ཀྲུང་གོའི་བོད་ལྗོངས་དྲ་བ།>གསར་འགྱུར།

ཐང་གའི་སྒྱུ་རྩལ་རྒྱུན་འཛིན་དང་འཕེལ་རྒྱས་དེ་ལོ་རྒྱུས་ཀྱི་དུས་སྐབས་བཟང་ཤོས་སུ་སླེབས།

2015-04-07
   ཤིན་ཧྭ་གསར་འགྱུར་ཁང་ལྷ་ས་ནས་ཟླ 4 ཚེས 5 ཉིན་གློག་འཕྲིན་འབྱོར་གསལ། ཚེས་5ཉིན་གྱི་སྔ་དྲོ་བོད་བརྒྱུད་ནང་བསྟན་གྱི་ལོ་རྒྱུས་མི་སྣ་དང་མི་སྣའི་ལོ་རྒྱུས་མཚོན་པའི་ཐང་ག་རེ་རེ་བཞིན་བོད་རང་སྐྱོང་ལྗོངས་མང་ཚོགས་སྒྱུ་རྩལ་ཁང་དུ་འགྲེམས་སྟོན་བྱས་པ་རེད། ཀརྨ་སྒར་བྲིས་ལུགས་ཀྱི་མཚོན་བྱེད་རང་བཞིན་གྱི་རྒྱུན་འཛིན་པ་ན་གཞོན་ལྷ་རིས་པ་བློ་གྲོས་བག་གྲོའི་སྲོལ་རྒྱུན་དང་གསར་གཏོད་ཟུང་དུ་འབྲེལ་བའི་ཐང་ག་འབྲི་རྩལ་དང་ཚོན་མདངས་བཀྲ་ལ་ཞིབ་ཅིང་ཕྲ་བའི་ཚོན་མདོག་ལ་ལྟ་སྐོར་བ་བརྒྱ་ཕྲག་ཡིད་དབང་འཕྲོག
   “ཉེ་བའི་ལོ་ཤས་རིང་གངས་ལྗོངས་ས་མཐོའི་ཐང་གའི་སྒྱུ་རྩལ་རྒྱུན་འཛིན་དང་འཕེལ་རྒྱས་དེ་ལོ་རྒྱུས་ཀྱི་དུས་སྐབས་བཟང་ཤོས་སུ་སླེབས་ཡོད་ཅེས་བརྗོད་ཆོག ལྷག་དོན་དུ་རི་མོ་འབྲི་རྩལ་དང་སྒྱུ་རྩལ་གྱི་ཆུ་ཚད་དེ་མཐོ་ཚད་གསར་པ་ཞིག་ཏུ་སླེབས་ཡོད”ཅེས་བོད་རང་སྐྱོང་ལྗོངས་རིག་གནས་ཐིང་རིག་གནས་ཐོན་ལས་ཁྲུའུ་ཡི་ཁྲུའུ་ཀྲང་ཉི་མ་ཚེ་རིང་གིས་བཤད། ཁོང་གིས་ལྗོངས་དེ་ཡོངས་སུ་ཁེར་རྐྱང་ངང་ཐང་ག་བཞེངས་ཐུབ་པའི་ལྷ་རིས་པ 1000 ལྷག་ཙམ་ཡོད་པ་མ་ཟད། ལོ་ན་རྒན་དར་གཞོན་གསུམ་གང་ཡང་ཡོད། ལོ་ཉེར་བདུན་ཉེར་བརྒྱད་ནས་ལོ་སོ་བདུན་སོ་བརྒྱད་བར་གྱི་ན་གཞོན་མི་རབས་དེ་དག་མི་གྲངས་མང་ཤོས་དང་བརྩམས་ཆོས་ཕུན་སུམ་ཚོགས་ཤོས་ཀྱི་རྐང་འཛིན་ཚོགས་སྤྱིར་གྱུར་ཡོད་ཅེས་བཤད་པ་རེད།
   ལོ 32 ལ་སླེབས་པའི་བློ་གྲོས་བག་གྲོས“ཚེས 5 ནས་ཚེས 7 ཉིན་བར་བོད་རང་སྐྱོང་ལྗོངས་མང་ཚོགས་སྒྱུ་རྩལ་ཁང་དུ་འགྲེམས་སྟོན་བྱས་པའི་ཐང་ག 44 དེ་དག་ནི་ལོ་བཅུ་ལྷག་ཙམ་རིང་གི་རང་ཉིད་ཀྱི་གྲུབ་འབྲས་གཙོ་བོ་ཡིན། དེའི་ནང་རྒྱ་གར་གྱི་མཁས་པ་ཆེན་པོ 84 ཡི་ལོ་རྒྱུས་མཚོན་པའི་ཐང་ག་ཆ་ཚང 29 ཡོད་པ་དེ་དག་ད་ཆ་སེ་ར་དགོན་དུ་ཉར་ཚགས་བྱས་ཡོད། གཞན་ཡང་ཐང་ག《སྒྲོལ་ལྗང》དེ་མི་སྒེར་གྱིས་ཉར་ཚགས་བྱས་ཡོད”ཅེས་བཤད།
