【ས་ཆ་ཁ་ཤས་ཀྱིས་ཁོར་ཡུག་ལྟ་ཞིབ་ཚད་ལེན་ས་ཚུགས་ལ་ངན་སྐུལ་བྱས་ཏེ་གཞི་འཛིན་གྲངས་རྫུན་བཟོ་བྱས།】
ཁོར་ཡུག་སྲུང་སྐྱོབ་པུའུ་ཡི་པུའུ་ཀྲང་གཞོན་པཝུ་ཞའོ་ཆིང་གིས་དེ་རིང་གི་རྒྱལ་ཡོངས་ཁོར་ཡུག་ལྟ་ཞིབ་ཚད་ལེན་ཚོགས་འདུའི་ཐོག་ཞུ་རྒྱུར། ས་ཆ་ཁ་ཤས་ཀྱི་སྲིད་གཞུང་གིས་དཔྱད་ཞིབ་ཀྱི་གནོན་ཤུགས་ཇེ་ཡང་དུ་གཏོང་བ་དང་ཁོར་ཡུག་གི་སྤུས་ཀ་ཚད་གཞིར་ལོངས་ཆེད། སྲིད་འཛིན་དོ་དམ་སྡེ་ཁག་གིས་ལྟ་ཞིབ་ཚད་ལེན་ས་ཚུགས་ལ་རྒྱུན་དུ་ངན་སྐུལ་བྱས་ཏེ་ལྟ་ཞིབ་ཚད་ལེན་གྱི་གཞི་འཛིན་གྲངས་ཀ་རྫུན་བཟོ་བྱེད་ཀྱི་འདུག འདིས་སྲིད་གཞུང་དང་ཁོར་ཡུག་སྲུང་སྐྱོབ་སྡེ་ཁག དེ་མིན་ལྟ་ཞིབ་ཚད་ལེན་མ་ལག་དག་ལ་གནོད་པ་ཚབས་ཆེན་བཟོས་ཡོད་པ་རེད།
ཝུ་ཞའོ་ཆིང་གིས་ཕྱིར་བསྟན་པ་ལྟར་ན། ཀྲུང་དབྱང་འགོ་ཁྲིད་ཀྱིས་ལྟ་ཞིབ་ཚད་ལེན་གྱི་གཞི་འཛིན་གྲངས་ངེས་པར་དུ་འཕྱུགས་མེད་ཁུངས་ལྡན་ཡིན་དགོས་པ་དང་། ཁོར་སྲུང་གཞི་འཛིན་གྲངས་རྫུན་བཟོ་བྱེད་པའི་བྱ་སྤྱོད་ལ་རྡུང་རྡེག་དང་འདྲི་གཅོད་ནན་མོ་བྱེད་དགོས་པའི་རེ་བ་བཏོན། ད་སྔའི་ལྟ་ཞིབ་ཚད་ལེན་གྱི་གཞི་འཛིན་གྲངས་ཡང་དག་མིན་གྱི་གནད་དོན་ཐད་ལ་ངེས་པར་དུ་དོ་སྣང་དང་དོགས་ཟོན་བྱས་ཏེ་གཞི་འཛིན་གྲངས་དོན་དངོས་ཁུངས་ལྡན་ཞིག་འདོན་སྤྲོད་བྱེད་པ་ནི་ཁ་ཚ་དགོས་གཏུགས་ཀྱི་གནད་དོན་ཞིག་རེད།
【པེ་ཧང་ཀོང་ཧྲིན་གྱི་མཁའ་དབུགས་བཙོག་འགྱུར་གྱི་ཁུངས་གཙོ་བོ་རླངས་འཁོར་ཡིན་པ།】
