ཀྲུང་གོའི་བོད་ལྗོངས་དྲ་བ།>གསར་འགྱུར།

འཇར་མན་གྱི་རྐྱེན་ཤོར་གནམ་གྲུའི་ཁ་ལོ་བ་གཞོན་པར་ཡི་མུག་གི་ནད་ལྕི་མོ་ཡོད་མྱོང་སྐད་བརྗོད།

2015-04-02 ཨ་གུར།
འཇར་མན་གྱི་གཤོག་པའི་རྐྱེན་ཤོར་གནམ་གྲུའི་ཁ་ལོ་བ་གཞོན་པ་ལུའུ་པེ་ཚི།
   འཇར་མན་གྱི་གཤོག་པ་མཁའ་འགྲུལ་ཀུང་ཟིས་ཟླ3པའི་ཚེས31ཉིན་གསལ་བསྒྲགས་སྤེལ་རྒྱུར། འཇར་མན་གྱི་གཤོག་པའི་རྐྱེན་ཤོར་གནམ་གྲུའི་ཁ་ལོ་བ་གཞོན་པ་ལུའུ་པེ་ཚི་ཡིས2009ལོར་ཧན་ཧྲའི་ཁོངས་གཏོགས་མཁའ་བསྐྱོད་སློབ་གླིང་དུ་སློབ་སྦྱོང་བྱེད་དུས་ཁོར་སེམས་ཁམས་ཀྱི་ནད་དེ་ཡི་མུག་པའི་ནད་ལྕི་མོ་ཕོག་ཡོད་ཚུལ་སློབ་གླིང་ལ་བརྗོད་མྱོང་ཡོད་འདུག
   གསལ་བསྒྲགས་ལས་བརྗོད་རྒྱུར། ཧན་ཧྲ་མཁའ་འགྲུལ་ཀུང་ཟིས་ཏུའུ་སེར་ཏོ་ཧྥུ་གྲོང་ཁྱེར་ལ་ཁ་སྣོན་རྒྱུ་ཆ་མཁོ་སྤྲོད་བྱས་ལ། ལྷག་པར་དུ་རྐྱེན་ཤོར་གནམ་གྲུའི་ཁོ་ལོ་བ་གཞོན་པ་ལུའུ་པེ་ཚིའི་མཁའ་བསྐྱོད་སྦྱོང་བརྡར་གྱི་རྒྱུ་ཆ་དང་འབྲེལ་ཡོད་བདེ་ཐང་གི་རྒྱུ་ཆ་མཁོ་སྤྲོད་བྱས་ཏེ་མགྱོགས་མྱུར་ངང་འཇར་མན་གྱི་གཤོག་པའི་རྐྱེན་ཤོར་གནམ་གྲུའི་རྒྱུ་རྐྱེན་རྩད་གཅོད་ཞིབ་མོ་བྱ་ཐུབ་པ་བྱས་ཡོད། རྒྱུ་ཆ་དེ་དག་གི་ཁྲོད་དུ་ལུའུ་པེ་ཚི་དང་ཧན་ཧྲའི་ཁོངས་གཏོགས་སློབ་གླིང་བར་བསྐུར་བའི་གློག་རྡུལ་ཡིག་ཟམ་ཡང་འདུ་སྟེ། 2009ལོར་ལུའུ་པེ་ཚི་མཁའ་བསྐྱོད་སློབ་གླིང་གི་སློབ་མ་ཡིན་པའི་ཆ་ནས་སློང་གླིང་ལ་སྔོན་ཆད་ཁོར་སེམས་ཁམས་ཀྱི་ནད་དེ་ཡི་མུག་པའི་ནད་ལྕི་མོ་ཕོག་མྱོང་སྐད་བརྗོད། འོན་ཀྱང་ཞོར་དུ་ཁོས་སློབ་གླིང་ལ་མུ་མཐུད་དུ་མཁའ་བསྐྱོད་སྦྱོང་བརྡར་བྱེད་ཆོག་པའི་འབྲེལ་ཡོད་བདེ་ཐང་གི་རྒྱུ་ཆའང་ཡར་སྤྲད། 
   གསལ་བསྒྲགས་ལས་བརྗོད་རྒྱུར། ལུའུ་པེ་ཚི་མཁའ་བསྐྱོད་སློབ་གླིང་གི་སློབ་མ་ཡིན་དུས་སུ་ཟླ་བ་འགར་མཁའ་བསྐྱོད་སྦྱོང་བརྡར་གྱི་མཚམས་བཞག་མྱོང་ཞིང་། རྗེས་སུ་འབྲེལ་ཡོད་གསོ་རིག་གི་རྒྱུ་ཆས་ཁོ་རང་མཁའ་བསྐྱོད་ལ་འཚམས་པ་བདེན་དཔང་བྱས། 
