན་ཐོན་མི་སྒེར་དཔྱད་འདེམས”དེ་བཞིན“སེམས་ཀྱི་ཉི་ཟླ་རྫོང་གྲོང་ཁྱེར་ལ་བསྒྱུར་རྒྱུར་ཕྱག་རྟགས་འབུལ་བའི་ལས་གྲྭ”སོགས་ཀྱི་བྱེད་སྒོ་ཚུད་ཡོད། རྣམ་གྲངས་ཁག་གཅིག་ལས་འགོ་འཛུགས་པ་དང་། རྣམ་གྲངས་ཁག་གཅིག་ལས་མཇུག་སྒྲིལ་བ། རྣམ་གྲངས་ཁག་གཅིག་སྤྱོད་འགོ་འཛུགས་པ་བཅས་བྱས་ཏེ་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་ཅན་དུ་འགྱུར་བ་བྱེད་པའི་འཕེལ་རིམ་མགྱོགས་སུ་གཏོང་རྒྱུ་རེད།(རྩོམ་འགན་པ། རྟ་མགྲིན)