ཝུ་ཞའོ་ཆིང་གིས་བཤད་རྒྱུར། མཁའ་དབུགས་རིལ་རྡུལ་གྱི་འབྱུང་ཁུངས་ཀྱི་དབྱེ་ཞིབ་སྐོར་ལ་གྲུབ་འབྲས་མི་དམན་པ་ཞིག་བླངས་ཡོད། མིག་སྔར་རིམ་པ་དང་པོ་སྟེ་གཙོ་གནད་གྲོང་ཁྱེར ༩ ཡི་བཙོག་འགྱུར་འབྱུང་ཁུངས་ཀྱི་དབྱེ་ཞིབ་བྱ་བ་ཡོངས་སུ་ལེགས་འགྲུབ་བྱུང་ཡོད་པ་རེད། ཞིབ་འཇུག་འབྲས་བུ་ལྟར་ན། རང་རྒྱལ་གྱི་གྲོང་ཁྱེར་མང་ཆེ་ཤོས་ཀྱི་མཁའ་དབུགས་རིལ་རྡུལ་གྱི་འབྱུང་ཁུངས་གཙོ་བོ་ནི་རླངས་འཁོར་དང་། བཟོ་ལས་ཐོན་སྐྱེད། སོལ་དུ། ཐལ་རྡུལ་སོགས་ལས་ཐོན་པ་དང་དེ་དག་གིས་ཧ་ལམ ༨༠% ནས་ ༩༠% ཟིན་གྱི་ཡོད། ནང་སྒོས་སུ་པེ་ཅིང་དང་། ཧང་ཀྲུའུ། ཀོང་ཀྲུའུ། ཧྲིན་ཀྲུན་བཅས་ཀྱི་བཙོག་འགྱུར་འབྱུང་ཁུངས་ནི་རླངས་འཁོར་ཡིན་པ་དང་། ཧྲི་ཅ་ཀྲུང་དང་ནན་ཅིན་གཉིས་ཀྱི་བཙོག་འགྱུར་འབྱུང་ཁུངས་གཙོ་བོ་ནི་སོལ་དུ་རེད། དེ་མིན་བཙོག་འགྱུར་འབྱུང་ཁུངས་ཐལ་རྡུལ་དང་བཟོ་ལས་ཐོན་སྐྱེད་ཡིན་པའི་གྲོང་ཁྱེར་ཐེན་ཅིན་དང་ཧྲང་ཧེ། ཉིན་པོ་ལྟ་བུའོ།།
ད་ལོར། རང་རྒྱལ་གྱིས་མུ་མཐུད་དུ་མཁའ་དབུགས་བཙོག་འགྱུར་ལྟ་ཞིབ་ཚད་ལེན་གྱི་མ་ལག་འཛུགས་བསྐྲུན་དང་རིལ་རྡུལ་ཡོངས་ཁུངས་ཀྱི་དབྱེ་ཞིབ་བྱ་བའི་ཐད་ལ་ཤུགས་སྣོན་རྒྱག་མུས་ཡོད། ཟླ ༡༠ བའི་ཟླ་མཇུག་སྔོན་ལ་ཞིང་ཆེན་རེ་རེའི(ས་ཁུལ། གྲོང་ཁྱེར)ཞིང་ཆེན་གྱི་ལྟེ་གནས་དང་འཆར་གཞིའི་ཁྲོད་ཀྱི་གྲོང་ཁྱེར་བཅས་ཀྱིས་མཁའ་དབུགས་སྤུས་ཚད་བཟང་མིན་གྱི་སྔོན་བརྡ་དང་ཉེན་བརྡའི་མ་ལག་ཡོངས་སུ་འཛུགས་སྐྲུན་བྱེད་རྒྱུ་དང་། ཟླ ༡༡ པའི་ཟླ་མཇུག་སྔོན་ལ་པེ་ཅིང་དང་ཐེན་ཅིན། ཧྲང་ཧེ་སོགས་ཚོད་ལྟ་གྲོང་ཁྱེར་ ༡༣ ལྷག་ལ་འབུད་སྐྱུར་ཞིབ་ཐོ་སྒྲིག་པ། ལོ་མཇུག་སྔོན་ལ། རིམ་པ་གཉིས་པ་སྟེ་གཙོ་གནད་གྲོང་ཁྱེར ༢༦ གི་བཙོག་འགྱུར་འབྱུང་ཁུངས་ཀྱི་དབྱེ་ཞིབ་བྱ་བ་ཡོངས་སུ་ལེགས་འགྲུབ་བྱེད་རྒྱུ་དེ་ཡིན།