ཀྲུང་གོའི་བོད་ལྗོངས་དྲ་བ།>གསར་འགྱུར།

ཀྲུང་གོའི་སྤྱི་དམངས་571ཡེ་མེན་ནས་བདེ་འཇགས་ངང་ཕྱིར་འཐེན་བྱས།

2015-04-01
 
   ཤིན་ཧྭ་གསར་འགྱུར་ཁང་ཡེ་མེན་ཧོ་ཐའེ་ཏ་ནས་ཟླ་3ཚེས་30ཉིན་གློག་འཕྲིན་འབྱོར་གསལ། ཀྲུང་གོའི་མཚོ་དམག་མཚོ་འགྲུལ་སྲུང་སྐྱེལ་དཔུང་རུའི་སྲུང་སྐྱེལ་དམག་གྲུ་ཝུའེ་ཕང་དམག་གྲུར་ཚེས་30ཉིན་ཀྲུང་གོའི་སྤྱི་དམངས་449བླུགས་ནས་བདེ་འཇགས་ངང་ཡེ་མེན་ནུབ་རྒྱུད་ཀྱི་ཧོ་ཐའེ་ཏ་གྲུ་ཁ་ནས་ཕྱིར་འཐེན་བྱས་པ་དང་མིག་སྔའི་བར་ཕྱིར་འཐེན་བྱེད་དགོས་པའི་ཀྲུང་གོའི་སྤྱི་དམངས་571ཚང་མ་ཡེ་མེན་ནས་བདེ་འཇགས་ངང་ཕྱིར་འཐེན་བྱས་ཡོད་པ་རེད།
   ཚེས་29ཉིན་ཁག་དང་པོའི་མི་122ཕྱིར་འཐེན་བྱས་ནས་མིག་སྔར་བདེ་འཇགས་ངང་ཅི་པོའུ་ཐི་རུ་འབྱོར་བ་རེད།
   སྔོན་དཔག་བྱས་ནས་ཝུའེ་ཕང་དམག་གྲུ་ཚེས་31ཉིན་གྱི་ཐོ་རེངས་སུ་ཅི་པོའུ་ཐི་རུ་འབྱོར་རྒྱུ་ཡིན་པ་དང་ཕྱིས་སུ་ཀྲུང་གོ་ཕྱོགས་ཀྱི་མི་སྣ་ཅི་པོའུ་ཐིར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་ཁང་གི་བཀོད་སྒྲིག་འོག་རྒྱལ་ནང་དུ་རིམ་བཞིན་ལོག་རྒྱུ་རེད།
   ཡེ་མེན་དུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་བ་ཐན་ཆིས “ཏང་ཀྲུང་དབྱང་དང་།  རྒྱལ་སྲིད་སྤྱི་ཁྱབ་ཁང་།  ཀྲུང་དབྱང་དམག་ཨུད་བཅས་ཀྱིས་ཡེ་མེན་དུ་ཡོད་པའི་ཀྲུང་གོའི་སྤྱི་དམངས་ཀྱི་ཚེ་སྲོག་བདེ་འཇགས་ལ་ཚད་མཐོའི་མཐོང་ཆེན་གནང་ནས་ཀྲུང་གོ་སྲིད་གཞུང་གིས་ཡེ་མེན་དུ་ཡོད་པའི་རང་རེའི་སྤྱི་དམངས་ཕྱིར་འཐེན་བྱ་རྒྱུའི་བཀའ་བཏང་གནང་བ་རེད།
   ཟླ་3ཚེས་29ཉིན་དང་ཚེས་30ཉིན་ཡེ་མེན་དུ་ཡོད་པའི་ཀྲུང་གོའི་སྤྱི་དམངས་571ཁག་བགོས་ཀྱིས་ཡ་ཏེང་གྲུ་ཁ་དང་ཧོ་ཐའེ་ཏ་གྲུ་ཁ་ནས་ཀྲུང་གོའི་མཚོ་དམག་མཚོ་འགྲུལ་སྲུང་སྐྱེལ་དཔུང་རུ་ཁག་བཅུ་དགུ་པའི་ལིང་དབྱི་དམག་གྲུ་དང་ཝུའེ་ཕང་དམག་གྲུར་བསྡད་དེ་བདེ་འཇགས་དང་གོ་རིམ་ལྡན་པའི་ངང་ཡེ་མེན་ནས་ཕྱིར་འཐེན་བྱས་པ་དང་དེ་ནས་ཅི་པོའུ་ཐིའི་དམངས་སྤྱོད་མཁའ་འགྲུལ་གྱི་གནམ་གྲུར་བསྡད་དེ་རིམ་བཞིན་རྒྱལ་ནང་དུ་ལོག་རྒྱུ་རེད།  དེའི་ཐོག་ནས་ཀྲུང་གོ་སྲིད་གཞུང་གིས་མི་རྩ་བར་འཛིན་པ་དང་དམངས་ཆེད་ཕྱི་འབྲེལ་གྱི་སྲིད་སྐྱོང་འདུ་ཤེས་དང་། ཕྱི་རྒྱལ་དུ་ཡོད་པའི་རང་རེའི་སྤྱི་དམངས་ཀྱི་བདེ་འཇགས་སྲུང་སྐྱོང་བྱེད་པའི་ཆོད་སེམས།  བློ་ཐག་ཆོད་པོ་དང་ལས་ཆོད་ཆེ་བའི་སྲིད་སྐྱོང་སྟངས་དང་སྲིད་སྐྱོང་ཆུ་ཚད་བཅས་གང་ལེགས་མཚོན་ཡོད།  དེ་ནི་སྡེ་ཚན་ཁག་དབར་མཐུན་སྒྲིལ་རོགས་རེས་དང་ཐུན་མོང་འབད་བརྩོན་བྱས་པའི་འབྲས་བུ་ཡིན་ལ་ཀྲུང་གོའི་ཁྱད་ཆོས་ཀྱི་རྒྱལ་ཁབ་ཆེན་པོའི་ཕྱི་འབྲེལ་གྱི་ལག་ལེན་གལ་ཆེན་ཞིག་ཀྱང་ཡིན།  ཀྲུང་གོའི་མཚོ་དམག་མཚོ་འགྲུལ་སྲུང་སྐྱེལ་དཔུང་རུས་འཕྲལ་དུ་བཀའ་དང་དུ་བླངས་ནས་ལས་འགན་ཐུགས་གྲ་ལེགས་འགྲིག་ངང་ལེགས་སྒྲུབ་བྱས་པ་དེ་ཐོག་ནས ‘དམག་དམངས་ཁྱིམ་ཚང་གཅིག་ལྟར་བརྩི་བ’ གང་ལེགས་མཚོན་ཡོད” ཅེས་ངོ་སྤྲོད་བྱས་པ་རེད།(རྩོམ་འགན་པ། རྟ་མགྲིན)
 
འབྲེལ་ཡོད་རྩོམ་ཡིག