   ཏུའུ་སེར་ཏོ་ཧྥུ་གྲོང་ཁྱེར་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་དཔོན་པོ་ཁྲུ་ལོན་པུ་ལིང་གིས་ཚེས30ཉིན་བདེན་དཔང་བྱེད་རྒྱུར། ལུའུ་པེ་ཚི་ལ་ལོ་མང་པོའི་སྔོན་དུ་རང་སྲོག་གཅོད་འདོད་པའི་སེམས་ཁམས་ཀྱི་ནད་ཕོག་སྟེ་དུས་ཡུན་རིང་བོ་ཞིག་ལ་སེམས་ཁམས་གསོ་བཅོས་བྱས་མོད། འོན་ཀྱང་ཉེ་བའི་ལོ་འདི་དག་རང་གི་ནད་བརྟག་བརྒྱུད་རིམ་ཁྲོད་ཁོ་ལ་རང་སྲོད་གཅོད་པའམ་མི་གཞན་ལ་གནོད་འདོད་པའི་སེམས་ཁམས་ཀྱི་ནད་རྟགས་ཅི་ཡང་ཡོད་མ་མྱོང་། 
   ཧྥ་རན་སི་རྒྱལ་ཁབ་མ་སེའི་ཞིབ་དཔྱོད་དཔོན་པོ་ལོ་པེ་ནི་ཡིས་ཚེས26ཉིན། འཇར་མན་གྱི་གཤོག་པའི་གནམ་གྲུ་སར་ལྷུང་དུས་ཁོ་ལ་བ་གཞོན་པ་ལུའུ་པེ་ཚི་གཅིག་པུ་གནམ་གྲུའི་ཁ་ལོ་སྒམ་ནང་བསྡད་ནས་གནམ་གྲུའི་ཁོ་ལོ་དཔོན་པོར་སྒོ་མ་ཕྱེས་པས། ཁ་ལོ་བ་གཞོན་པ་དེར་གནམ་གྲུ་བརླག་པའི་ཞེ་འདོད་ཡོད་པ་ཧ་ཅང་མངོན་གསལ་རེད། འོན་ཀྱང་མིག་སྔར་གནམ་གྲུ་སར་ལྷུང་བའི་དོན་རྐྱེན་འདི་འཇིགས་སྐུལ་འཇབ་རྒོལ་ཞིག་ཡིན་མིན་ད་རུང་ཐག་གིས་མི་ཆོད། ཅེས་བརྗོད་པ་དང་། དེར་བསྟུན་ཏུའུ་སེར་ཏོ་ཧྥུ་གྲོང་ཁྱེར་ཞིབ་དཔྱོད་ཁང་དང་ཉེན་རྟོག་ཕྱོགས་ཀྱིས་བརྟག་དཔྱད་བྱེད་མགོ་བརྩམས། 
   ཕྱོགས་གཞན་ཞིག་ནི། ཁག་ཐེག་ཀུང་ཟིས་འཇར་མན་གྱི་གཤོག་པ་མཁའ་འགྲུལ་ཀུང་ཟིའི་རྐྱེན་ཤོར་གནམ་གྲུའི་དོན་ལ་ཨ་སྒོར་དུང་ཕྱུར3གྱི་མ་དངུལ་གྲ་སྒྲིག་བྱས་ཏེ་སྐྱིན་ཚབ་སྤྲོད་པར་བཀོལ་འཆར་འདུག ཧན་ཧྲ་མཁའ་འགྲུལ་ཀུང་ཟིའི་མགྲིན་ཚབ་པ་ལན་པེ་ཏིས་ཉིན་དེར་ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་དུས་སུ་བཤད་རྒྱུར། གྲ་སྒྲིག་བྱས་པའི་མ་དངུལ་དེ་རྐྱེན་ཤོར་གནམ་གྲུའི་དོན་རྐྱེན་དང་འབྲེལ་བ་ཡོད་པའི་འགྲོ་གྲོན་ཚང་མར་བཀོལ་འཆར་ཡིན་ཏེ། དེར་རྐྱེན་ལམ་དུ་ཤོར་བའི་ཁྱིམ་ཚང་ལ་སྟོང་འཇལ་བ་དང་། རྐྱེན་ཤོར་གནམ་གྲུའི་ཁག་ཐེག རོགས་སྐྱོབ་དང་བདག་གཉོར་བྱེད་མཁན་གྱི་གླ་ཆ་སོགས་འདུ། 
   འཇར་མན《ཚོང་དོན་གསར་འགྱུར》གྱིས་ཉིན་དེར་གསར་འགྱུར་སྤེལ་ནས་བཤད་རྒྱུར། འབྲེལ་ཡོད་སྐྱིན་ཚབ་འཇལ་བའི་བརྒྱུད་རིམ་ལ་དུས་ཡུན་རིང་བོ་ཞིག་དགོས་པ་དང། རྐྱེན་ལམ་དུ་ཤོར་པའི་མི་སོ་སོའི་རྒྱལ་ཁབ་ཀྱི་ཁྲིམས་ལ་ཁྱད་པར་ཡོད་རྐྱེན། ཁག་ཐེག་ཀུང་ཟིའི་གྲ་སྒྲིག་བྱས་པའི་མ་དངུལ་དེ་སྔོན་ཆད་བྱུང་བའི་དོན་རྐྱེན་འདིའི་རིགས་ཀྱི་སྐྱིན་ཚབ་མ་དངུལ་ལས་མང་བ་ཡོད། 