   བློ་གྲོས་བག་གྲོས་ལྷ་རིས་པ་རྒན་གྲས་དང་བསྡུར་ཚེ་ད་ལྟའི་ན་གཞོན་ལྷ་རིས་པར་གོ་སྐབས་སྔར་བས་མང་བ་ཡོད་པ་མ་ཟད། ཆ་རྐྱེན་ཡང་སྔར་བས་ལེགས་པ་ཡོད། དྲ་སྦྲེལ་དང་དཔྱད་ཡིག་མཛོད་ནང་ན་གཞོན་ཚོས་ལོ་རྒྱུས་ཡུན་རིང་ལྡན་པའི་རིག་དངོས་རིམ་པའི་ཐང་ག་མཐོང་རྒྱུ་ཡོད་ལ། རྒྱང་རིང་ལུང་ཁུག་དགོན་སྡེའི་ལྡེབས་རིས་ཀྱི་པར་ཡང་མཐོང་རྒྱུ་ཡོད། དེ་ནི་ལྷ་རིས་པ་རྒན་གྲས་ཚོ་འཚར་ལོངས་ཀྱི་དུས་སུ་བསམ་ཡུལ་ལས་འདས་པ་ཞིག་རེད་ཅེས་བཤད།
   “དེ་སྔོན་བཀག་སྡོམ་ཆེ་བའི་དུས་སུ་ཕུལ་བྱུང་ཐང་གའི་འབྲི་རྩལ་སློབ་སྦྱོང་དང་དཔྱད་གཞིར་འཛིན་པའི་གོ་སྐབས་མེད། འགྲིམ་འགྲུལ་སྟབས་བདེ་དང་དྲ་བ་འཕེལ་རྒྱས་ཆེ་བའི་དེང་གི་དུས་སུ་ཕུལ་བྱུང་ཐང་ག་དེ་དག་ལྟ་བར་ཧ་ཅང་སྟབས་བདེ་པོ་ཡོད་པས་ཐང་གའི་རྒྱུན་འཛིན་པ་དང་ལྷག་དོན་དུ་ན་གཞོན་ལྷ་རིས་པ་ཚོར་ཕན་པ་ཧ་ཅང་ཆེན་པོ་ཡོད”ཅེས་བོད་རང་སྐྱོང་ལྗོངས་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོབ་ལྟེ་གནས་ཀྱི་ཀྲུའུ་རེན་གཞོན་པ་ངག་དབང་བསྟན་འཛིན་གྱིས་བཤད། ཁོང་གིས་ཉེ་བའི་ལོ་ཤས་རིང་ཐོན་པའི་ན་གཞོན་ལྷ་རིས་པ་དེ་དག་གིས་བློ་ཁོག་ཆེན་པོས་གསར་གཏོད་དང་། གཞན་གྱི་ལེགས་ཆ་བསྡུ་ལེན། ལུགས་མི་འདྲ་བ་དང་ཐ་ན་རྒྱལ་ཁབ་ཕྱི་ནང་གི་གཞི་རྒྱུ་བསྡུ་ལེན་བཅས་བྱས་ནས་ཐང་ག་རྒྱུན་འཛིན་བྱེད་རིང་གསར་གཏོད་འཕེལ་རྒྱས་གཏོང་བར་གསོན་ཤུགས་གསར་པ་སྣོན་བཞིན་ཡོད་ཅེས་བཤད།
   ལོ་7ནས་པ་ཕ་དང་མཉམ་དུ་ཐང་གའི་འབྲི་རྩལ་སྦྱངས་བའི་བློ་གྲོས་བག་གྲོས་ལོ 11 འབད་བརྩོན་ལྷོད་མེད་བྱས་པ་བརྒྱུད་གཞི་ནས་ཐང་གའི་འབྲི་རྩལ་སྤྱིར་ན་ཁོང་དུ་ཆུད་པ་དང་དེ་རྗེས་སླར་ཡང་ལོ་གཉིས་ཆེད་མངགས་ཚོན་སྦྱོར་དང་ཚོན་གཏོང་ལག་རྩལ་གྱི་དགེ་རྒན་བསྟན་པས་གཞི་ནས་ཁེར་རྐྱང་དུ་བྱང་ཆུབ་པའི་ངང་ཐག་ག་བཞེངས་ཐུབ་པར་གྱུར།
