ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ 4 ཚེས 1 ཉིན་གློག་འཕྲིན་འབྱོར་གསལ། ཚེས 1 ཉིན་ཕྱི་འབྲེལ་པུའི་མགྲིན་ཚབ་པ་ཧྭ་ཁྲུན་ཡིང་གིས་ཨུ་ཟ་བྷེ་ཁི་སི་ཐན་གྱི་ཙུང་ཐུང་འདེམས་བསྐོའི་སྐོར་ལ་ལན་སྐྱོན་སྐབས་ཀྲུང་གོ་ཕྱོགས་ཀྱིས་ཨུ་ཟ་བྷེ་ཁི་སི་ཐན་མི་དམངས་ཀྱི་གདམ་གར་བརྩི་འཇོག་བྱ་རྒྱུ་དང་ཀྲུང་ཨུའི་འབྲེལ་བ་རྒྱུན་ཆད་མེད་པར་མདུན་ཕྱོགས་སུ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་འདོད་ཡོད་ཅེས་བཤད་པ་རེད།
ཉིན་དེའི་ཕྱི་དྲོར་འཚོགས་པའི་ཕྱི་འབྲེལ་པུའི་གསར་འགོད་པའི་འཆར་ཅན་ཚོགས་འདུའི་ཐོག་ཧྭ་ཁྲུན་ཡིང་གིས། མིག་སྔར་ཨུ་ཟ་བྷེ་ཁི་སི་ཐན་གྱི་ཙུང་ཐུང་འདེམས་བསྐོ་བདེ་བླག་བྱུང་ཡོད། བསྡོམས་རྩིས་བྱས་འབྲས་རགས་ཙམ་ལ་གཞིགས་ན། ཙུང་ཐུང་ཁ་ལི་མོ་ཧྥུའུ་སླར་ཡང་འདེམས་ཐོན་བྱུང་ཡོད། ཀྲུའུ་ཞི་ཞིས་ཅིན་ཕིང་གིས་ཙུང་ཐུང་ཁ་ལི་མོ་ཧྥུའུ་ལ་རྟེན་འབྲེལ་གློག་འཕྲིན་གཏོང་གནང་བ་མ་ཟད་གོང་ཚེས་ཉིན་ཙུང་ཐུང་ཁ་ལི་མོ་ཧྥུའུ་དང་ཞལ་པར་བསྐྱོན་ནས་རྟེན་འབྲེལ་ཞུས་གནང་བ་རེད་ཅེས་བཤད་པ་རེད།
ཧྭ་ཁྲུན་ཡིང་གིས“ཀྲུང་གོ་ཕྱོགས་ཀྱིས་ཨུ་ཟ་བྷེ་ཁི་སི་ཐན་མི་དམངས་ཀྱི་གདམ་གར་བརྩི་འཇོག་དང་ཨུ་ཟ་བྷེ་ཁི་སི་ཐན་གྱིས་རང་རྒྱལ་ཁབ་ཀྱི་གནས་ཚུལ་དང་འཚམ་པའི་འཕེལ་རྒྱས་ཀྱི་ལམ་བུར་སྐྱོད་པར་རྒྱབ་སྐྱོར་བྱ་རྒྱུ་ཡིན། ཨུ་ཟ་བྷེ་ཁི་སི་ཐན་གྱིས་ཆབ་སྲིད་བརྟན་ལྷིང་དང་། དཔལ་འབྱོར་འཕེལ་རྒྱས་རྒྱུན་འཁྱོངས་བྱས་ཏེ་རྒྱལ་སྤྱིའི་ལས་དོན་ཁྲོད་ནུས་པ་དེ་བས་ཆེ་བ་འདོན་སྤེལ་བྱ་རྒྱུ་ཡིན་པར་ཡིད་ཆེས་ཡོད”ཅེས་བཤད་པ་རེད།
ཁོང་གིས་ཀྲུང་ཨུ་ནི་འཐབ་ཇུས་རོགས་ཟླ་ཡིན་པ་དང་ཀྲུང་ཨུའི་འབྲེལ་བ་ཐོག་མཐའ་བར་གསུམ་དུ་སྐྱོན་བྲལ་དང་མགྱོགས་མྱུར་ངང་འཕེལ་རྒྱས་འགྲོ་བའི་འཕེལ་ཕྱོགས་བཟང་པོ་རྒྱུན་འཁྱོངས་བྱས་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཨུ་ཟ་བྷེ་ཁི་སི་ཐན་ཕྱོགས་དང་མཉམ་དུ་རྒྱལ་ཁབ་གཉིས་ཀྱི་འགོ་ཁྲིད་པའི་དབར་གྱི་ཐུན་མོང་གི་ངོས་འཛིན་ཁག་དོན་འཁྱོལ་ཡག་པོ་བྱས་ནས་ཀྲུང་ཨུའི་འབྲེལ་བ་རྒྱུན་ཆད་མེད་པར་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་འདོད་ཡོད་ཅེས་བཤད་པ་རེད།(རྩོམ་འགན་པ། རྟ་མགྲིན)