   འདིའི་སྔོན་དུ། ཧན་ཧྲ་མཁའ་འགྲུལ་ཀུང་ཟིས་སར་ལྷུང་བའི་གནམ་གྲུའི་ནང་གི་རྐྱེན་ལམ་དུ་ཤོར་བའི་མིའི་ཁྱིམ་ཚང་ལ་སྐབས་མཁོའི་མ་དངུལ་སྤྲད་ནས་རོགས་རམ་བྱེད་མགོ་བརྩམས་ཤིང་། རྐྱེན་ལམ་དུ་ཤོར་བའི་མི་རེ་རེའི་ཁྱིམ་ལ་ཆེས་མང་ན་ཨ་སྒོར་ཁྲི5.4ཐོབ་ཐུབ། དོན་འདིར་ལན་པེ་ཏིས་བརྗོད་རྒྱུར། ཀུང་ཟིས་ད་སྔ་རིམ་པ་བཞིན་རྐྱེན་ལམ་དུ་ཤོར་བའི་མིའི་ཁྱིམ་ཚང་ལ་མ་དངུལ་དེ་མཁོ་སྤྲོད་བྱེད་བཞིན་པའི་སྒང་ཡིན་ཞིང་། མཁོ་སྤྲོད་ཀྱི་བརྒྱུད་རིམ་ཧྲིལ་བོ་ད་རུང་དུས་ཚོད་ཅུང་རིང་བོ་ཞིག་འགོར་ན་ད་གཟོད་ཡོངས་འགྲུབ་བྱ་ཐུབ། 
   དེ་མ་ཟད། ཧན་ཧྲ་མཁའ་འགྲུལ་ཀུང་ཟིས་ཉིན་དེར་གསལ་བསྒྲགས་སྤེལ་ཏེ། རྐྱེན་ཤོར་གནམ་གྲུའི་ནང་གི་རྐྱེན་ལམ་དུ་ཤོར་མཁན་ལ་བརྩི་འཇོག་བྱ་ཆེད་དུ་ཀུང་ཟིས་མ་གཞི་ཟླ4བའི་ཚེས15ཉིན་དུ་གཏན་ཁེལ་བྱས་པའི་ལོ60འགོར་བའི་རྟེན་འབྲེལ་མཛད་སྒོ་སྤེལ་རྒྱུ་མིན་ཞེས་བརྗོད། གསལ་བསྒྲགས་ལས་བརྗོད་རྒྱུར། འཇར་མན་རྒྱལ་ཁབ་ཀྱིས་ཟླ4བའི་ཚེས17ཉིན་ཁི་ལིང་ཆོས་ཁང་ཆེན་མོ་རུ་སར་ལྷུང་བའི་གནམ་གྲུའི་ནང་གི་རྐྱེན་ལམ་དུ་ཤོར་མཁན་ལ་མྱ་ངན་ཞུ་བའི་བྱེད་སྒོ་སྤེལ་རྒྱུ་ཡིན་ཞིང་། ཧན་ཧྲ་མཁའ་འགྲུལ་ཀུང་ཟིས་ལས་བཟོ་བར་བརྙན་འཕྲིན་ལས་ཡུལ་དངོས་ཐད་གཏོང་བྱས་ནས་དེ་གཏན་ཁེལ་བྱས་པའི་རྟེན་འབྲེལ་མཛད་སྒོའི་ཚབ་བྱ་རྒྱུ་རེད། 
   སི་ཕན་གྱི་པ་སེ་ལོ་ན་ནས་འཇར་མན་གྱི་ཏུའུ་སེར་ཏོ་ཧྥུ་ཕྱོགས་སུ་འཕུར་བའི་མཁའ་འགྲུལ་གནམ་གྲུA320ཚེས24ཉིན་ཧྥ་རན་སིའི་ལྷོ་ཕྱོགས་ཀྱི་རི་ཁུལ་ཞིག་ཏུ་ལྷུང་ཞིང་། གནམ་གྲུའི་སྟེང་གི་འགྲུལ་བ144དང་ལས་བྱེད་པ6ཚང་མ་རྐྱེན་ལམ་དུ་ཤོར། རྐྱེན་ཤོར་གནམ་གྲུ་དེ་འཇར་མན་གྱི་གཤོག་པ་མཁའ་འགྲུལ་ཀུང་ཟིའི་ཡིན་ཞིང་ལོ24འགོར་ཡོད། འཇར་མན་གྱི་གཤོག་པའི་སྤྱིའི་ཀུང་ཟི་དེ་ཁི་ལིང་དུ་ཡོད་ཅིང་འཇར་མན་ཧན་ཧྲ་མཁའ་འགྲུལ་ཀུང་ཟིའི་ཡན་ལག་ཀུང་ཟི་ཞིག་ཡིན།(རྩོམ་འགན་པ། རྟ་མགྲིན)
འབྲེལ་ཡོད་རྩོམ་ཡིག