   “ན་གཞོན་དེ་ཚོ་འཚར་ལོངས་ཡོང་བ་མཐོང་སྐབས་བོད་ཀྱི་ཐང་ག་མི་ཉམས་གོང་འཕེལ་གཏོང་བར་མདུན་ལམ་ཧ་ཅང་བཟང་པོ་འདུག་བསམ་གྱི་འདུག”ཅེས་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་སྨན་ཐང་ལུགས་ཀྱི་རྒྱུན་འཛིན་པ་བོད་ལྗོངས་སློབ་ཆེན་སྒྱུ་རྩལ་སློབ་གླིང་མཛེས་རིས་ཚན་ཁག་གི་མཛེས་རིས་ཆེད་ལས་ཀྱི་དགེ་རྒན་ཆེ་མོ་བ་བསྟན་པ་རབ་བརྟན་གྱིས་བཤད་པ་དང་ཁོང་གིས་བློ་གྲོས་བག་བྲོ་ཚུད་པའི་ན་གཞོན་ལྷ་རིས་པ་མང་པོ་ཞིག་གི་ཐང་གའི་འབྲི་རྩལ་བྱང་ཆུབ་པ་དང་ཚོན་གཏོང་སྟངས་ཧ་ཅང་རན་པོ་ཡོད་པས་ཁོང་ཚོས་འབད་བརྩོན་བྱེད་ལུགས་མཚོན་ཐུབ་ཅེས་བཤད་པ་རེད།
   ཉི་མ་ཚེ་རིང་གིས་གསར་འགོད་པར་དེང་སྐབས་ལྗོངས་ཡོངས་ཀྱི་ཐང་གའི་ཐོན་ལས་ཀྱི་ལོའི་ཐོན་རྫས་རིན་ཐང་སྒོར་ཁྲི 2000 ལྷག་ཙམ་ཟིན་པ་དང་ཁེ་ལས་གསུམ་གྱིས་ད་དུང་ཡོན་མི་དགོས་པར་དགེ་ཕྲུག་གསོ་སྐྱོང་བྱེད་ཀྱི་ཡོད། སྤུས་དག་ཐང་ག་ཁག་གཅིག་གི་ཕྱིར་ཚོང་རིན་གོང་སྒོར་ཁྲི་བརྒྱ་ལྷག་ཙམ་ཟིན་གྱི་ཡོད། མི 70 ནི་བོད་རང་སྐྱོང་ལྗོངས་ཀྱི་རིམ་པ་དང་པོ་དང་གཉིས་པའམ་ཡང་ན་གསུམ་པའི་ལྷ་རིས་པར་གྱུར་བ་དེའི་ནང་ན་གཞོན་མང་པོ་ཡོད། 2020 ལོར་མི 100 དེའི་ནང་ཚུད་རེ་ཡོད་ཅེས་བཤད་བྱུང་།
   ད་ལྟ་དགེ་ཕྲུག 17 ཡོད་པའི་བློ་གྲོས་བག་གྲོས་ན་ནིང་ལེགས་གྲུབ་ཟིན་པའི་རང་ཉིད་ཀྱི་ཐང་ག་ལེགས་ཤོས《སྒྲོལ་ལྗང》མདུན་དུ་ལངས་ནས་སྒེར་གྱི་ཉར་ཚགས་པར་བཞེངས་པའི་ཐང་ག་འམ་ཡང་ན་རྟེན་རྫས་བཤམས་མཛོད་ཁང་དང་དགོན་སྡེར་བཞེངས་པའི་ཐང་ག་གང་ཞིག་ཡིན་རུང་བློ་རྩེ་གཅིག་སྒྲིམ་བྱེད་དགོས། ད་ཆ་རྒྱལ་ཁབ་ཕྱི་ནང་དུ་ཐང་ག་སྐད་གྲགས་ཇེ་ཆེར་འགྲོ་བཞིན་ཡོད་པས་ན་གཞོན་ལྷ་རིས་པ་ཚོས་གནའ་བོའི་སྒྱུ་རྩལ་དེའི་ཆེད་ནུས་ཤུགས་ཡོད་རྒུ་འདོན་རྒྱུའི་རེ་བ་ཡོད་ཅེས་བཤད་པ་རེད།(རྩོམ་འགན་པ། རྟ་མགྲིན)
འབྲེལ་ཡོད་རྩོམ་ཡིག